བསམ་གླིང་ཚེ་རིང་ལྷ་མོ།
ཕ་ཡུལ་གངས་ལྗོངས་རྒྱ་ནག་དམར་པོས་བཟུང།།
བོད་འབངས་ཚེ་སྲོག་གཅོད་པར་ཡ་ང་མེད།།
གང་ཞིག་བདེན་པའི་ལམ་ལ་ཞུགས་ན་ཡང།།
དྲག་པོའི་མཚོན་ཆར་ཁ་གཏད་མ་གཅོག་རོགས།།
ཕོ་བྲང་དམར་པོ་རྒྱ་སྒོར་གསོག་སར་གྱུར།།
རྒྱ་ཡི་དར་ཆ་ཕོ་བྲང་སྟེང་དུ་བཙུགས།།
གང་ཞིག་སྐད་ཅིག་བཟོད་ཐབས་མེད་ན་ཡང།།
གཅེས་སྲོག་རྒྱ་ཡི་རྩེད་ཆས་བྱས་ན་ཕངས།།
རྩ་བའི་བླ་མའི་གདན་ས་ཧམ་འཕྲོག་བྱས།།
གསེར་དངུལ་སྐུ་གསུང་ཐུགས་རྟེན་བཅག་ནའང།།
བདེན་དོན་རྒྱུས་མངའ་མེད་པའི་རྒྱ་དམར་ལ།།
ཨུ་ཚུགས་བྱེད་པ་ཚེ་སྲོག་བརླག་པའི་རྒྱུ།།
བོད་འབངས་ངོ་གདོང་སྡུག་གི་གཉེར་མས་ཁེངས།།
ཉིན་མཚན་འཇིགས་པས་སེམས་ལས་ཆེ་ནའང།།
བདེན་པའི་རྒྱལ་སྒོ་འབྱེད་པའི་ལམ་བུ་ཞིག
རྙེད་ཀྱང་སྲིད་པས་ཚེ་སྲོག་སྲུངས་བར་མཛོད།།
ཕ་མ་རྒན་རྒོན་ཡ་ཆུང་སྡུག་གིས་ཁེངས།།
ལང་ཚོ་དར་རྣམས་དོན་མེད་གཡེང་བས་འདས།།
ཕ་ཡུལ་འདོན་འདྲེའི་ལག་ནས་ཕོངས་ན་འང།།
དཔའ་བོའི་ཚེ་སྲོག་དེ་བས་གཅེས་ཤིང་ཕངས།།
སེམས་ན་ཕ་ཡུལ་སྐྱོབ་པར་འདོད་དང་གཅིག
ལུས་པོ་བཙོན་དོང་གྲུ་བཞིར་ཚུད་དང་གཉིས།།
འགུལ་ཙམ་བྱེད་པའི་ལམ་ཞིག་མེད་ན་ཡང།།
རིན་ཆེན་ཚེ་སྲོག་གཅེས་སྲུང་ཅིས་ཀྱང་འཚལ།།
ཚོང་གི་ཁེ་བཟང་ཚང་མ་རྒྱ་ཡིས་འཁྱེར།།
ལས་ཀྱི་གཡོག་པོ་ཚང་མ་བོད་མིར་བསྐུལ།།
ཕ་ཡུལ་གངས་ལྗོངས་སྐྱོབ་པའི་དུས་ཡིན་ཀྱང།།
དྲག་པོའི་དམག་ལ་ཞི་བའི་ཐབས་ཇུས་བཟང་།།
སྲང་ལམ་ཆེ་ཕྲ་ཆུང་གསུམ་དམག་གིས་བསྐོར།།
ཡུལ་གྱི་བདག་པོ་འགྲོ་སྡོད་རང་དབང་མེད།།
རང་གི་རྒྱལ་ཁབ་སྙིང་ནས་སྲུང་འདོད་ཀྱང།།
ཚེ་སྲོག་རྒྱ་དམར་ལག་ཏུ་མ་སྤྲོད་རོགས།།
དམར་པོའི་མེ་ལྕེ་སྙིང་ལ་རེག་པ་ལྟའི།།
རྩ་བའི་བླ་མར་མཚན་སྨོད་ཞུ་དགོས་ཟེར།།
རྒྱ་ཡི་ཧམ་ཤེད་སེམས་ལ་གཟན་ནའང།།
གློག་རྒྱུག་རྡོག་ཐོའི་འོག་ལ་མ་མཆོངས་རོགས།།
གོང་ན་དྲིན་ཆེན་ཕ་མའི་སྐྱོ་གདུང་དང་།།
བར་ན་བཟའ་གྲོགས་བརྩེ་བའི་ལ་རྒྱ་ཡོད།།
འོག་ན་གཅེས་པའི་བུ་ཕྲུག་ཤུལ་ན་ལུས།།
མེ་མདའི་འབེན་ལ་སྐུ་སྲོག་མ་བཞེངས་རོགས།།
བོད་འབངས་དུ་མ་གསོད་རྡུང་དམར་པོའི་ཁྲག།
ཁུ་སིམ་འཚོ་བར་རོལ་ཡང་མཐོང་བའི་ཚེ།།
སྒམ་བརླིང་ལྡན་པའི་ཐུགས་རྒྱུད་དཀྲུགས་ན་འང།།
ཚེ་སྲོག་སྡུག་སྦྱོང་འོག་ཏུ་མ་ཕེབས་རོགས།།
ཉིན་ལྟར་དྲག་ལས་སྦྱངས་པའི་སྤྱང་ཚོགས་ཤིག
དགོན་པའི་ནང་དུ་མེ་མདའི་རྩེ་གྲི་ངོམས།།
རྒྱལ་གཅེས་ཆོས་གཅེས་དགོས་ཞེས་སྡིག་ནའང།།
སྐུ་ལུས་མེ་ལྷའི་ཞལ་དུ་མ་ཕུལ་རོགས།།
ཉིན་མཚན་དགོན་དང་གྲོང་ཚོར་ཧམ་པས་མྱུལ།།
རྒྱལ་གཅེས་དཔའ་བོའི་ནང་མི་ཤུལ་ལུས་ལ།།
དྲག་པོའི་བརྙས་བཅོས་ཚོད་མེད་བྱས་ན་ཡང།།
བཙོན་དོང་སྡུག་སྦྱོང་ལས་ནི་གཡོལ་བར་མཛོད།།
གངས་ལྗོངས་བོད་མིའི་གདུང་བས་ཡིད་ཁམས་དཀྲུགས།།
འཛམ་གླིང་བདེན་པས་གཉིད་ཅིག་སད་ན་བསམ།།
རང་གི་རྒྱལ་ཁབ་སྐྱོབ་པའི་དཔའ་རྒོད་ཚོ།།
ཁྱེད་རྣམས་མི་ཡུལ་འདི་ནས་མ་གྱེས་རོགས།།
གཞིས་བྱེས་དཔའ་བོས་ཕ་ཡུལ་སྐྱོབ་པའི་ཆེད།།
གཅེས་པའི་ཚེ་སྲོག་གཏོང་ལ་སྤྲོ་བ་ཡིས།།
རང་ཡུལ་གངས་ཅན་ཞིང་དེ་གངས་ཅན་པས།།
སྐྱོང་བའི་སྐལ་བཟང་མྱུར་དུ་འཆར་བར་ཤོག
དབྱངས་ཅན་མ་མགྲིན་པར་ཆགས་པའི་ནུ་མོ་ཆུང་ཆུང་།།
བློ་སྟོངས་ཀྱིས་གནམ་མཁའ་གཤག་པའི་སྐྱེས་ཆེན་ཚོ་ལ།།
ཟུངས་ཁྲག་གི་དྭངས་མ་སྒྲོན་པའི་མཆོད་མེ་ཐོགས་ནས།།
མྱི་སྐད་ཀྱི་གདུང་འབོད་སེམས་པའི་གཏིང་ནས་བསྒྲགས་སོང་།།
ཚེ་རིང་ལྷ་མོ་ཁྱོད་ཚེ་ཐག་རིང་བར་བྱོས།།
ཚེ་སྲོག་ཕྲ་མོ་ལ་གཅེས་སྐྱོང་ལེགས་པར་མཛོད།།
ཚེ་གང་བཟའ་ཟླ་ལ་འཆམ་པོ་མཐུན་པོར་བྱོས།
ཚེ་དང་ལྡན་པ་ཚོ་བརྩེ་བས་སྐྱོང་བར་མཛོད།།
མདའ་གྲི་མདུང་གསུམ་ལག་ན་མེད་ཀྱང་བདེན་པའི་ལ་རྒྱའི་དཔུང་སྡང་བསྒྲེལ། །
སྐད་གསེང་མཐོན་པོར་རབ་འདེགས་མེད་ལ་ཞུམ་མེད་བདེན་དོན་གང་སར་བསྒྲགས། །
མེ་མདའི་རྩེ་མོ་སྙིང་ཁར་གཏད་ཀྱང་མི་འཇིགས་སྤོབས་པའི་མགོ་མི་སྒུལ། །
ཁ་བ་རི་བའི་སྟག་སེང་ཁྱེད་ཅག་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས། །
མ་སྒུག་མ་སྒུག་ཚེ་རིང་ལྷ་མོ་ལགས།།
ཉིན་མ་སང་ཉིན་ཟེར་བ་རྫོགས་མཐའ་མེད།།
ད་ལྟ་ཉིད་ནས་འབད་པ་མ་བྱས་ན།།
སྒུག་ནས་སྐྱིད་པའི་ཉི་མ་ཟགས་མི་སྲིད།།
ནོར་གླིང་སློབ་གྲྭར་འགྲིམས་པའི་ཉམ་ཆུང་ཁེར་འགྲོ། །
མི་ཚེ་ཤོག་སྨྱུག་འགྲོགས་པའི་སྙན་ངག་སྨྲ་བ། །
ཡག་བཙོག་བཟང་ངན་མེད་ལ་རྣལ་འབྱོར་ངོ་མ། །
ཐེ་ཤེར་ཁྱེད་ཀྱི་སྐུ་ཁམས་བདེ་མོ་ཡིན་ནམ། །
བཀུར་འོས་རྡོར་དབང་ལགས་དང་དྲ་གྲོགས་རྣམས་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
ས་མཐོའི་སྒང་འདིར་མི་གྲངས་ཉུང་དང་གཅིག
མཐུན་མིན་རིག་གཞུང་མར་ངོར་འགྲོ་དང་གཉིས།
རྒྱ་འདྲེ་འདྲེ་ཤིག་བཞིན་དུ་འཕེལ་དང་གསུམ།
འདི་གསུམ་བསམ་ནས་སྐུ་ཚེ་བརྟན་པར་བཞུགས།
༧གོང་ས་ཆེན་པོའི་དགུང་ནའི་འབབ་དང་གཅིག་དང་།
འོད་མཚན་མགོན་པོ་ཅི་བཞུགས་མི་ཤེས་གཉིས།
མིང་གྲགས་ཤེས་ལྡན་རྒྱ་འདྲེས་བཟུང་དང་གསུམ
འདི་གསུམ་བསམ་ན་སྐུ་ཚེ་ཡུན་དུ་བརྟན།
ཆོ་ཁ་ཆོས་ལུགས་ཐེར་ཁྱེར་ཆེ་དང་གཅིག
ཕུ་ནུའི་བར་ལ་རྩོད་པ་མང་དང་གཉིས།
ས་ཡ་དྲུག་པོ་གཅིག་སྒྲིལ་མེད་དང་གསུམ།
འདི་གསུམ་བསམ་ན་སྐུ་ཚེ་བརྟན་པར་སྨོན།
ཐོན་མིའི་བརྡ་དག་ཤེས་མཁན་ཉུང་དང་གཅིག
ཕ་སྐད་རྣལ་མ་སྨྲ་མཁན་ཉུང་དང་གཉིས།
རང་ལུགས་བོར་ཡང་ཕྱི་ལུགས་མི་ཤེས་གསུམ།
འདི་གསུམ་བསམ་ན་སྐུ་ཚེ་བརྟན་པར་བཞུགས།
སྲོང་བཙན་ཁྲག་རྒྱུན་གངས་རིའི་ཕོ་རྒོད་ཚོ།
ཀླ་ཀློས་མི་བསྲུན་རྩུབ་སྤྱོད་ཇི་རྩམ་ཡང་།
ཐབས་དང་ཤེས་རབས་ཕ་མེས་རིག་གཞུང་ལ།
བརྟེན་ནས་རི་དབང་བཞིན་དུ་བརྟན་པར་བཞུགས།