(The Gettysburg Address གྷེ་ཊིསི་བྷག་གཏམ་བཤད།)
ཨ་རི་སྲིད་འཛིན་ཟུར་པ་ཨབྲཱ་ཧམ་ ལིན་ཁན་ ༼༡༨༠༩-༡༨༦༥༽Abraham Lincoln
བགྲང་བྱ་གྱ་བདུན་གྱི་སྔ་རོལ་༼༡༧༧༥༽དུ་ང་ཚོའི་མེས་པོ་རྣམས་ཀྱིས་གླིང་ཕྲན་འདིའི་སྟེང་དུ་རྒྱལ་ཁབ་གསར་པ་ཞིག་བཙས་པར་བྱེད། དེ་ནི་རང་དབང་ཁོག་ཏུ་གནས་ཤིང་། འགྲོ་བ་མི་ཡོངས་རྫོགས་འདྲ་མཉམ་གྱི་རྣམ་པར་གྲུབ་ཅེས་པའི་འདོད་ཚུལ་ལ་ལེགས་སྐྱེས་སུ་འབུལ་བར་མཛད།
ད་ལྟ་ང་ཚོས་ནང་འཁྲུག་གོད་ཁ་ཤུགས་ཆེ་ནང་ཞུགས་པ་དེ་ནི། རང་དབང་ལ་ཡིད་ཆེས་ཤིང་། འདྲ་མཉམ་ལ་དམིགས་པར་བཤད་པའི་རྒྱལ་ཁབ་དེའམ། རྒྱལ་ཁབ་གང་ཞིག་གིས་བཟོད་བསྲན་ཡུན་རིང་ཐུབ་མིན་ལ་ཚོད་ལྟ་བྱས་པ་ཞིག་ཡིན། ང་ཚོ་ནི་དམག་འཁྲུག་དེའི་གཡུལ་ར་ཆེན་པོའི་སྟེང་དུ་འཛོམས་ཡོད། ང་ཚོ་ཡོང་དོན་ནི། གཡུལ་ར་དེའི་ཟུར་ཆ་ཞིག་གཡུལ་འགྱེད་ཁྲོད་ཀྱི་འདས་པོ་དག་གི་མཐའ་འཇུག་དུར་མཆོད་བྱ་ཡུལ་ཞིག་ཏུ་སྨོན་པའི་ཆེད་ཡིན། འདི་ནི་རྒྱལ་ཁབ་འཚོ་གནས་ཆེད་དུ་ཡང་ཡིན། དུར་མཆོད་བསྔོ་སྨོན་དྲན་གསོ་དེ་ལྟ་བུ་ནི་ང་ཚོས་ངེས་པར་བྱེད་དགོས་པ་དང་། བྱ་རིན་ལྡན་པ་ཞིག་ཡིན། གལ་སྲིད་ཕྱོགས་ཡོངས་ནས་བསམས་ཚེ་ང་ཚོས་ཐང་སྟེང་འདི་རུ་བསྔོ་སྨོན་བྱ་མི་ཐུབ་ཅིང་། རབ་གནས་དང་གནས་བྱིན་ཅན་ཞིག་ཏུ་བརྩི་བཀུར་བྱ་མི་ཐུབ། འདིར་འཐབ་རྩོད་བྱས་པའི་དཔའ་བོ་འདས་གསོན་དག་གིས་ང་ཚོའི་ནུས་ཤུགས་དམན་པ་དག་གིས་སྣོན་ཕྲི་གང་རུང་བྱས་པ་དང་བསྟུན་ན་ཆེས་ལྷག་པའི་སྒོ་ནས་གནས་འདི་བྱིན་ཅན་ཞིག་ཏུ་སྒྱུར་ཟིན། ང་ཚོས་འདིར་གང་བཤད་པ་དེ་འཛམ་གླིང་སྐྱེ་འགྲོས་ཟིན་ཐོར་ཉུང་ངུར་རྒྱབ་པ་དང་། དྲན་ལམ་དུ་ཡུན་རིང་མི་གནས་པར་གྱུར་སྲིད། འོན་ཀྱང་། རྒྱལ་གཅེས་དཔའ་བོ་དེ་དག་གིས་འདིར་མཛད་རྗེས་བཞག་པ་དེ་དུས་ནམ་ཡང་བརྗེད་མི་སྲིད།
ང་ཚོ་གསོན་གནས་རྣམས་ཀྱིས་བསྔོ་ཐུབ་པ་ནི། རང་ཉིད་ཀྱི་བགྱི་བྱ་བྱ་བ་གལ་ཆེན་གང་ཡིན་རུང་བཀུར་འོས་འདས་པོ་དེ་དག་གིས་དམིགས་ཡུལ་གང་གི་ཕྱིར་བློ་ཡོངས་སུ་གཏད་པ་དེའི་ཕྱོགས་སུ་བསྔོ་དགོས་པ་ཡིན། བསྔོ་ཚུལ་ནི། འདས་པོ་དེ་དག་ནི་དོན་མེད་ཤི་བ་ཞིག་མིན་པ་དང་། རྒྱལ་ཁབ་འདི་ལ་རང་དབང་གསར་པ་ཞིག་འཁྲུངས་རྒྱུ་ཡིན་པ་དང་། དེ་བཞིན་དུ། སྲིད་གཞུང་དེ་ཡང་མི་མང་ལ་དབང་བ་དང་། མི་མང་གི་མངོན་འདོད་ལས་གྲུབ་པ་དང། མི་མང་གི་ཆེད་དུ་ཡིན་པ་དེ་སའི་གོ་ལ་འདིའི་ནང་དུས་ནམ་ཡང་ཉམས་པ་མེད་པར་གནས་དགོས་པ་འདི་དག་ནི་ང་ཚོ་གསོན་གནས་རྣམས་ལ་ཆོད་སེམས་བརྟན་པོ་གནས་རྒྱུ་རེད།
ཕྱི་ལོ་ ༡༩༦༣ ཟླ་ ༡༡ ཚེས་ ༡༩ ཉིན།
སྒྱུར་བ་པོས། གཏམ་བཤད་འདི་ནི་ཨ་རིའི་རྒྱལ་རབས་ལོ་རྒྱུས་ནང་དུ་གཏམ་བཤད་གལ་ཆེ་ཤོས་ཤིག་ཡིན་ཞིང་། གནས་ནི་པེན་སིལ་ཝི་ནི་ཡ་ Pennsylvania མངའ་སྡེའི་གྷེ་ཊིསི་བྷག་ནང་གི་རྒྱལ་ཁབ་ཀྱི་དམག་མིའི་དུར་ཁྲོད་དྲན་རྟེན་ཆེད་དང་། འདི་ནི་ཨ་རིའི་ནང་དམག་གི་ལོ་སྟེ་ཕྱི་ལོ་ ༡༨༦༣་༡༡་༡༩ ཡི་ཉིན་མོ་སྟེ་ཨ་རིའི་གཞུང་གི་གཅིག་སྒྲིལ་དམག་མིས་(Union) ཕྱོགས་གཞན་ལྷོ་ཨ་རིའི་ཕྱོགས་མཐུན་དཔུང་སྡེབ་དམག་མི་(Confederacy) ཕམ་བརླག་ཏུ་བཏང་ནས་ཟླ་བ་བཞི་དང་ཕྱེད་འདས་པ་ན་སྲིད་འཛིན་ལིན་ཁན་གྱིས་གནང་བ་ཞིག་ཡིན། ཕྱི་ལོ་ ༡༨༦༣ ཟླ་ ༠༧ ཚེས་ ༡-༣ བར་ཉིན་གྲངས་གསུམ་རིང་གྷེ་ཊིསི་བྷག་གི་དམག་འཁྲུག་ནང་ཨ་རིའི་དམག་མི་ཆིག་འབུམ་བདུན་ཁྲི་ཉིས་སྟོང་རྐྱེན་འདས་སུ་ཕྱིན་པ་དང་། དེས་རྐྱེན་རྩ་བྱས་ནས་ཡོངས་གྲགས་སུ་ཨ་རིའི་ནང་འཁྲུགས་༼༡༨༦༡-༡༨༦༥༽ཅེས་འབོད་པ་དེ་བྱུང་བ་རེད། ལོ་དེའི་ཟླ་བ་བརྒྱད་པའི་མཚམས་སུ་ནང་འཁྲུག་དེའི་འོག་རྐྱེན་འདས་སུ་ཕྱིན་པའི་གྲངས་མཐོ་ནི་ཧ་ལམ་ཉིས་ཁྲི་ལྔ་སྟོང་བྱུང་། ཕྱིས་སུ་འབྱོར་བདག་ཅན་ཌེ་ཝིཌ་ ཝིལྶ་ David Wills ༼༡༨༣༡-༡༨༩༠༽ཡིས་ས་ཆ་ཨེ་ཀར་བཅུ་བདུན་ཅན་ཞིག་ཉོས་ནས་དམག་འཁྲུག་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་གཟིངས་བསྟོད་ཆེད་དུ་དུར་ཁྲོད་ཅིག་བསྐྲུན་པ་རེད། དེར་ཨ་རི་སྲིད་འཛིན་ལིན་ཁན་དང་། མངའ་སྡེ་ཁག་གི་སྤྱི་ཁྱབ་བློན་ཆེན་སོགས་གནད་ཡོད་མི་སྣ་གདན་ཞུས་ཀྱིས་མྱ་ངན་རྗེས་དྲན་ཞུས་པ་རེད། སྤྱིར་གཏམ་བཤད་འདི་ནི་ལོ་རྒྱུས་ནང་ཆེས་གནད་འགག་ཅན་ཞིག་ཡིན་མོད། མཁས་པ་རྣམས་ཀྱིས་དེའི་ཚིག་འབྲུའི་ཟིན་བྲིས་ལ་མི་མཐུན་པ་མང་དུ་འགྲེལ་ཀྱིན་ཡོད།
ལིན་ཁན་གྱི་གཏམ་བཤད་འགོ་འཛུགས་ཀྱི་ཚིག་བགྲང་བྱ་གྱ་བདུན་གྱི་སྔ་རོལ་ཞེས་པ་ནི་ཕྱི་ལོ་ ༡༧༧༥ སྟེ་དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་ཨ་རི་གསར་བརྗེ་ལས་འགུལ་ཤུགས་ཆེན་པོ་ཞིག་བྱུང་བ་རེད། འདི་ནི་ཨིན་ཇི་རྒྱལ་པོའི་རིང་ལུགས་ཀྱི་དབང་འོག་ཏུ་ཡོད་པའི་བྱང་ཨ་རི་སྡེ་ཁག་བཅུ་གསུམ་གྱིས་བཙན་འོག་ནས་གྲོལ་ཕྱིར་གཅིག་སྒྲིལ་གྱི་ལས་འགུལ་སྤེལ་ནས་མཐར་ཨ་རི་སྤྱི་མཐུན་རྒྱལ་ཁབ་ཞེས་གཟི་བརྗིད་དང་ལྡན་པ་དེ་བྱུང་བ་རེད།
ཕྱི་ལོ་ ༢༠༡༠ ཟླ་ ༠༤ པའི་བར་གསེང་ཤིག་ལ་སེར་བྱེས་ལྡན་མ་བྱམས་པ་ཆོས་དབང་གིས་བྲིས་པའོ། །
ཁ་བརྡའི་རྩོམ་སྒྲིག་པ་ལགས།
ངེད་ཀྱི་རྩོམ་ཡིག་༼བོད་ཀྱི་གསོ་བ་རིག་པའི་དུས་གསུམ་གྱི་སྐོར་ལ་རགས་ཙམ་དཔྱད་པ།༽ཞེས་པ་ཁ་བརྡའི་དྲྭ་ཚིགས་སུ་རྩོམ་ཡིག་ཆ་ཚང་བཀོད་མེད་པ་དང་ད་དུང་མཆན་བུའི་དུས་ཡུན་རྫོགས་ཟིན་ཟེར་བ་ཞིག་ཀྱང་བཀོད་འདུག་པས། དེ་ལ་གསལ་བཤད་ཅིག་གནང་བར་ཞུ་རྒྱུ་དང་། ཡང་ན་བསྐྱར་དུ་འགོད་པར་མཁྱེན།
དཀར་མཚོ་སྐྱིད་ཀྱིས།