བོད། ལྷ་ཀླུ་་གཉན་གསུམ།
ཁ་རོག་གེར་འདི་ལྟར་བུད་སོང་བའི་ཉིན་ཞིག་བྱུང་དུས། ངས་རྗེས་སུ་མིག་ཆུ་གཏོང་མཁན་དེ་དག་ནི་རང་ཉིད་ལ་ཆེས་སྙིང་ཉེ་བའི་མི་དེ་དག་ཡིན་སྲིད་དམ། ཕལ་ཆེར། འཇིག་རྟེན་གྱི་ཆོས་ཉིད་དང་བསྟུན་ནས་བཤད་ན། ལོས་ཡིན། དེ་དག་ནི་རང་ཉིད་ལ་སྙིང་ཉེ་བའི་མི་དག་ཡིན་ངེས་རེད། དེ་དག་གི་མིང་ཡང་། དྲིན་ཆེན་གྱི་ཕ་མ་གཉིས་དང་། གཅེས་པའི་ཨ་མྱེ། བརྩེ་བའི་སྤུན་ཟླ་དང་ཉེ་མི་ཚོ་ཡིན་སྲིད་པ་རེད།
འོན་ཀྱང་། ཁ་རོག་གེར་བུད་སོང་བ་དེ་ཡི་མིང་དུ་ཅི་ཞིག་འབོད་པ་རེད། རེད་རེད། ཀུན་གྱིས་མི་འདོད་པའི་ཡུལ། སུ་ལ་ཡང་རྒྱུས་མངའ་མེད་པའི་གནས་གཞན་ཞིག་སྟེ། མིང་དངོས་ལ་ཕྱི་མ་ཟེར་བ་དང་། ཤི་བ་ཟེར་བའི་མིང་དེ་ཐོབ་རྗེས་སུ་རེད། འོ་ན། ང་རང་ག་དུས་བུད་འགྲོ་བ་རེད། མ་རེད། ག་དུས་ཤི་སྲིད་པ་རེད། དེ་ལ་དངོས་ནས་ངེས་བརྟན་མེད། གློ་བུར་གློ་བུར་ཞིག་ཡིན་སྲིད། རྒས་ཀྱང་སྲིད། སྐར་མ་གཅིག་གི་སྔ་གཞུག་ཡང་ཡིན་སྲིད། ཡི་གེ་འདི་བཏགས་མ་ཚར་གོང་དེར་ཡང་ཡོང་སྲིད། མཐའ་མཇུག གནས་དེ་རུ་འགྲོ་འདོད་མཁན་གྱི་མྱི་ཟེར་བ་ཧ་ཅང་ཉུང་ཚོད་ཡིན་ཡང་། ཉུང་མིན་ལ་མ་བལྟས་པར་བུད་འགྲོ་དགོས་པ་རེད།
དེ་ཡི་མིང་ལ་འཆི་བ་ཟེར་བ་ཡིན་དུས། འདི་ནས་བཟུང་འཆི་བ་ཟེར་ནས་གླེང་། ང་རང་འཆི་བའི་ཕྱིར་ཉིན་དེ་ནས་བཟུང་། ངའི་ཆེད་དུ། ང་བསམ་ནས། ང་དྲན་ནས། མིག་ཆུ་གཏོང་མཁན་གྱི་ཕ་མ་དང་ཉེ་མི་དག་གིས། དངོས་ནས་ང་ལ་མིག་ཆུ་དེ་ཡིས་ཕན་ཐོག་གམ། ཁོང་ཚོས་ཀྱང་མིག་ཆུ་དེ་དག་འཕུད་པས། སེམས་གཏིང་གི་དྲན་པ་སེལ་སྲིད་དམ། སྐྱོ་བ་སངས་སྲིད་དམ། དེ་ལ་ཡང་ལན་འདེབས་ཐུབ་མཁན་གྱི་མྱི་ཞིག་ཕལ་ཆེར་ངའི་ཉེ་ཁོར་དུ་མེད་ཚོད་རེད་ལ། ཡོད་ཀྱང་ངའི་མིག་གི་མཐོང་བར་མ་གྱུར་བར་ལུས་ཡོད་པ་འདི་ཡང་ངས་ནོར་འཁྲུལ་ཡིན་མི་སྲིད་པར་རེ་བ་ཡོད།
རེད་ཡ། ང་ཤི་རྗེས་སུ། བཞག་ཞོག ཤི་རྗེས་སུ་ག་རེ་བྱུང་མིན་དེ་ནི་ངས་ཤེས་མི་སྲིད་པ་ཞིག་ཡིན་ངེས། དེས་ན་ང་རང་མ་ཤི་བར་བསྡད་ཡོད་པའི་སྐབས་འདི་ལ་ངས་ག་རེ་བྱེད་དགོས་ཀྱི་ཡོད་དམ། ཤི་བའི་ཆེད་དུ་ལས་ཀ་རེ་བྱེད་དགོས་ཀྱི་ཡོད་པ་ཡིན་ནམ། གསོན་པའི་རིང་འདིར་དགོས་ངེས་ཀྱི་ལས་ཀ་རེ་བྱེད་དགོས་ཀྱི་ཡོད་དམ། དེ་ཡང་མ་ཤི་སྔོན་གྱི་སྐད་ཆ་ཞིག་རེད། ང་མ་ཤི་བར་བསྡད་ཡོད་པ་འདིས་ངའི་ཕ་མ་གཉིས་དང་ཉེ་མི་དག་ལ་བདེ་སྐྱིད་རེ་ཐོབ་ཀྱི་ཡོད་དམ། སེམས་རྩ་དྲོད་རེ་འཁོར་གྱི་ཡོད་དམ། ངས་ཀྱང་ཁོང་ཚོའི་ཆེད་དུ་ལས་ཀ་རེ་བྱེད་ཀྱི་ཡོད་དམ། བྱེད་དགོས་ཀྱི་རེད་དམ། བྱེད་དགོས་པ་དེ་དག་གང་ཡིན་ནམ། མ་བྱས་པ་ཡིན་ན་འགྲིག་གི་ཡོད་དམ། དེ་ཡང་མ་རེད། བྱེད་མིན་དེ་ཡང་རང་ཉིད་ལ་རེག་ལས་པ་ཞིག་ཡིན་ངེས་ན། བྱེད་ཐུབ་མིན་དེ་ནི་རང་ཉིད་ལ་རེག་ལས་པ་ཞིག་ཡིན་ནམ། དེ་ཡང་གནད་དོན་ཞིག་རེད། གང་ལྟར། མ་ཤི་གོང་དེར་ངའི་ཕ་མ་དང་ཉེ་འབྲེལ་དག་གི་ངའི་ཆེད་དུ་མིག་ཆུ་ཞིག་འཕུད་མི་དགོས་པ་ཡིན། དེས་ན་ང་རང་མི་ཤི་བར་གསོན་བསྡད་པ་དེ་གས་ཁོང་ཚོའི་རེ་འདོད་འགྲུབ་ཡོད་པ་རེད་དམ།
གང་ལྟར། ང་ཤི་ངེས་རེད། ངས་མི་ཤེས་པ་དེ་ནི་དུས་ཚོད་ཡིན། དུས་ཚིགས་ཡིན། ས་གནས་ཡིན། སྐར་ཆ་ཡིན། རྒན་གཞོན་ཡིན། ཤི་ངེས་པ་ནི་ངས་རྒྱུན་དུ་ཤེས་ཀྱི་ཡོད། སྐྱེ་བ་ནས་ཤི་བ་འགོ་བཙུགས་པ་དེ་ཡང་ངས་ཤེས་ཡོད། ཤི་བའི་རྗེས་ཀྱི་ང་རང་ཡང་ཡོད་སྲིད་དམ། ཤི་བའི་རྗེས་ཀྱི་ང་རང་ཡང་དེ་རིང་འདི་བཞིན། བོད་མི་ཞིག་དང་བོད་ཡིག་འབྲི་མཁན་གྱི་མྱི་ཞིག་གི་རྣམ་ཤེས་རུ་འཁོར་ངེས་རེད་དམ། དེ་དུས་ངའི་ཆེད་དུ་མིག་ཆུ་འཕུད་མཁན་དེ་དག་གི་འདོད་དོན་ལྷུན་གྱིས་འགྲུབ་སྲིད་དམ། མ་རེད། དེ་ཡང་སྐད་ཆ་ཞིག་མ་རེད། དྲང་མོ་བཤད་ན། ངས་སྐད་ཆ་ཞིག་བཤད་ཤེས་ཀྱི་མེད་པར་ཡུན་རིང་བོར་འགོར་བ་རེད། སྐྱེ་བ་ནས་བཟུང་བོད་སྐད་བཤད་པ་རེད། རེད་དེ། ང་ལ་ཕ་མ་གཉིས་ཀྱིས་བོད་སྐད་བསླབས་དེ་འཚར་ཡང་། ངས་བསྟུད་མར་བོད་སྐད་འདི་ཙམ་ཡང་རང་གི་བུ་ཕྲུག་དག་གི་ངག་སྒོར་འཇོག་ཐུབ་མིན་དེ་ངས་མི་ཤེས་ཀི དེ་ཡིན་དུས། ངས་ཅི་ཡང་ཤེས་མི་འདུག ངས་ཅི་ཡང་འཇོན་མི་འདུག ང་ཤི་སོང་རུང་མིག་ཆུ་འཕུད་དོན་གང་ཡང་མི་འདུག་གོ མཐའ་དོན་དེ་རེད་འདུག
འཆི་བ་མ་མི་རྟག་ནམ་མཁའི་གློག་ལྟར་མཚུངས།
ཞེས་པ་ལྟར། དྲ་གྲོགས་ཁྱེད་ཀྱིས་རྩོམ་ཡིག་ཡག་པོ་བྲིས་འདུག རྩོམ་ཡིག་དེ་ལ་བརྟེན་ནས་ངའི་སེམས་ལ་གཡོ་འགུལ་ཐེབས་སོང། ང་ཚོས་རང་ཉིད་ནམ་འཆི་ངེས་མེད་ཡིན་པ་ཤེས་བཞིན་དུ་ད་དུང་ལྟོ་གོས་གཏམ་གསུམ་གྱི་རྗེས་སུ་ཐང་ཆད་ཆད་རྒྱུགས་དགོས་དོན་གང་ཡིན་ནམ། དབང་དང་རྒྱུ་ནོར་ཆེད་དུ་སོ་སོའི་བརྩེ་བའི་ཕ་མ་དང་། མི་རིགས་ཀྱི་ལ་རྒྱ་ཚོང་མཁན་ག་ཚོད་ཡོད་དམ། ལྷག་པར་དུ་ཤི་བ་དྲན་པ་བརྗེད་ནས་གླང་ཆེན་སྨྱོན་པ་ལྟར་རྒྱུགས་མཁན་ག་ཚོད་ཡོད་དམ། ཕལ་ཆེར་ང་རང་ཡང་འདི་ཚོའི་ནང་གི་གཅིག་ཡིན་ངེས། དྲ་གྲོགས་ཁྱེད་ཀྱང་སྐབས་རེ་དེ་ཚོའི་ཁུངས་སུ་ཚུད་ཀྱི་ཡོད་ངེས། དེ་ལྟར་ཨེ་རེད་དམ།
རེད་ཡ། ཤི་བ་ནི་དངོས་གནས་སྐད་ཅིག་ནང་ཡོང་སྲིད་པ་ཞིག་རེད། ཡིན་ནའང་། མ་ཤི་བའི་ཡར་སྔོན་ག་རེ་ལས་མིན་ཡང་རང་ཉིད་ལ་རག་ལས་ཡོད་པ་ཞིག་རེད་འདོད། དེ་དུས་རྗེས་ན་མིག་ཆུ་འཕུད་མཁན་མེད་ཀྱང་རང་སེམས་བདེ་ལ་ཕབ་ཐུབ་པ་ཞིག་ཆགས་ཡོད།
ང་རང་སྔར་གངས་སྐྱིད་དུ་ཡོད་སྐབས། ལས་ཁུངས་ག་གེ་མོའི་མི་ཞིག་གྲོངས་པ་ཡིན་ན་ལས་ཁུངས་ཆ་ཚང་གི་འཐུས་ཚབ་འགྲོ་དགོས་ཀྱི་ཡོད་ལ། དེ་ནི་སྦྱིན་བསྲེག་ལ་རོགས་བསྐྱོར་བྱེད་དུ་འགྲོ་བ་ཙམ་རེད། མི་མང་པོ་ཞིག་དེར་འགྲོ་འདུན་མི་འདུག ཐོག་མར་ང་ཡང་འགྲོ་འདུན་ཆེར་བྱུང་མ་སོང་མོད། ལས་བྱེད་གསར་བ་མི་འགྲོ་རང་འགྲོ་རེད། ག་ལེར་ང་འཐུས་ཚབ་དེར་འགྲོ་འདུན་བྱུང་སོང་། རྒྱུ་མཚན་གཉིས་ཡོད།
༡ མི་ཞིག་གི་ཕུང་བོ་སྦྱིན་བསྲེག་བཏང་ནས་ཐལ་བ་སྤར་མོ་གང་དུ་འགྱུར་མཚམས་ད་གཟོད་མི་ནི་རང་བྱུང་ཁམས་ལས་བྱུང་ཞིང་། སླར་ཡང་རང་བྱུང་ཁམས་ལ་འཐིམས་དགོས་པའི་ཆོས་ཉིད་དེར་གོ་བ་ལེན་ཐུབ་ཀྱི་འདུག
༢ མི་ཚེ་གཅིག་ལ་འབད་འབུངས་དང་འགྲན་རྩོད། ཐ་ན་ཕྲག་དོག་དང་རྒོལ་ལན་སྤྲད་པ་ཆ་ཚང་ཡང་སྐད་ཅིག་ཉིད་དུ་ཡལ་ནས་ཐལ་བ་སྤར་མོ་གང་ལས་ལྷག་མེད་པ་མཐོང་འཕྲལ་ཆགས་ཞེན་ལའང་གོ་བ་གཞན་ཞིག་ལོན་ཡོང་གི་འདུག
དེ་མིན་རང་ཉིད་ཀྱི་བྱིས་པར་བོད་སྐད་སློབ་ཐུབ་མིན་དེ་རེད། ཕྱི་གླིང་བར་ཆང་ས་བརྒྱབ་ཟིན་པ་ཚང་མར་དཀའ་ངལ་དེ་འཕྲད་ཀྱིན་འདུག གཙོ་བོ་བོད་རང་ལ་ཕྲུ་གུར་འཚམས་པའི་ཀློག་དེབ་དང་རྩེད་ཆས། བརྙན་སྡེར་རིགས་ཧ་ལམ་མེད་པ་དེས་ཀྱང་ལད་ཀྱི་འདུག དེའི་ཁར་སྐད་ཆའི་ཁོར་ཡུག་མེད་པ་དེ་ནི་གཙོ་བོའི་ནང་གི་གཙོ་བོ་གཅིག་རེད། འོན་ཀྱང་། བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་གནས་སྟངས་ཕྲུ་གུའི་འཚར་ལོངས་དང་བསྟུན་ནས་གོ་སླ་བའི་ལམ་ནས་ཀླད་པའི་ནང་ག་ལེར་འཇོག་ཐུབ་པ་ཡིན་ན། བོད་ལ་བརྩེ་དུང་སླེབས་སྲིད་པར་མ་ཟད། གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ནང་བོད་དོན་ངོ་སྤྲོད་བྱེད་མཁན་རྩེ་ཕུད་དེ་ཡོང་སྲིད་པ་ཞིག་རེད། དེ་དུས་རང་གཞན་ཀུན་ལ་ཕན་ཐོགས་ཡོད་པས། བོད་སྐད་གཅིག་པུ་སློབ་ཐུབ་མིན་གྱི་བསམ་བློར་ཐོལ་བརྒལ་བྱེད་འོས་པར་འདོད།
སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །
ཆོས་དང་འཇིག་རྟེན་གཉིས་ཐད་ནས་སྐབས་རེ་འཆི་བ་མི་རྟག་པ་དྲན་རྒྱུ་གལ་ཆེན་རེད།
དབྱངས་བུ་ལགས། ཕེབས་ནས་འཆི་ཚུལ་སྐོར་ནས་མདོར་བསྡུས་ཤིག་རང་གི་བསམ་ཚུལ་ལྷུག་པོར་སྨྲས་པ་དེར་དགའ་བསུ་ཞུ། དེ་ནས་ཉིད་ཀྱིས་གསུངས་པ་ལྟར། འུ་ཅག་ནི་སྐྱེ་བ་ནས་འཆི་བ་འགོ་བཙུགས་ཀྱང་ད་དུང་འཆི་བ་ལས་འགྲོ་ས་མེད་བཞིན་དུ། འཆི་བ་ཟེར་བ་དེ་གླེང་འདོད་མེད་མཁན་དང་འཆི་བ་ཟེར་ན་ཉན་འདོད་མེད་མཁན་གྱི་ནང་བ་ཡང་དངོས་ནས་མི་ཉུང་བ་ཡིན་དུས། འུ་ཅག་གིས་སྐྱེ་འཆིའི་སྐོར་ནས་ཐུང་ཐུང་རེ་འབྲི་ཐུབ་པ་ཡིན་ན་ཕན་རེ་སྲིད་པ་ཡིན།
ལྷ་སྡེ་གནམ་ལོ་ཡག་ལགས། ཉིད་ཀྱིས་བསམ་ཚུལ་ཞིབ་མོ་གསུངས་པ་དེར་གུས་ཤིང་དགའ་ཡོད། རེད་ཡ། འུ་ཅག་གིས་འཆི་ཚུལ་མཐོང་མེད་ལ། ཤི་བའི་རོ་མཐོང་བ་དེ་ཙམ་གྱིས་བསམ་གཞིགས་དེ་འདྲ་ཞིག་བྱེད་དུ་བཅུགས་ཡོད་པ་ཡིན་དུས། དངོས་ནས་འཆི་བ་སྒོམ་པའི་ལམ་དུ་ཞུགས་ཐུབ་པ་ཡིན་ན། ད་གཟོད་དངོས་ནས་མི་ལུས་བླངས་པ་དེ་ལ་དོན་སྙིང་ལྡན་པ་ཞིག་ཀྱང་ཡོང་ངེས་རེད་སྙམ་གི་ཡ
མེ་ཏོག་དཀར་པོ་ལགས། ཆོས་དང་འཇིག་རྟེན་གང་དུ་ཡང་འཆི་བ་ནི་འབྲལ་དུ་མེད་པའི་མིའི་རིགས་ཀྱི་ལྡོག་མེད་ཀྱི་ལམ་ཁ་ཡིན་ཡང་། མི་ཁ་ཤས་ཤིག་ལ་འཆི་བ་ཟེར་དུས་རང་དང་འབྲེལ་བ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་ལྟ་བུ་ཞིག་དུ་སྣང་ནས་མི་གཞན་དག་གི་འཆི་བ་ནི་དགའ་འོས་པ་ཞིག་དང་རང་ཉིད་ནི་ནམ་ཡང་དེ་ཡི་སར་མི་སླེབས་པ་ལྟ་བུ་ཞིག་ཆགས་ཡོད་པ་དེ་དག་ལ་ཡང་དྲན་སྐུལ་རེ་ཐུབ་ན། དངོས་ནས་ཕན་སྲིད་པ་ཡིན་ངེས་སྙམ་སོང་ལགས།
རྐང་བའི་རི་མོ་ས་ལ་བྲིས་པ་ནས། །
དགེ་སྡིག་གཤིན་རྗེའི་སྲང་ལ་མ་གཞག་པར། །
རང་ཉིད་འཆི་བ་དྲན་པའི་མི་བུ་ཞིག །
ཉིན་མོའི་སྐར་མ་ལས་ཀྱང་དཀོན་པ་ཉིད། །
གཤིན་རྗེའི་ཕོ་ཉ་བཙན་པོའི་ལག་འོག་ནས། །
བཙན་པོའི་ཤུགས་ཀྱིས་ཐལ་ས་མེད་པ་ལ། །
མཉམ་ཆུང་ངོ་དགས་འགྲོ་ས་མེད་པའི་ཚུལ། །
བསམ་ཞིང་བསམ་ན་ཡིད་ལ་འཇིགས་སྣང་ཤར། །
རྩམ་དགའ་ལགས།
སྐྱེ་ནས་འཆི་བ་ལྡོག་མེད་གཡང་གཟར་ཆུ།།
སྐྲག་ནས་ཐར་ས་མེད་པ་འཆི་བ་ཉིད།།
ཉོས་ཀྱང་འཁུགས་ཐུབ་མེད་པ་འཆི་བ་ཉིད།།
ངོ་དགའ་བྲེལ་ལད་མི་འགྲོ་འཆི་བ་ཉིད།།
མཐོ་དང་གོ་ས་མི་སྨོན་འཆི་བ་ཉིད།།
རིག་དང་དབྱེ་འབྱེད་མེད་པ་འཆི་བ་ཉིད།།
གཞོན་དང་རྒན་བྱིས་མེད་པ་འཆི་བ་ཉིད།།
སེམས་དང་སྙིང་རྗེ་མེད་པ་འཆི་བ་ཉིད།།
འདྲིས་དང་ཕྱི་ཐག་མེད་པ་འཆི་བ་ཉིད།།
གང་བྱས་ངོ་གསོ་མེད་པ་འཆི་བ་ཉིད།།
མཁས་དང་སྙན་གྱི་མི་ཡོང་འཆི་བ་ཉིད།།
གཉེན་དང་ཕ་མས་མི་ཕན་འཆི་བ་ཉིད།།
ཁྱིམ་དང་ཆུང་མ་མི་བསམ་འཆི་བ་ཉིད།།
ལུས་དང་ལོང་ཚོ་མི་འདོད་འཆི་བ་ཉིད།།
སྒོར་དང་ལག་ཁྱེར་མི་དགོས་འཆི་བ་ཉིད།།
གནམ་དང་ས་གཞིར་མི་སྐྲག་འཆི་བ་ཉིད།།
དཔོན་དང་བླ་མས་མི་འཁོགས་འཆི་བ་ཉིད།།
འདི་དག་བསམ་ནས་འཆི་བ་དང་དུ་ལོངས།།
གསོན་ནས་འཆི་བའི་བར་གྱི་ལས་ལ་སོམས།།
བདེན་དང་རྫུན་གྱི་ཁུགས་མའི་བེམ་པོ་འདི།།
ཐ་མར་འཆི་བ་ཟེར་བའི་ཁ་ཟས་ཡིན།།