ཕུན་ཚོགས་ཙ་ཡུས།
དེ་རིང་ཞིན་ཧ་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། ཉེ་བའི་ཆར་རྒྱ་ནག་གི་དམག་དོན་གྲོས་མོལ་ཐེངས་བརྒྱད་ཀྱི་ཆོད་དོན་ལ་གཞི་བྱས་ཏེ། རྒྱ་ནག་གི་རྒྱལ་སྲུང་དམག་མི་ཁྲི་བརྒྱད་ཅུ(༨༠༠༠༠༠)ལྷག་དྲག་ཆས་ཉེན་རྟོག་དམག་མིར་བསྒྱུར་རྒྱུ་ཐག་གཅོད་བྱས་ཡོད་འདུག་ཅིང་། གནས་ཚུལ་འདི་ནི་རྒྱལ་ཁབ་གྱི་བརྟན་འཇགས་དང་བདེ་འཇགས་བཅས་ལ་འབྲེལ་བ་ཡོད་སྐོར་ཀྲུང་དབྱིང་བརྙན་འཕྲིན་དང་ཞིན་ཧ་གསར་འགྱུར་སོགས་ནས་བསྒྲགས་ཡོད་འདུག
གནས་ཚུལ་འདིའི་ཐད་ཆེད་ལས་ཉམས་ཞིབ་པས་བརྗོད་གསལ་ལྟར་ན། ཉེ་བའི་ལོ་འགའི་སྔོན་ནས་རྒྱ་ནག་གི་དམག་དོན་འགྲོ་གྲོན་འཛམ་གླིང་སྟེང་དམག་དོན་འགྲོ་གྲོན་ཆེས་ཆེ་བར་འཕར་ཡོད་པ་དང་། རྒྱ་ནག་གི་དམག་དོན་འགྲོ་གྲོན་འདིའི་ཐད་རྒྱལ་སྤྱིའི་ལྟ་རྟོག་ཀྱང་བྱེད་ཀྱིན་ཡོད་པ་མ་ཟད། ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་བློ་མི་བདེ་བར་བཟོས་པ་བཅས་ཀྱིས། རྒྱལ་སྤྱིའི་ཚོགས་འདུ་རིམ་པའི་ཁྲོད་དོགས་འདྲི་དང་འགྲོ་གྲོན་གཏོང་ཡུལ་སོགས་ལ་ཉམས་ཞིབ་འདྲ་མིན་དང་བརྗོད་ཚུལ་འདྲ་མིན་ཡོང་བ་བཅས་ཀྱིས། འཛམ་གླིང་རྒྱལ་ཁབ་སོ་སོས་རྒྱ་ནག་ལ་ཡིད་ཆེས་སྔར་ལས་ཇེ་སྡུག་ཏུ་འགྲོ་གི་ཡོད། ཕྱོགས་གཞན་ཞིག་ནས་༢༠༠༨་ལོར་བོད་ཀྱི་ཞི་རྒོལ་ཆེན་མོ་དང་། ཡུ་གུར་མི་རིགས་ཀྱི་ཞི་རྒོལ་སོགས་ཀྱིས་མཚོན་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་རབ་དང་རིམ་པ་བྱུང་སྐབས། རྒྱ་ནག་གི་བདེ་འཇགས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་མ་འདང་བར་རྒྱལ་སྲུང་དམག་མི་ཐད་གཏོང་བྱས་པར་རྒྱལ་སྤྱིའི་སྒང་ནས་སྐྱོན་བརྗོད་ཤུགས་ཆེར་བྱུང་བའི་གནས་སྟངས་བསྟུན་མར་བྱུང་ཡོད། ཐེངས་འདིར་གནོན་ཤུགས་དེ་གཉིས་ལྡོག་ཆེད་རྒྱལ་སྲུང་དམག་མི་འབོར་ཆེན་དྲག་ཆས་ཉེན་རྟོག་པར་བསྒྱུར་བ་ཡིན་ཚུལ་དབྱེ་ཞིབ་པ་དུ་མས་གསལ་འདོན་བྱེད་ཀྱིན་ཡོད།
གནས་ཚུལ་འདིའི་ཐད་ཁ་གསལ་དུ་བཏང་ནས་ཞིབ་བརྗོད་ཅུང་བྱས་ན། འདི་ལ་རྐྱེན་གཉིས་ཀྱི་སྒོ་ནས་དབྱེ་ཞིབ་བྱེད་ཀྱིན་ཡོད་ཅིང་། རྐྱེན་དང་པོ་ནི། ད་སྔ་རྒྱ་ནག་ལ་རྒྱལ་སྲུང་དམག་མིའི་གྲངས་འབོར་སྐོར་ནས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གཏན་ཁེལ་ཐུབ་པའི་གྲངས་འབོར་ཞིག་གསལ་བརྗོད་བྱེད་དཀའ་བའི་ཚོད་དུ་ལྷག་ཡོད་ལ། ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་དམག་དོན་འགྲོ་གྲོན་གྱི་གྲངས་འབོར་ཤུགས་ཆེ་རུ་བཏང་བ་བཅས་ཀྱིས། རྒྱལ་སྤྱིའི་སྟེང་གི་ཆེད་དོན་ཉམས་ཞིབ་པ་དུ་མས་ད་ལྟ་རྒྱ་ནག་གི་དམག་མིའི་གྲངས་འབོར་མང་དུ་བཏང་ཡོད་པའི་ཚོད་དཔག་ཙམ་ལས། གྲངས་འབོར་ལ་ཐག་གཅོད་གང་ཡང་བྱུང་མེད།
གནས་ཚུལ་འདིས་ཐེ་ཝན་དང་། ཨ་རི། རྒྱ་གར་བཅས་གཙོ་བའི་རྒྱལ་ཁབ་མང་པོ་ཞིག་ལ་སེམས་འཚབ་ཆེན་པོ་བསླངས་ཤིང་། རྒྱ་ནག་གི་དམག་ཤུགས་ཆེ་རུ་བཏང་བ་ནི་གོང་གསལ་རྒྱལ་ཁབ་གཙོས་པའི་རྒྱལ་ཁབ་མང་དག་ཅིག་ལ་ཁ་གཏད་ཅིང་འཇིགས་སྐུལ་བྱ་ཆེད་ཡིན་པའི་ངོས་འཛིན་ཀྱང་གནང་གི་ཡོད། དེ་བས་གནས་ཚུལ་འདིར་རྒྱལ་སྤྱིའི་སྒང་ནས་ཁ་སྡང་བཏང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་རྒྱལ་ཁབ་འདྲ་མིན་གྱི་སྲིད་འཛིན་མང་པོས་གནས་ཚུལ་དེར་རྒྱ་ནག་གིས་གསལ་བཤད་དགོས་པའི་ནན་བརྗོད་ཐེངས་མང་བྱས་ཡོད། རྒྱ་ནག་གིས་ཀྱང་གསལ་ཁ་མི་ཐུབ་པའི་གསལ་བཤད་ཅིག་སྟེ“དམག་དོན་འགྲོ་གྲོན་ཤུགས་ཆེ་རུ་བཏང་བ་ནི་རྒྱལ་ཁབ་རང་ཉིད་ཀྱི་བདེ་འཇགས་དང་། མི་མང་གི་ཁེ་ཕན་སྲུང་སྐྱོབ་བྱ་ཆེད་དམག་དོན་ཁྱད་ལས་པ་གསོ་སྐྱོང་བྱ་ཆེད་ཡིན་”ཟེར་བ་དང་། “ད་སྔ་མི་རབས་གསར་བའི་དམག་དོན་ཆེད་མཁས་པ་མང་པོ་གསོ་སྐྱོང་བྱེད་ཕྱོགས་ཤུགས་ཆེ་རུ་བཏང་ཡོད”ཟེར་བའི་གསལ་བཤད་འདི་མི་འདོད་བཞིན་བྱེད་དགོས་ཐུག་ཡོད།
འོན་ཏེ་གསལ་བཤད་དེས་ནི་སླར་ཡང་གོང་གསལ་རྒྱལ་ཁབ་གཙོས་པའི་རྒྱལ་ཁབ་དུ་མ་ཞིག་ལ་བློ་ཚབ་བསླངས་པ་མ་ཟད། རྒྱ་ནག་གིས་ཆེད་དུ་ཐེ་ཝན་ལ་འཇིགས་སྐུལ་དང་ཨ་རི་ལ་འགྲན་སློང་གི་བསམ་ཕྱོགས་འཁྱེར་གྱིན་ཡོད་པའི་ངོས་འཛིན་ཐོན་པ་དང་། ངོས་འཛིན་འདིས་སླར་ཡང་རྒྱ་ནག་ལ་ཁ་སྡང་དང་གནོན་ཤུགས། དེ་བཞིན་སྐྱོན་བརྗོད་སོགས་ཐེངས་མང་སྤྲད་ཡོད། སྒོས་སུ་གནས་ཚུལ་དེས་རྐྱེན་པས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་མིང་ཆས་ལ་ཤུགས་རྐྱེན་ནག་པོ་བཟོས་པ་དང་། དེ་ལས་ཀྱང་འཛམ་གླིང་མི་མང་གིས་རྒྱ་ནག་ལ་ཡིད་ཆེས་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པའི་ངོས་འཛིན་ཀྱང་བྱེད་ཀྱིན་ཡོད་པས། རྒྱ་ནག་གིས་གནས་ཚུལ་དེར་བསམ་གཞིག་ཟབ་མོ་བྱ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད་རྐྱེན། རྒྱ་ནག་གིས་ཅིས་ཀྱང་མདའ་གཅིག་གིས་བྱ་གཉིས་གསོད་ཐུབ་པའི་བྱེད་ཐབས་རྣོན་པོ་ཞིག་འདིང་དགོས་པ་ཆེད་ལས་ཉམས་ཞིབ་པས་ནན་བརྗོད་བྱེད་དགོས་ཐུག་ཡོད། འདི་ནི་རྐྱེན་རྩ་དང་པོ་རེད།
རྐྱེན་གཉིས་པ་ནི། སྤྱིར་རྒྱལ་ཁབ་གང་ཡིན་ཀྱང་རྒྱལ་ནང་གི་རྙོག་དྲ་དང་མི་མང་གི་ངོ་རྒོལ་ལ་བཀག་འགོག་བྱེད་མཁན་ནི་ཡོད་ཡོད་པ་ཞིག་ཡིན་ལ། དེར་བཀག་འགོག་དང་གནས་ཚུལ་ཛ་དྲག་དུ་མི་འགྱུར་བའི་བྱེད་ཐབས་ཀྱང་གང་མང་འཐེན་སྲིད་། འོན་ཀྱང་དེ་ལ་རྒྱལ་སྲུང་དམག་མིའམ་དམག་དོན་ཁྱད་ལས་པ་མངགས་ཏེ་བཀག་འགོག་བྱེད་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་ཞིག་དང་། སྲིད་གཞུང་གིས་ཞི་རྒོལ་བ་རྣམས་རྒྱལ་ཁབ་དེ་ཉིད་ཀྱི་མི་མང་གི་སར་མ་བཞག་པར་རྒྱལ་ཁབ་གཞན་གྱི་བཙན་རྒོལ་བ་ཞིག་གི་ངོས་ལ་བཞག་སྟེ་དྲག་འཐབ་བྱས་པ་ཞིག་ཡིན་སྟབས། དེ་ལྟའི་རྒྱལ་ཁབ་ཅིག་ལ་མི་མང་སུས་ཀྱང་དང་ལེན་དང་ཡིད་ཆེས། བརྩི་བཀུར་བཅས་བྱེད་དཀའ་བ་ཡིན།
འོན་ཀྱང་རྒྱ་ནག་གིས་སྔ་ཕྱི་རིམ་པར་མི་མང་གི་ངོ་རྒོལ་ལ་རྒྱལ་སྲུང་དམག་མིས་དྲག་རྒོལ་ཐེངས་དུ་མར་བྱས་ཡོད་ཅིང་། སྒོས་སུ་ཉིས་སྟོང་བརྒྱད་ལོའི་བོད་ཀྱི་ཞི་རྒོལ་ཆེན་མོ་དང་། ཡུ་གུར་མི་རིགས་ཀྱི་ཞི་རྒོལ་སོགས་མི་མང་གི་སྲིད་གཞུང་ལ་ངོ་རྒོལ་སྔ་ཕྱིར་བྱུང་བའི་སྐབས། བདེ་སྲུང་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པའི་གྲངས་འབོར་ལས་བརྒལ་བའི་དམག་མི་འབོར་ཆེན་མངགས་ཏེ་མི་མང་གི་ངོ་རྒོལ་ལ་བཀག་འགོག་བྱས་ཤིང་། དེ་ལྟར་བཀག་འགོག་བྱས་པ་ནི་མི་མང་ལ་ཆེད་དུ་བཙན་གནོན་དང་དྲག་གནོན་སོགས་བྱེད་ཀྱིན་པའི་དཔང་རྟགས་གསལ་བོ་ཞིག་ཏུ་གྱུར་ཡོད། བྱ་སྤྱོད་དེ་དག་གིས་རྒྱ་ནག་དམར་པོའི་གཞུང་ལ་རྒྱལ་སྤྱིའི་ཁ་སྡང་དང་གནོན་ཤུགས་བསྟུན་མར་ཐེབས་པ་མ་ཟད། རྒྱ་ནག་མི་མང་ཁྲི་སྟོང་མང་པོས་ཀྱང་བྱ་སྤྱོད་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་དང་། བྱ་སྤྱོད་འདིས་མི་མང་ལ་ཡིད་ཆེས་བརླག་པར་བྱས་པ་མ་ཟད། སྲིད་དབང་སྒེར་གཅོད་རིང་ལུགས་པའི་བྱས་ཉེས་དང་ནག་ཉེས་ཡིན་ཚུལ་ཀྱི་སྐྱོན་བརྗོད་ཤུགས་ཆེར་བྱུང་བ་བཅས་ནི་རྒྱ་ནག་དམར་པོའི་གཞུང་གིས་ཆེས་བཟོད་མི་ཐུབ་པའི་ན་ཟུག་ཐུ་མོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་འདི་ཡང་རྒྱ་ནག་དམར་པོའི་གཞུང་གིས་ངེས་པར་ཐག་གཅོད་བྱེད་དགོས་པའི་གནད་དོན་གཟུར་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། འདི་ནི་རྐྱེན་རྩ་གཉིས་པ་ཡིན།
གོང་བརྗོད་གནད་དོན་འདི་དག་གི་རྐྱེན་དང་གོང་གསལ་རྐྱེན་རྩ་དེ་གཉིས་ལ་བརྟེན། ད་ལྟ་རྒྱ་ནག་དམར་གཞུང་གིས་ཉམས་ཞིབ་དང་བསམ་གཞིག་གང་མང་བརྒྱུད་དེ་ཐག་གཅོད་བྱུང་བ་ནི། མགྱོགས་མྱུར་ངང་རྒྱལ་སྲུང་དམག་མི་འབོར་ཆེན་དྲག་ཆས་ཉེན་རྟོག་པར་བསྒྱུར་རྒྱུ་དེ་ཡིན་ཞིང་། ཁོ་ཚོས་རྒྱལ་སྲུང་དམག་མི་གྲངས་འབོར་དེ་ཙམ་དྲག་ཆས་ཉེན་རྟོག་པར་བསྒྱུར་བ་ནི་མདའ་གཅིག་གིས་བྱ་གཉིས་གསོད་ཐུབ་པའི་གཡོ་ཇུས་ཡག་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཐུབ་ཀྱིན་ཡོད་ཅིང་། འདི་ལྟར་བྱས་པས་རྒྱལ་སྤྱིའི་ཁ་སྡང་འགོག་ཐུབ་པ་དང་། མི་མང་ལ་ཚོད་འཛིན་ཀྱང་བྱེད་ཐུབ་པ་མ་ཟད། ཐབས་བྱུས་འདིས་རྒྱལ་སྤྱིའི་སྟེང་ལ་རྒྱ་ནག་དམར་གཞུང་གི་ངོ་གདོང་ཇེ་ཡག་ཏུ་གཏོང་ཐུབ་པའི་ངོས་འཛིན་ཀྱང་བྱེད་ཀྱིན་ཡོད། དེ་ནི་གཤམ་གསལ་རྒྱུ་མཚན་འདི་གཉིས་ཀྱིས་གསལ་ཁ་ཕྱེ་ཡོང་།
དེ་ཡང་གཅིག་ནས་དྲག་ཆས་ཉེན་རྟོག་པར་བསྒྱུར་བའི་དམག་མི་ཁྲི་བརྒྱད་ཅུ་ལྷག་ནི་དམག་ཁྲོད་ནས་ཁྱད་ལས་ཐོན་པའི་དམག་མི་རྐྱང་ཡིན་པ་དང་། ཁྱད་ལས་ཐོན་པའི་དམག་གྲངས་དེ་ནི་དུས་དང་ནམ་དུའང་དམག་འཐབ་ཏུ་ཞུགས་ཆོག་ཆོག་ཡོད་པ་མ་ཟད། ནང་ཁུལ་ཀྱི་མི་མང་གི་ངོ་རྒོལ་ལ་དྲག་གནོན་གྱི་ནུས་ཤུགས་ཆེན་པོ་ལྡན་ཡོད། གྲངས་འབོར་དེར་གཏོགས་པའི་དམག་མིའི་འགྲོ་གྲོན་ཀྱང་རྒྱ་ནག་གི་ལོ་རེའི་དམག་དོན་འགྲོ་གྲོན་ལ་བརྩི་མི་དགོས་ཤིང་། མི་མང་དྲག་ཆས་ཉེན་རྟོག་པའི་འགྲོ་གྲོན་ཏུ་བསྲེས་ཆོག་སྟབས། རྒྱལ་སྤྱིའི་སྒང་གི་རྒྱ་ནག་གི་དམག་དོན་འགྲོ་གྲོན་ཤུགས་ཆེར་སོང་ཚུལ་ཀྱི་གནོན་ཤུགས་དང་ཁ་སྡང་ཡང་འགོག་ཐུབ།
གཉིས་ནས་ད་ལྟའི་རྒྱ་ནག་ནང་ཁུལ་དུ་མི་མང་གི་ངོ་རྒོལ་དང་། བོད་གཙོས་པའི་མི་རིགས་འདྲ་མིན་གྱི་ཞི་རྒོལ་དང་འཐབ་རྩོད་རྒྱུན་མ་ཆད་པར་ཡོང་བཞིན་པ་བཅས་ལ་ཕུགས་རྒྱང་རིང་བོའི་ཐག་གཅོད་དང་ཐབས་ཤེས་མི་འཚོལ་བར། དམར་པོའི་གཞུང་གིས་ངོས་ནས་གནད་དོན་དེར་དྲག་གནོན་གཅིག་པུས་ཐག་གཅོད་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་པ་དང་། མུ་མཐུད་གནད་དོན་འདིར་དྲག་གནོན་ཤུགས་ཆེ་རུ་གཏོང་འདོད་ཡོད་པ་མ་ཟད། དེ་ལྟར་དྲག་གནོན་དང་སྟངས་འཛིན་བྱེད་ཕྱོགས་ཀྱང་མི་མང་དྲག་ཆས་ཉེན་རྟོག་པ་ལས་གཞན་མེད་ཅིང་། དམག་དོན་ཁྱད་ལས་ཐོན་པའི་བདེ་སྲུང་མི་སྣ་དང་དྲག་ཆས་ཉེན་རྟོག་པ་ཁྲི་བརྒྱད་བཅུ་ལྷག་ཡོད་པ་འདི་ཡིས། རྒྱལ་ནང་གི་ངོ་རྒོལ་བ་དང་ཞི་རྒོལ་བ་གང་ཡིན་ཡང་དྲག་གནོན་བྱེད་ཐུབ་པ་མ་ཟད། དྲག་གནོན་དེར་མི་མང་གིས་ངོ་རྒོལ་དང་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་མི་ཐུབ་པའི་ངོས་འཛིན་བྱེད་ཀྱིན་ཡོད།
རྒྱུ་མཚན་འདི་གཉིས་ཀྱིས་རྒྱ་གཞུང་གིས་ཐེངས་འདིའི་དམག་དོན་བཅོས་བསྒྱུར་ནི་ཐབས་ཟད་ཨུ་ཐུག་ཏུ་གྱུར་པའི་གནས་བབ་ཁྲོད། རྣོ་དབལ་ཤིན་ཏུ་ཆེ་བའི་ཆབ་སྲིད་ཀྱི་བྱེད་ཐབས་གསར་བ་རྙེད་པར་ངོས་འཛིན་དང་། གནས་ཚུལ་འདིར་ཆེས་མཐོའི་དཔོན་རིགས་ཁག་གིས་དགའ་བསུ་བྱེད་ཀྱིན་པ་མ་ཟད། ཐབས་བྱུས་འདིས་གོང་ཡོད་གནད་དོན་ཁག་གཙང་སེལ་ཐུབ་པའི་ཡིད་ཆེས་ཀྱང་བྱེད་ཀྱིན་ཡོད། དེ་བས་རྒྱ་ནག་གི་ཐེངས་འདིའི་དམག་དོན་བཅོས་བསྒྱུར་བྱེད་སྟངས་འདི་ཡིས། རྒྱ་ནག་་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གཏིང་མཐོང་བར་བྱས་ཡོད་ལ། མུ་མཐུད་བོད་གཙོས་པའི་མི་རིགས་ཁག་གི་ངོ་རྒོལ་གྱི་ཉེན་ཁར་དྲག་གནོན་བྱ་རྒྱུ་ཡིན་པའི་ཚོད་དཔག་ཀྱང་བྱ་ཐུབ་པ་ཡིན། རྒྱ་ནག་གིས་ད་ལྟའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་དམིགས་ཡུལ་སྐོར་ནས་རྩོམ་ཡིག་ཟུར་དུ་འབུལ་འདོད་ཡོད་པས། དེ་བཞིན་རྩོམ་ཡིག་གཞན་ནས་གླེང་ཁུལ་བྱ་ངེས།
གཤམ་གྱི་དྲ་རྒྱ་འདིར་གཟིགས་གནང་དང་ཨ་རི་དང་རྒྱ་ནག་གི་དབར་ལ་དམག་དོན་གྱི་ནུས་ཤུགས་སུ་ཆེ་དེ་ནས་ཤེས་ཡོད།
http://www.bbc.co.uk/news/world-asia-pacific-13450316
ལ་སྟོད་བུ་ལགས། རྩོམ་ཡིག་འདིས་དམག་ཤུགས་སུ་ཆེ་ལ་འགྲན་གྱིན་མེད། དམག་ཤུགས་བཅོས་བསྒྱུར་བྱེད་སྟངས་ཀྱི་བརྒྱུད་རིམ་ལས་དམག་ཤུགས་བཀོལ་ཡུལ་གཙོ་བོ་ངེས་ཟིན་དགོས་པ་དེ་ཡིན།