ཀིརྟི་སྐྱབས་ཀྱིས།
༄༅།།བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གཏོང་བཞིན་པའི་ཁྲོད། ༸གོང་ས་མཆོག་གི་སྐུ་དབང་རྣམས་བཀའ་ཁྲི་སོགས་ཆེས་མཐོའི་དབུ་ཁྲིད་རྣམས་ལ་ཆ་བགོས་གནང་བས་དབུ་ཁྲིད་རྣམ་པའི་འགན་དབང་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ནའང། གཞུང་གི་མིང་དང་ལས་རྟགས་སོགས་ཀྱི་ངོ་བོ་དང་རྣམ་པ། ནུས་པ་གང་ཐད་ནས་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཆེ་ཆུང་གི་འགལ་འདུ་འདིའི་ངོས་རེ་རེ་བཞིན་ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་རེ་ཡིན་ཞིང། རྒྱ་ནག་དང་བཅས་པའི་འཛམ་གླིང་ཡུལ་ཁག་ཚང་མས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། བོད་ཕྱི་ནང་གི་བོད་མི་ཚོས་དེ་བས་ཀྱང་དོ་སྣང་དང་བསམ་འཆར་འདྲ་མིན་འདོན་བཞིན་ཡོད།
བཙན་བྱོལ་བོད་གཞུང་འདི་ལ་ངོ་བོ་གཉིས་ལྣན་ཡོད། གཅིག་ནས་སྔ་མོའི་བོད་རང་བཙན་སྐབས་ཀྱི་སྲིད་གཞུང་དེའི་རྒྱུན་ཡིན་པས་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་ཡིན། གཉིས་ནས་བཙན་བྱོལ་དུ་གྱར་བའི་བོད་མི་རྣམས་ཀྱི་འཛིན་སྐྱོང་གི་སྒྲིག་འཛུགས་ལྟེ་བ་དེ་ཡིན། སྔ་མ་ནི་བོད་མི་རང་ཉིད་མ་གཏོགས་འཛམ་གླིང་གི་རྒྱལ་ཁབ་སུས་ཀྱང་ཁས་ལེན་གྱི་མེད་ནའང་བོད་མི་ཚོས་དེར་ངོས་འཛིན་ཆ་ཚང་བྱེད་ཀྱི་ཡོད། ཕྱི་མ་ནི་རྒྱལ་ཁབ་མང་པོས་ཁས་ལེན་གྱི་ཡོད་ཅིང། ལྷག་པར་གནས་ཡུལ་རྒྱ་གར་གཞུང་གིས་ཁས་ལེན་ཆ་ཚང་ཡོད་པའི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་ཡིན། ད་བར་དུ་བཙན་བྱོལ་བོད་གཞུང་གིས་ཕྱོགས་དེ་གཉིས་ཀའི་ ལས་དོན་གནང་དང་གནང་བཞིན་ཡོད་ནའང་ད་ཆ་སྔ་མ་དེ་ལ་འགྱུར་བ་འགྲོ་བཞིན་ཡོད། དཔེར་ན་བོད་གཞུང་ཞེས་པའི་མིང་ཡང་མེད་པར་བཟོ་བཞིན་ཡོད། འདི་ལ་བོད་མི་མང་པོས་མི་འཐད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད་ནའང། དོན་དངོས་ཐོག་བོད་ཡིག་བོད་སྐད་ནང་མ་གཏོགས་དབྱིན་ཡིག་ནང་མིང་འདི་སྔ་མོ་ནས་མེད་པར་གྱུར་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་འབོད་མུས་ཡིན། འོན་ཀྱང་སྤྱི་འཐུས་ཚོགས་གཙོས་ཁ་སང་ཨ་རིའི་ voa བརྙན་འཕྲིན་བརྒྱུད་གསུངས་པ་ལྟར་མིང་ཙམ་མ་གཏོགས་དོན་ལ་འགྱུར་བ་སོང་མེད་ཅེས་གནད་ཡོད་མི་སྣང་མང་པོས་གསུང་གི་ཡོད། ཡིན་ནའང་ངས་བལྟས་ན་མིང་ཙམ་མིན་པར་དོན་ལའང་འགྱུར་བ་སོང་ཡོད་ལ། གལ་ཏེ་ད་ཕན་འགྱུར་བ་སོང་མེད་ནའང་མ་འོངས་པར་འགྱུར་བ་འགྲོ་རྒྱུ་ཡིན་སྙམ། དེའི་རྒྱུ་མཚན་ནི།
གཅིག ང་ཚོས་དབུ་མའི་ལམ་ནས་རང་སྲིད་རང་སྐྱོང་རྩོད་པ་ལས་རང་བཙན་མི་རྩོད་རྒྱུ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཐག་བཅད་ཚར་བ་ལྟར་ད་ཆ་གཞུང་གི་སྲིད་བྱུས་དེའི་ཐོག་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གིས་འདི་ལ་ངོས་ལེན་བྱས་པའི་ཉིན་མོར་རྒྱ་མིའི་མངའ་འོག་གི་རང་སྲིད་རང་སྐྱོང་ཞིག་ཆགས་པ་ཡིན་པས་དེ་དུས་སྔ་མོའི་བོད་གཞུང་གི་མིང་དོན་གཉིས་ཆ་མེད་པར་ཆགས་ཚར་བ་རེད། འདི་འདྲ་ཞིག་ཆགས་རྒྱུར་ང་ཚོས་མོས་མཐུན་བྱས་ཚར་ཡོད་པས། ད་བོད་གཞུང་ཞེས་པའི་མིང་བསྒྱུར་ན་འགྲིག་གི་མི་འདུག་ཅེས་བསམ་འཆར་བཤད་པ་འདི་འཕྱིས་དྲགས་པ་མ་རེད་དམ།
གཉིས། བཙན་བྱོལ་བོད་གཞུང་ཞེས་པ་འདི་རྒྱལ་ཁབ་སུས་ཀྱང་ཁས་ལེན་གྱི་མེད་པར་མ་ཟད། རྒྱ་གར་གཞུང་གི་ཁྲིམས་ཁང་ནས་མིང་འདི་གཏན་འགོག་བྱེད་རྒྱུའི་ཉེན་ཁ་སླེབས་ཡོད། གཞན་གྱིས་མ་བཀག་གོང་ལ་རང་ངོས་ནས་ཐབས་ཤེས་བྱས་ཏེ་བསྒྱུར་ན་རྗེས་སོར་མ་མཐའ་ཡང་འཛམ་བུ་གླིང་གི་མདུན་དུ་ངོ་ཚ་ཉོ་མི་དགོས་པ་ཞིག་ཡོང་རྒྱུ་འདི་རྣམ་དཔྱོད་ཅན་གྱི་བྱེད་སྟངས་ཤིག་རེད། མ་གཞི་ནས་གོང་དུ་བཤད་པ་ལྟར་བོད་ཡིག་བོད་སྐད་ནང་མ་གཏོགས་དབྱིན་ཡིག་དབྱིན་སྐད་ནང་སྔ་མོ་ནས་བསྒྱུར་ཚར་ཡོད་པ་དེ་རེད།
གསུམ། ༸གོང་ས་མཆོག་གིས་གསུངས་པ་ལྟར་རེ་བ་ཡག་ས་དང་གྲ་སྒྲིག་སྡུག་ས་ལ་བྱེད་དགོས་པས། གལ་སྲིད་ད་དུང་ང་ཚོ་རྒྱ་གར་ནང་དུ་ཡུན་རིང་གནས་དགོས་བྱུང་ཚེ་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པར་བྱས་ཚེ་གནས་ཐུབ་པ་ལས་ཁྲིམས་འགལ་བྱས་ཚེ་གནས་ག་ལ་ཐུབ། ང་ཚོས་འདིར་རྒྱལ་ཁབ་ཅིག་གི་སྲིད་གཞུང་གི་མིང་དང་རྟགས་བཟུང་ན་དེ་རྒྱ་གར་གཞུང་གི་ཁྲིམས་དང་མི་མཐུན་པ་མཁྱེན་གསལ་རེད། ད་ལྟ་བར་དུ་རྒྱ་གར་གཞུང་གིས་མ་མཁྱེན་མདོག་མདོག་བྱས་ཏེ་བཞག་པ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་ལ་བལྟས་པ་ཁོ་ན་རེད། མ་འོངས་པར་སྡུག་ས་ལ་བསམ་བློ་་བཏང་ཚེ་རྒྱ་གར་གཞུང་གིས་མུ་མཐུད་འདི་ལྟར་གནང་རྒྱུ་ཁག་པོ་ཡིན་པས་ད་ལྟ་ནས་གྲ་སྒྲིག་གམ་བསྒྱུར་བཅོས་བཏང་ན་ལེགས་སྙམ།
བཞི། གཞུང་གི་མིང་བསྒྱུར་ནའང་ནང་དོན་རང་རེའི་རྩ་དོན་སྒྲུབ་པའི་བྱ་བ་རྣམས་སྔར་བཞིན་སྒྲུབ་ཐུབ་ཀྱི་རེད་གསུང་གི་ཡོད་པ་ལྟར་དེ་ཕལ་ཆེར་ཐུབ་རྒྱུ་རེད། དེ་བྱུང་ན་མིང་ཙམ་ལ་འགྱུར་བ་ཐེབས་ནའང་དེ་ལ་སྐྱོན་ཆེན་པོ་རང་མི་འདུག་སྙམ། སྤྱིར་བཙན་བྱོལ་བ་དང་སྐྱབས་བཅོལ་བ་ཞིག་ཡིན་ཕྱིན་གཞན་དབང་སྟབས་བསྟུན་བྱེད་རྒྱུ་ལ་ནང་ཡང་གཡོལ་ཐབས་མེད་པ་འདི་དངོས་ཡོད་གནས་ཚུལ་ཞིག་ཡིན་ནོ།།
གྲོགས་པོ། རྩེད་མོ་ཡིན་་་ང་དང་ཁྱེད་ལ་ནུས་པ་གང་ཡང་མེད་་རྗེས་མའི་བཀའ་ཁྲི་གསར་བའི་ངོ་གདོང་བློ་སེང་རེད་ནང་ལོག་ད་དུང་ཟམ་གདོང་རེད།
གསར་བ་རེ་བ་མེད་་འོན་ཀྱང་བ་ཚོས་བཟོས་པ་རེད་དོ།
ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་བཞུགས་པ་ནས་ཆབ་སྲིད་ཐ་སྙད་མང་པོ་ཞིག་བསྒྱུར་བཞིན་འདུག རིན་པོ་ཆེས་མ་མཁྱེན་པ་དང་། སེམས་ཤུགས་མེད་པ་དེ་འདྲ་རྩ་བ་ནས་ཡིན་རྒྱུ་མ་རེད། དེ་ལ་རྒྱལ་སྤྱིའི་ཐོག་ནས་སམ། གནས་ཡུལ་རྒྱ་གར་གཞུང་ནས། ཡང་ན་རྒྱ་ནག་ཕྱོགས་སོགས་གང་རུང་ཞིག་ནས་མ་འགྲིག་པ་ཞིག་བཟོ་བཞིན་པ་ཏན་ཏན་ཡིན་རྒྱུ་རེད། འོན་ཀྱང་བོད་འབངས་རྣམས་ཀྱི་རང་རང་གིས་བསམ་ཚུལ་བཤད་ཆོག་རྒྱུ་རེད་འདོད། ང་ལ་མཚོན་ན་ཡང་དེའི་ནང་ནས་དོག་པ་ཞིག་ཡོད་པ་ནི། གཅིག་བྱས་ན་རྒྱ་ནག་དང་ནང་དོན་ཐོག་ནས་ཞི་འགྲིག་ཡོང་གི་མེད་དམ་སྙམ་པ་གཅིག་དང་། ཡང་གནས་ཡུལ་རྒྱ་གར་གཞུང་ནས་གནོན་ཤུགས་སྤྲོད་ཀྱི་མེད་དམ་སྙམ་མོད། དགོས་དབང་དེ་གཉིས་གང་རུང་མ་ཡིན་ན། ད་ལྟ་བསྒྱུར་བཅོས་གཏོང་བཞིན་པ་འདི་དག་ངོ་ནས་ནག་ཉེས་ཆེན་པོ་རེད།
བོད་གཞུང་གི་མིང་བཀོལ་སྤྱོད་ལ་འགྲིག་དང་མ་འགྲིག་སྣ་ཚོགས་གསུང་མཁན་འདུག ཕྱོགས་གཅིག་ནས་བལྟས་ན་གཉིས་ཀ་ལ་བདེན་པ་ཡིན་པའི་བཟོ་འདུག འོན་ཀྱང་ཁྱེད་ཀྱིས་བྲིས་པའི་རྒྱབ་སྐྱོར་རྩོམ་དེ་ནི་རྒྱབ་སྐྱོར་གྱི་རྒྱུ་མཚན་ཡག་ཤོས་དང་བདེན་ཤོས་ཤིག་ཏུ་མཐོང་། ཁོ་བོས་དྲན་སོས་པ་ཞིག་ལ་༸གོང་ས་མཆོག་གི་ཨིན་སྐད་ནང་དུ་བཙན་བྱོལ་བོད་གཞུང་Exile government ཞེས་པའི་ཐ་སྙད་འདི་མི་འགྲིག་པར་གསུངས་པ་ཡང་སེ་ཐོས་མྱོང་། མཐར་ཐུག་ན་རྒྱུ་མཚན་དེ་འདྲས་གཅིག་ལ་ཐུག་གི་འདུག་སྙམ། ད་ལྟ་བོད་ཡིག་ཟིན་བྲིསཔ་མང་པོའི་སེམས་ཚབ་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་འདི་ཁྱབ་ཆེ་བ་དང་ནུས་པ་ཆེ་བའི་བཟོ་མཐོང་གིན་ཡོད་ས་རེད། དཔེར་ན། ཨིན་ཡིག་ནང་དུ་ Tibetan govt in exile ཞེས་པའི་ཐ་སྙད་དེ་གསར་འགྱུར་གང་དུ་ཡིན་ན་ཡང་བཀོལ་བཞིན་ཡོད། འོན་ཀྱང་། བཙན་བྱོལ་གཞུང་གི་ཐ་སྙད་ངོ་མ་ནི། Central Tibetan Administration ཡིན། ཕལ་ཆེར་དེ་ཐད་ཀར་བོད་ཡིག་ཐོག་སྒྱུར་ན་བོད་དབུས་ཀྱི་སྒྲིག་འཛུགས་དམ་གོ་བདེ་བར་འབྲི་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་གོ་གིན་འདུག བྱས་ཙང་། ཡིན་ན་ཡང་བོད་ཡིག་ཐོག་ནས་ལྟ་སྐབས་ཁྱབ་ཆུང་བའི་བཟོ་འདུག་གསུངས་མཁན་གཅིག་འདུག་པ་དེ་བདེན་པ་རེད།
རང་རེའི་སྤྱི་ཚོགས་འདི་གསར་བསྟོད་ཀྱི་ནུས་པ་མེད་ལ་རྙིང་པ་རྩ་གཏོར་དུ་གཏོང་མཁན་འདྲ་ཞིག་རེད་འདུག ད་འགྱུར་བ་གཏོང་། ༧གོང་ས་མཆོག་གི་མཚན་ཚང་མ་སུབ། བོད་རྒྱལ་ཁབ་ཆེན་པོ་ཞེས་པའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་མིང་དེ་ཡང་མེད་པ་བཟོས། ༧སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ཞེས་ཡུར་གྱར་བ་ཉུང་ཤས་ཤིག་གི་གཞུང་ཡིན་པ་འདྲ་བོ་ཞིག་བཟོས་ན་ད་ཟོད་སྐུ་ངོ་སྤྱི་འཐུས་དང་། སྐུ་ངོ་བཀའ་བློན་རྣམས་ཐུགས་བློ་བདེ་བ་ཡིན། འོན་ཀྱང་གཞིས་བཞུགས་བོད་མི་སྙིང་རྗེ།
བཙན་བྱོལ་བོད་གཞུང་། འདི་དོན་དངོས་དང་མཐུན་པའི་མིང་རེད། མ་འོང་པར་དགོས་པ་དགོས་བྱེད་ཡོད་ན་གཞིས་བྱེས་མི་དམངས་ནས་མང་གཙོའི་ལམ་ནས་མིང་འདི་བསྒྱུར་ཆོག ད་ལྟ་ནས་སོ་སོའི་གང་སྡུག་སྡུག་མ་བྱས་ན་ཡག་བ་རེད། བོད་བསོད་བདེ་ཟད་བའི་དྭ་ཕྲུག་ནང་བཞིན་གང་སྡུག་སྡུག་བྱ་བཞིན་པ་ལ་སེམས་ཕམ་ཡོད། གཅེས་བའི་ལུས་སྲོག་ལོང་སྤྱོད་ཡོངས་གཏང་བའི། རྒྱལ་གཅེས་དཔའ་བོ་དང་། དཔའ་མོ་རྣམས་ཤི་དུར་ཁུང་ནས་ངུ་བཞིན་ཡོད
མགོ་བཀའ་ཁྲི་གཙོས་པའི་གཞུང་གི་ལས་སྣེ་ཡོངས་ཀྱིས་བོད་ཕྱི་ནང་མི་མང་གི་ཚབ་མཚོན་ཐུབ་ཀྱིན་ཡོད་དམ་མེད། མེད་ན་གང་བྱུང་གིས་གཞུང་མིང་དང་འཚོགས་པ་ཁག་གི་མིང་བཅས་བསྒྱུར་ཆོག་ཆོག་རེད་པ། ཚབ་མཚོན་ཐུབ་ཀྱིན་ཡོད་ན་མིང་བསྒྱུར་ཆོག་ཆོག་ཅིག་འེ་ཡོད་ན། དེ་འདྲ་རྒྱ་ནག་ལ་ཞེ་དགོས་པ་འེ་ཡོད། གཞུང་མིང་ལ་སོགས་པ་བསྒྱུར་ནས་ཕན་ཅིག་ཐོགས་ཀྱིན་ཡོད་ན་དེ་ཟེར། དེ་སྔོན་ང་ཚོས་རང་བཙན་བརྩད་པ་རེད། རང་བཙན་དེ་ཡང་ག་ལེར་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ལ་བསྒྱུར་སོང་བ་རེད། རང་བཙན་རྩོད་ཀྱིན་པའི་སྐབས་དེར་ཏིང་གི་ཁ་ནས་རང་བཙན་ལས་གཞན་པའི་གྲོས་མོལ་ཡོང་ནི་རེད་ཅེས་ཤོར་དགོས་ཐུབ་འདུག་ག ཁ་སང་དེ་རིང་ཅི་འདྲའི་ཕར་གུ་ཡངས་བཏང་ཡང་ཚུར་ཇེ་སྡུག་ཇེ་སྡུག་ཏུ་འགྲོ་གིན་ཡོད་པའི་རྐྱེན་གཅིག་ནི། གཞུང་གི་ལངས་ཕྱོགས་བརྟན་པོ་མེད་པར་བསྒྱུར་ ཆོག་ཆོག་ཏུ་མཐོང་བ་དང་། ཕར་འདི་འགྲིག་གིན་མི་འདུག་གན་འགྲིག་གིན་མི་འདུག་ལབ་ན་ཉན་ཆོག་ཆོག་ཡོད་པར་མཐོང་གིན་ཡོད་པས་རེད་པ། དེ་ཙམ་ཡིན།
དྲ་གྲོགས་ཚོ་ད་དུང་ང་ ཚོ་འགྱུར་བ་གཏོང་ཡག་གི་ཚིག་ཁ་ཤས་ལྷག་འདུག་དཔེར་ན་ང་ཚོའི་སྲོལ་རྒྱུན་འབོད་ སྲོལ་ལ་རྗེ་ཡབ་སྲས་གསུམས་ལྟ་བུ་ཡིན་དེ་འགྱུར་བ་མ་བཏང་བ་ཡིན་ན་མ་འོངས་པར་ ཁྲིམས་ཐོག་ནས་དཀའ་ངལ་ཞིག་འཕྲད་པའི་བཟོ་འདྲ་བོ་འདུག་ཧཧཧཧཧཧཧཧཧཧཧཧ
དྲ་གྲོགས་ཚོ་་འདས་པའི་ཉམ་ མྱོང་ལ་ཞིག་ན་ང་ཚོས་ཕྱོགས་ཡོང་ནས་ལྕགས་གསེར་ལ་འསྒྱུར་བའི་འབད་བརྕོན་བྱས་པ་ ལས་།གསེར་ལྕག་ལ་འསྒྱུར་བའི་ཐབས་ཤེས་བྱེད་མི་རུང།
ལྟ་བཟོ་བསྟན་བཟོ་མེད་པའི་ཐ་སྙད་འགའ།
གསར་དུ་བཟོས་ནས་ལྷག་བསམ་ཡིན་མདོག་གིས།
མ་འོངས་བོད་མིའི་མདུན་ལམ་ཆུ་ལ་གཡུག།
དེ་དག་བསམ་ན་དབང་མེད་མིག་ཆུ་ཤོར།
མིང་བསྒྱུར་ཙམ་གྱིས་གསར་གཏོད་དང་སྙིང་སྟོབས་མཚོན་མི་ནུས་་་བཙན་བྱོལ་བོད་གཞུང་་་དོན་སྒྱུར་དགོས་ན་་་བྲོས་འདུས་ཚོགས་པའམ་་བོད་དོན་སློང་མོ་སྒྲིག་འཛུགས་ཞེས་འབོད་རུང་་་གཞན་ཆུ་བཞི་སྒང་དྲུག་བཏགས་བོད་དབྱིན་གང་ལ་འགོག་མཁན་མེད་པ་འདྲ་ ལེགས་སོ།
མ་གཞི་གོང་ས་མཆོག་ནས་དགའ་ལྡན་ཕོ་གྲང་ཞེས་བ་འདི་འཇུག་རྫོགས་བ་འམ་བཅོས་སྒྱུར་བྱ་དགོས་གསུང་གནང་བ་ལས་བོད་གཞུང་མིང་ཙམ་ཡང་མེད་བ་སྒྱུར་དགོས་གསུང་བ་མེད།
ཁྱེད་རང་གི་གསུང་པ་དེན་པ་རེད།། བོད་གཞུང་མིང་ལ་སྒྱུར་བ་གཏང་དགོས་པ་གང་ཡིན་ནམ??????????
ང་ཚོའི་དགོངས་པ་དང་དགོངས་གཞི་ཤེས་དགོས།
འཛམ་གླིང་ཞི་བདེའི་དེད་དཔོན་བདག་ཉིད་ཆེན་པོ་སྟན་འཛིན་རྒྱ་མཚོ་མཆོག་ནས་འཇིག་རྟེན་ཆོས་བརྒྱད་དང་བྲལ་བའི་འཇིག་རྟེན་ལས་འདས་བའི་ཡང་དག་པའི་ལྟ་བ་དང་། སེམས་པ་ཆེན་པོའི་ཐུགས་རྗེའི་རང་མདངས་ཞིག་རེད། ང་ཚོའི་འཇིག་རྟེན་བའི་བསམ་ཚུལ་དོར་ནས། མཐའ་བཞི་མཐའ་བརྒྱད་དང་བྲལ་བའི་དགོངས་པ་ལ་དགོངས་པ་དང་མི་འགལ་བའི་ཆོད་སེམས་དང་། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། ད་ལམ་འཛམ་གླིང་མི་དམངས་འདུན་རྒྱ་དམར་གི་གདོང་རིས་ཚ་ལམ་ལམ་ཡོང་བའི་ཞི་བའི་ཉི་འོད་དང་བདེན་པའི་རྒྱལ་མཚན་སྒྲེང་བ་རེད། མཚན་གནས་གང་བྱུང་ཕུལ་ན། རྣམ་པ་འགྱུར་བའི་རྒན་ཡོལ་ཟེར་ངེས་བས་ཟབ་ཟབ་གནང་དགོས། འཕགས་པའི་དགོངས་པ་གང་ཡིན་ཟེར་ན། མཚན་གནས་ཐོབ་པ་མེད། མཚན་གནས་མ་ཐོབ་པ་མེད་བ་དེ་རེད། འཇིག་རྟེན་པ་ནི་མཚན་གནས་ཐོབ་པ་མེད་ལ་། མཚན་གནས་མ་ཐོབ་པ་ཡང་ཡོད་དོ།
སྐྱུར་རྩི་ཁྱོད་བདེན་པ་རང་འདུག་་་་་