འཇམ་དབྱངས།
གླེང་བསླང་བ།
མི་རིགས་ཤིག་ལ་མཚོན་ན་སྟོབས་ཤུགས་དང་སྤོབས་པ་ནི་ནམ་ཡང་ཚེ་སྲོག་ལྟར་གལ་ཆེན་དུ་གྱུར་ཡོད་ཀྱང་། སྟོབས་ཤུགས་ཀྱི་རྨང་གཞི་དང་སྤོབས་པའི་གཞི་རྩ་མི་འདྲ་བ་ཡོད་ངེས། རང་རེས་བོད་ལ་མཚོན་ནའང་གནའ་ནས་ད་བར་ཆོས་སྲིད་གཉིས་ཀའི་འགན་འཁྱེར་ཐུབ་པའི་དབུ་ཁྲིད་ཅིག་ལ་བློ་བདེ་བཅོལ་ཡོད་པར་མ་ཟད། ལྷག་དོན་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་ནང་གི་བོད་མི་རིགས་ཀྱི་སྟོབས་ཤུགས་དང་སྤོབས་པའི་རྨང་གཞི་ནི། རྒྱུས་མངའ་ལྟར་གཞིས་ལུས་བོད་མི་རྒན་བྱིས་གཞོན་གསུམ་མགྲིན་དབྱངས་གཅིག་གྱུར་གྱིས་སྙིང་དབུས་ན་ཉི་མ་ལྟར་འཚེར་ཞིང་ཟླ་འོད་ལྟར་གསལ་བའི་སྐྱེ་བུ་གང་ཞིག་དྲན་པའི་གདུང་བ་དབྱངས་སུ་གྱེར་ཞིང་། སང་ཉིན་ལས་དེ་རིང་དང་། དེ་རིང་ལས་ད་ལྟ་རང་མཇལ་འདོད་ཀྱི་འདུན་པ་ལྡོག་ཏུ་མེད་ཅིང་། དད་འདུན་ཡོད་ཚད་བཅང་སའི་སྐྱེ་བུ་གཅིག་པུ་དེ་ཡིན་པ་ཤེས་ཐུབ།
༧གོང་ས་མཆོག་གི་ཐག་གཅོད།
རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་ལོ་བཅུ་ཕྱིན་པའི་རྗེས་སུ་“བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་གཞུང་ཇི་འདྲ་ཞིག་འཛུགས་མིན་ནི་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད། ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་པ་མེད། མ་འོངས་པའི་བོད་ཀྱི་ཐག་གཅོད་ནི་བོད་མི་མང་རང་གིས་བྱེད་ངེས་ཡིན།” ཞེས་༧གོང་ས་མཆོག་གིས་རང་གི་དབུ་སྟེང་དུ་བབས་པའི་ཆབ་སྲིད་ཀྱི་འགན་ཁྲི་ལ་འགྱུར་བ་གཏོང་རྒྱུའི་ཆོད་སེམས་གསལ་པོར་བསྟན་ཅིང་། དེའི་རྗེས་སུ་ཁ་ཇེ་གསལ་ནས་ཇེ་གསལ་དུ་བཏང་སྟེ་མ་འོངས་བོད་ཀྱི་ཆབ་སྲིད་གྱི་འགན་ཁྲི་དེ་མི་མང་གིས་འདེམས་ཐོན་བྱུང་བའི་སྐྱེ་བོ་དེར་རྩིས་སྤྲོད་རྒྱུའི་ཐག་གཅོད་གནང་ཡོད། ཡིན་ན་ཡང་ད་ལོའི་སུམ་དུས་ཉིན་གྱི་གསུང་འཕྲིན་དང་གསུམ་པའི་བཅུ་གཅིག་ཉིན་གྱི་གསུང་འཕྲིན། གསུམ་པའི་བཅུ་དགུའི་ཉིན་གྱི་བཀའ་སློབ་བཅས་ལས་འདི་ལྟར་ཐུགས་ཐག་བཅད་པའི་གནས་ཚུལ་མཐོང་ཐོས་བྱུང་ཚེ། བོད་མི་རིགས་ཀྱི་ངོས་ནས་ཇི་ལྟར་ངོས་ལེན་བྱེད་དགོས་པ་དང་། ཇི་ལྟར་ཐག་གཅོད་བྱེད་དགོས་པ། ཇི་ལྟར་ལན་འདེབས་བྱེད་དགོས་པ་སོགས་དྲི་རྟགས་སྣ་ཚོགས་ཤིག་གིས་ཧ་ཅང་འཐོམ་ཞིང་རྨོངས་པར་གྱུར།
ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་པའི་དུས་ཚོད།
༧གོང་ས་མཆོག་གིས་ནམ་ཞིག་རང་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་བྱེད་རྒྱུའི་ཐུགས་ཐག་བཅད་ཡོད་པ་དངོས་བདེན་ཡིན་པར་མ་ཟད། དུས་ནམ་ཞིག་ལ་དང་ཆབ་སྲིད་ཀྱི་དབུ་ཁྲིད་སུ་འདྲ་ཞིག་ལ་རྩིས་སྤྲོད་རྒྱུའི་སྐྱ་ཐིག་ཅིག་ཀྱང་སྔོན་ནས་བཏབ་འདུག་པ་ལྟར་བྱས་ན། མ་འོངས་པར་བཙན་བྱོལ་གཞུང་མང་བོད་ལ་ལོག་པའི་ཉིན་དེར་བར་བརྒལ་སྲིད་གཞུང་ཞིག་བཙུགས་པ་དང་ཆབས་ཅིག མི་མང་གིས་འོས་འདེམས་བྱས་པའི་སྲིད་འཛིན་སུ་ཡིན་དེར་གཟོད་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་གནང་རྒྱུ་ཡིན་ཏེ་ “བར་བརྒལ་གྱི་དུས་ཡུན་རིང་ཆབ་སྲིད་དབང་འཛིན་བྱེད་པོ་སྲིད་འཛིན་གཅིག་བསྐོ་བཞག་བྱ་རྒྱུ་དང་། བསྐོ་བཞག་བྱས་པ་དེར་ངོས་ཀྱི་ཆབ་སྲིད་འགན་ཁུར་ཡོངས་རྫོགས་རྩིས་སྤྲོད་བྱ་རྒྱུ་ཡིན།” ཅེས་གསལ་བར་ཁོད་པས་ཤེས་ཐུབ་སྙམ།
༧གོང་ས་མཆོག་གི་མཚོན་དོན།
༧གོང་ས་མཆོག་ནི་འཛམ་གླིང་འདིར་ཆོས་ལུགས་འདྲ་མིན་དང་མི་རིགས་སྣ་ཚོགས་ཡོད་པ་རྣམས་ཀྱི་མཐུན་སྒྲིལ་དང་ཞི་བདེའི་དཔེ་མཚོན། འཚེ་མེད་ཞི་བའི་ལམ་སྟོན་པ། ཆེས་གུ་ཡངས་པའི་ཆབ་སྲིད་ཀྱི་བསམ་བློ་བ་གཅིག་པུ་དེ་ཡིན་པར་ངོས་འཛིན་དང་སྦྲགས། འཛམ་གླིང་མི་མང་གི་ངོས་ནས་ཀྱང་ཆོས་ལུགས་རིས་མེད་དང་རྒྱལ་མཚམས་མེད་པའི་དབུ་ཁྲིད་ཡང་དག་པ་ཞིག་ཏུ་བརྩི་བཀུར་ཞུ་བཞིན་ཡོད། དེ་མཚུངས་བོད་མི་རིགས་ལ་མཚོན་ན་ཡང་༧གོང་ས་མཆོག་ནི་གཉན་ཕྲང་ཅན་གྱི་ལོ་ཟླ་དེ་དག་གི་ནང་ཆོལ་གསུམ་ཆིག་སྒྲིལ་དང་། ཆོས་ལུགས་མཐུན་སྒྲིལ། རིག་གཞུང་སྲུང་སྐྱོབ། ཤེས་ཡོན་གསར་གཏོད་སོགས་བོད་དང་བོད་མི་རིགས་ཀྱི་བླ་སྲོག་ཡིན་པར་མ་ཟད། རྒྱལ་སྤྱིའི་གནས་བབ་ཀྱི་ངོས་ནས་ཀྱང་བོད་མི་རིགས་ཀྱི་ཚབ་མཚོན་ཐུབ་པའི་སྐྱེ་བུ་ཉག་གཅིག་དེ་ཆགས་ཡོད།
མ་འོངས་པའི་སྐུ་དབང་།
༧གོང་ས་མཆོག་ནི་རྒྱལ་སྤྱིའི་གནས་བབ་ཀྱི་ངོས་ནས་བོད་དང་བོད་མི་རིགས་ཀྱི་ཚབ་མཚོན་དང་། བོད་ཀྱི་གནས་བབ་ཀྱི་ངོས་ནས་བོད་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཀྱི་ཚབ་མཚོན་ཐུབ་པའི་མི་སྣ་གཅིག་པུ་དེ་ཡིན་དབང་གིས། ད་ལྟའི་བཅའ་ཁྲིམས་ཟིན་བྲིས་སུ་ “དོན་ཚན་དང་པོ། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མི་རིགས་དང་། དེའི་ཆིག་བསྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་སྨྲ་དབང་། གནས་བབ་དེ་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། ལེགས་བྱང་། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་ལྟར་གྱི་ཐུགས་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།
༡༽ བོད་མི་རིགས་ཀྱི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་ལེགས་བྱང་། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།
༢༽ ༧གོང་ས་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང་། འགོ་ཁྲིད་རྣམས་ཀྱིས་གསོལ་བ་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་བཅས་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་། བཀའ་སློབ་ལམ་སྟོན་གནང་རྒྱུ།
༣༽ བཙན་བྱོལ་སྒྲིག་འཛུགས་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་རིགས་ལ་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བོད་ཀྱི་རྩ་དོན་བསྒྲུབ་སླད་སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་བཅས།” གསལ་པ་ལས་ལྷག་པའི་དམིགས་བསལ་མཚན་གནས་གལ་ཆེན་ཞིག་ངེས་པར་དུ་ཡོད་དགོས། རྒྱུ་མཚན་ནི།
༡༽༧གོང་ས་མཆོག་ནི་བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་གཞིས་ལུས་ཆོལ་གསུམ་བོད་མིའི་མཐུན་སྒྲིལ་གྱི་སྲོག་རྩ་དང་སྟོབས་ཤུགས་ཡིན་པ།
༢༽རང་གི་མི་ཚེ་དང་ནུས་ཤུགས་ཡོད་ཚད་བོད་དང་བོད་མི་རིགས། བོད་ཀྱི་བསྟན་སྲིད་སོགས་ཀྱི་ཆེད་དུ་བཏང་དང་གཏོང་བཞིན་པའི་རླབས་ཆེན་གྱི་དབུ་ཁྲིད་ཡིན་པ།
༣༽འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ། མི་རིགས་འཆམ་མཐུན་ཡོང་བའི་རླབས་ཆེན་གྱི་དབུ་ཁྲིད་ཡིན་པ།
༤༽ འཛམ་གླིང་སྤྱིར་བོད་མིའི་ངོ་བོ་མཚོན་པའི་སྐྱེ་བུ་གཅིག་པུ་དེ་ཡིན་པ།
གོང་གསལ་གཙོ་གནད་ཆེ་བའི་རྒྱུ་མཚན་དེ་དག་ལ་གཞི་བཅོལ་བ་དང་། ལྷག་པར་བོད་མི་རིགས་མཐུན་སྒྲིལ་གྱི་ཕྱོགས་ནས་བསམ་གཞིགས་བྱས་ན། ༧གོང་ས་མཆོག་ནི་དུས་ནམ་ཡང་བོད་མིའི་དབུ་ཁྲིད་ཀྱི་མཚན་གནས་རྗེས་འབྲེལ་ལས་རིང་དུ་འགྲོ་མི་ཉན་པ་ཧ་ཅང་གསལ་ཞིང་། ༧གོང་ས་མཆོག་ནི་ད་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དང་། ཆོལ་གསུམ་མཐུན་སྒྲིལ་གྱི་གཟུང་ཐག ཆོས་བརྒྱུད་འཆམ་མཐུན་གྱི་བྱེད་པོ་ཡིན་པའི་ཆ་ནས་ཀྱང་མཚན་མཐོང་ངམ། ཆེ་མཐོང་རྗེས་འབྲེལ་གྱི་མཚན་གནས་གལ་ཆེན་ཞིག་ངེས་པར་དུ་ཕུལ་དགོས་པར་མ་ཟད། གོང་གསལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་སུ་གསལ་བའི་དོན་ཚན་གསུམ་པོ་དངོས་སུ་ལག་ལེན་བསྟར་ཐུབ་པར་ཡང་། མ་འོངས་པའི་བཅའ་ཁྲིམས་ནང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པའི་མཚན་གནས་རང་འཇགས་བྱུང་ན་རབ་དང་། ཡང་ན་བོད་མིའི་ཆོས་སྲིད་གཉིས་ཀྱི་གཙོ་འཛིན། བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སོགས་གང་འོས་དེ་འཚམ་གྱི་མཚན་གནས་གལ་ཆེན་ཞིག་མེད་དུ་མི་རུང་བར་མཐོང་བས། མ་འོངས་བོད་དང་བོད་མི་རིགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། བདེན་དོན་གྱི་སྟོབས་ཤུགས་ལ་བསམ་ནས་དྲང་བདེན་གྱི་ཐུགས་གཞིགས་རེ་ཅིས་ཀྱང་གནང་བར་ཞུའོ།།
སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༤ ཉིན་དྷ་རམ་ས་ལར།