བསྟན་འཛིན་ཐོས་བསམ།
བོད་པ་ཚོས་ཡོངས་གྲགས་སུ་སྨྲ་ཞིང་སྤྱི་གཙུག་གི་རྒྱན་བཞིན་བརྩི་བའི་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་འཛིན་ཆབ་སྲིད་ཀྱི་ལམ་ལུགས་དེ་ལྟ་གྲུབ་བམ་རིགས་པའི་གཞུང་ལུགས་ཤིག་གི་ངོས་ནས་དཔྱད་པ་བྱས་ན་དགེ་སྡིག་ལེགས་ཉེས་ཀྱི་དབྱེ་བ་འབྱེད་དགོས་དོན་དེ་ཙམ་ཡོད་ཚོད་མི་འདུག ཡིན་ན་ཡང་ང་ཚོ་བོད་པ་ཚོས་ལམ་ལུགས་དེ་ལག་ལེན་བསྟར་སྟངས་ཀྱི་ལོ་རྒྱུས་རིང་པོ་དེ་ལ་ཕྱི་མིག་ཅིག་བལྟས་ན། བོད་ལ་ཆོས་སྲིད་གཉིས་དེ་གཅིག་ཤོས་གཅིག་གྲོགས་སུ་འགྲོ་བའི་ཆོས་སྲིད་ཟུང་འབྲེལ་ཡང་དག་པ་ཞིག་བྱུང་ཡོད་མེད་ བརྟག་ཞིབ་ཅུང་ཟད་བྱས་ན་ཀུན་གྱི་རྒྱུད་ལ་དངོས་སྟོབས་ཚད་མ་ཞིག་ཡོད་པ་ངོ་འཕྲོད་ཐུབ་སྙམ།
ཆོས་སྲིད་ཟུང་འབྲེལ་གྱིས་བོད་ཀྱི་ཆབ་སྲིད་འཛིན་ཞིང་རྒྱལ་བསྟན་སྲུང་ནུས་སམ
དྲི་བ་འདི་ལ་ལན་འདེབས་བྱེད་མཁན་མི་འདྲ་བ་རིགས་ལྔ་ཡོང་སྲིད།
༡། ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ལ་བསམ་བློ་བཏང་མ་མྱོང་། འདི་གལ་ཆེན་པོ་རེད་དམ་ཞེས་པ་དང་།
༢། ཆོས་སྲིད་ཟུང་འབྲེལ་ཟེར་བ་འདི་རྙོག་དྲ་ཞེ་དྲག་ཚ་བོ་ཡིན་པས་ངས་དེར་བསམ་བློ་གཏོང་གི་མིན་ཞེས་པ་དང་།
༣། ཆོས་སྲིད་ཟུང་འབྲེལ་གྱི་སྐོར་གོ་བསྡུར་བྱས་ན་ཕན་ལས་གནོད་ཆེ་བས་མ་བྱས་ན་ལེགས་ཞེས་པ་དང་།
༤། ཆོས་སྲིད་ཟུང་འབྲེལ་འདི་གནད་འགག་ཆེན་པོ་ཞིག་ལ་ཐུག་ཡོད། བོད་བཙན་བྱོལ་གཞུང་འཛིན་ཆབ་སྲིད་ནང་ཆོས་སྲིད་ཟུང་འབྲེལ་དེ་མུ་མཐུད་ནས་བཞག་ཅིང་ལག་བསྟར་བྱེད་དགོས་ཞེས་པ་དང་།
༥། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེས་བོད་ཀྱི་ཆབ་སྲིད་འཛིན་ཞིང་སྐྱོང་ཐུབ་པ་ཕར་ཞོག
ལམ་ལུགས་དེས་ཐ་ན་རྒྱལ་བསྟན་རིན་པོ་ཆེ་དེ་ཡང་རང་དབང་དང་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱེད་མི་ཐུབ་ཅེས་པ་དང་།
ད་ནི་གོང་གི་དྲི་ལན་དེ་དག་རེ་རེ་བཞིན་ལ་དཔྱད་པ་རགས་རིམ་ཞིག་བྱེད་པར་བྱའོ།
༼༡༽ལན་འདེབས་མཁན་དང་པོ་དེས་ག་རེ་མཚོན་གྱི་ཡོད་མེད་དང་། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཁྲོད་དུ་འདི་འདྲའི་བསམ་མེད་སྣང་མེད་དུ་སྡོད་མཁན་ཡང་མི་གྲངས་བརྒྱ་ཆ་ག་ཚོད་ཙམ་ཞིག་ཡོད་མེད་དེ་བརྩེ་བའི་གྲོགས་པོ་ཁྱེད་ཀྱིས། ཐོག་མར་རང་ཉིད་འདིའི་ཁོངས་སུ་ཚུད་ཡོད་མེད་ལ་གཞིགས་ཏེ་རང་མགོ་རང་གིས་མ་བསྐོར་བའི་ལྟ་བའམ་ཤེས་རྟོགས་གསལ་བོ་ཞིག་ཨེ་ཡོང་གཟིགས་རོགས། ཞུ་མི་དགོས་པ་ཞིག་ཨུ་ཚུགས་ཀྱིས་ཞུས་ན།
ཇི་ལྟར་སྐྱེས་བུ་དམ་པ་རྣམས་ཀྱི་ཞལ་ནས། ཤེས་པས་བདེ་བ་ལྡན་གྱུར་ཡང་། ། རྨོངས་པས་སྡུག་བསྔལ་ལས་མི་གྲོལ༎ ཞེས་གསུངས་པ་བཞིན་ཤེས་པའི་རང་དབང་དང་སྤོབས་པ་ལྡན་པའི་བོད་མི་ཞིག་ཅི་ནས་ཀྱང་བྱེད་རོགས༎
༼༢༽ལན་འདེབས་མཁན་གཉིས་པ་དེས་ག་རེ་སྟོན་གྱི་ཡོད་པར་དཔྱད་པ་བྱ་རིན་ཆེན་པོ་ཡོད་པ་དང་། མི་དེ་དག་གིས་རྒྱུ་མཚན་གང་དང་གང་ལ་བརྟེན་ནས་ལངས་ཕྱོགས་དེ་འདྲ་ཞིག་བཟུང་བ་ཡིན་ཞེས་ཁོང་ཚོའི་བསམ་བློའི་དཀའ་ངལ་དང་། དེའི་ངོ་བོ། དེ་བཞིན་རྒྱུ་རྐྱེན་སོགས་རྟོགས་ཏེ་འོ་སྐོལ་གངས་ཅན་པ་རྣམས་ཀྱི་ད་ལྟའི་གནས་སྟངས་དང་། མིག་ལམ་ལ་མངོན་སུམ་དུ་འཆར་བའི་དྲག་ཆར་མ་བརྒྱབ་གོང་གི་སྤྲིན་ནག་བཞིན་ཧ་ལམ་གཟུགས་སུ་གྲུབ་ཡོད་པའི་མ་འོངས་པའི་དཀའ་ངལ་དེ་དག་ལ་བསམ་བློ་ཞིག་བཏང་བ་ན་སྒེར་དོན་ནམ། ཡང་ན་སོ་སོའི་གྲུབ་མཐའ་འམ་ལུང་ཚན་སོགས་ཀྱི་ཁེ་ཕན་ལ་དམིགས་ནས་ཞེད་སྣང་གི་མགོ་ཐུམ་རྒྱབ་སྟེ་རང་དགར་སྡོད་ག་ལ་ནུས་མིན་འགྲིག་གི་ཡོད་མེད་མི་ཤེས་ཏེ། མི་འདིའི་གྲས་ཀྱི་ཟག་རྔུ་དྭངས་བྱེད་དང་མགོ་འཐོམ་སངས་བྱེད་ཀྱི་སྨན་དེ་ནི་བོད་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་ཀྱི་ཆེ་མཐོང་སྒོམ་པ། གོ་བདེ་བར་ཞུས་ན། དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོངས་གྲགས་ཀྱི་བོད་ཀྱི་སྤྱི་དོན་ཟེར་བ་དེ་རེད་སྙམ་མོ༎
༼༣༽ལན་འདེབས་མཁན་གསུམ་པ་དེ་ཚོས་དགོངས་པ་ཡག་པོ་ཞིག་བཞེས་ཀྱི་ཡོད་ཀྱང་། བློ་ཕམ་དགོས་པ་ཞིག་ལ། ཁོང་ཚོས་བོད་པའི་ཁ་རྒྱུན་དུ་རེ་བ་ཡག་ས་ནས་རྒྱོབ། གྲ་སྒྲིག་སྡུག་ས་ནས་བྱོས་ཟེར་བ་དེ་བརྗེད་ངེས་རྐུན་པོ་ལ་སྦྱིན་པ་བཏང་སྟེ་རང་རེའི་མི་རིགས་ཀྱི་ནད་གཞི་རྙིང་པ་དེ་དག་དུས་རབས་ཉི་ཤུ་རྩ་གཅིག་པའི་བཟང་ཕྱོགས་ཀྱི་འགྱུར་ལྡོག་གམ་མཐུན་རྐྱེན་ལ་བརྟེན་ནས་བཅོས་ཐབས་གསར་བ་ཞིག་ཨེ་རྙེད་ཀྱི་འབད་པ་དམིགས་བསལ་མི་བྱེད་པར། དེ་ནི་ངལ་བ་འབྲས་མེད་དམ་ཡང་ན་དེའི་མཇུག་འབྲས་ནི་ངན་ཞིང་བཙོག་པ་ཞིག་ཡིན་པར་བློ་ཡིད་ནས་ཐག་བཅད་དེ་རང་གི་བློ་གྲོས་ཀྱི་སྒོ་མོ་དེ་འཚེར་སྣང་ཅི་ཡང་མེད་པར་བརྒྱབ་པ་མ་ཟད། ད་དུང་རྒྱུ་མཚན་ལྟར་སྣང་འགའ་ཤས་དྲངས་ཏེ་བོད་མི་རིགས་སྤྱི་དང་། ཁྱད་པར་དུ་དེང་དུས་ཀྱི་བོད་པའི་མི་རབས་གསར་བ་དེ་ཚོའི་གསལ་ཞིང་རིག་པའི་རང་བཞིན་ལས་གྲུབ་པའི་སེམས་དང་། དེའི་ནུས་ཤུགས། སྙིང་སྟོབས་བཅས་པར་ཚོད་འཛིན་བྱེད་པའི་གཏམ་སྣ་ཚོགས་སྤེལ་ཏེ་སྔ་མོར་བོད་ལུང་པ་ལ་རང་དབང་ཡོད་སྐབས་བཞིན་བོད་མི་རིགས་དེ་ཡར་རྒྱས་འགྲོ་མི་དགོས་པའི་བཟོ་འདྲ་བོ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཡང་ཉེན་ཁ་དེ་ཙམ་མེད་པའི་བཟོ་འདྲ་བོ། སྔོན་གྱི་ལམ་ལུགས་དེ་ཚོ་ད་ལྟའི་འཛམ་གླིང་གི་འགྱུར་བ་མྱུར་མོ་དང་ཟབ་པ་དེ་དག་གིས་རྗེས་འདེད་ཟློག་ཐབས་མེད་པ་གཏོང་གི་ཡོད་པ་དེ་ལ་མ་ཁར་སོ་བཏབ་ནས་༼བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལེགས་བྱང་རྣམས་རྒྱུན་འཛིན་བྱེད་དགོས་སོ་༽ཞེས་རང་དབང་རང་འགུལ་གྱི་སྒོ་ནས་རང་ཅག་གི་རྩ་དོན་སྒྲུབ་པ་ལ་ངེས་པར་དུ་གཏོང་དགོས་པའི མ་འོངས་སྔོན་བསུའི་འགྱུར་བཅོས་ཞིག་མ་སྐུལ་དང་བླངས་ཀྱིས་མི་བྱེད་པའི་ཁར། ༧གོང་ས་མཆོག་གཙོས་པའི་བོད་ཀྱི་སྤྱི་དོན་སྒྲུབ་པ་པོ་རྣམས་ལ་ཐེ་ཚོམ་གྱི་རྣམ་འགྱུར་སྟོན་བཞིན་སྙོམས་ལས་སུ་སྡོད་པ་ནི་ངུས་ན་མི་འགྲིག དགད་ན་མི་འོས་པའི་གནས་ཚུལ་ཐབས་སྡུག་ཞིག་མ་རེད་དམ། མ་གཞི་ནས་གོང་དུ་ཞུས་པ་བཞིན་ཁོང་ཚོས་གཟིགས་པའི་༼ཕན་པ༽དེ་གང་ཡིན་ན་མིན་ན་དཔལ་ས་སྐྱ་གོང་མ་ནས་མ་བརྩིས་རུང་གོང་ས་ལྔ་བ་ཆེན་པོ་ནས་བཟུང་ཆོེས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེའི་ཆབ་སྲིད་ཀྱི་ནུས་མཐུ་དང་། དཔལ་འབྱོར་གྱི་འཕེལ་རྒྱས། གཞན་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཕྱོགས་ལ་ནུས་པ་ག་ཚོད་ཙམ་ཐོན་ཡོད་མེད་དེར་བོད་རྣམས་ཀྱིས་མི་ལོ་སུམ་བརྒྱ་དྲུག་ཅུ་ལྷག་རིང་ལ་ད་ཚོད་བྱས་པ་རེད།
རྒྱལ་ཕམ་གྱི་ཉམས་མྱོང་ཡང་མང་ཐག་ཆོད་ཅིག་བསགས་ཡོད་པ་ཚང་མའི་སེམས་ནང་ལ་རྩིས་ཁྲ་གསལ་པོ་ཞིག་ཡོད་ཡོད་པ་རེད༎ གཞན་ལྟ་སྟངས་བརྗེས་ཏེ་སྡུག་ས་འམ་གནོད་པ་ཡོད་པའི་ངོས་ཐད་ནས་ལྟོས་པ་ཡིན་ནའང་། སྤྱིར་སེམས་ཁྲེལ་དང་ཞེད་སྣང་ཁྱོན་ནས་མེད་པའི་སྤྱི་ཚོགས་དང་ཆབ་སྲིད་གྱི་འཕོ་འགྱུར་ཞིག་རི་བོང་གི་རྭའི་དཔེ་བཞིན་མེད་ཅེས་ཁ་ཚོད་ཕལ་ཆེར་གཅོད་ཐུབ། གལ་ཏེ་གནས་ཚུལ་ཕྲན་བུ་རེ་འབྱུང་རུང་ལམ་ལུགས་ཀྱི་འགྱུར་བཅོས་དེ་ནི་འདུ་ཤེས་ཁྱབ་ཁོངས་ཀྱི་སྣང་ཚུལ་ཞིག་ཡིན་པས་བདག་ཅག་གངས་ཅན་པ་རྣམས་ལ་ཆ་མཚོན་ན་དེ་ནི་རྒྱུགས་ཆུ་བཀག་པ་དང་ཚོང་རྭ་སྒོ་རྒྱབ་དགོས་པ་འདྲ་བོའི་དཔལ་འབྱོར་དང་འཁོར་ཡུག་ལ་གཏོར་བཤིག་ཡོང་པའི་གནོད་པ་མི་འབབ་པས་སྤྱིར་དེ་ཙམ་གྱི་དངངས་སྐྲག་བྱེད་མི་དགོས་པ་མ་ཟད་བོད་རྣམས་ཀྱི་བསོད་བདེ་དང་བློ་བདེ་བོ་བྱེད་ཐུབ་པ་ཞིག་ལ་ད་ལྟ་༧གོང་ས་མཆོག་དགུང་ལོ་དེ་ཙམ་མཐོ་པོར་མིན་པ་དང་མགོན་པོ་གང་ཉིད་ལ་སྐྱབས་དང་ལམ་སྟོན་གྱི་གསོལ་འདེབས་ཞུ་ཆོག་ཆོག་ཡོད་པས། གཞུང་ལམ་བོར་ནས་གོལ་སར་ཏོག་ཙམ་ཕྱིན་ཡང་ཕམ་ཁའི་མྱོང་བ་དེ་ཤེས་རབ་མངོན་རྟོགས་སུ་ཁ་བསྒྱུར་དེ་ཇེ་ཡག་དང་ཇེ་ལེགས་སུ་འགྲོ་ཐབས་བྱེད་དགོས་སོ༎
༼༤༽ དཔྱད་རྩོམ་འདིའི་ཁ་བྱང་གི་དྲི་བ་དེ་ལ་ལན་འདེབས་བྱེད་མཁན་གྱི་མི་ཨང་བཞི་བ་དེ་ཚོས་དང་པོ་རྒྱལ་བ་རིན་པོ་ཆེ་དང་ ཆོེས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེའི་བར་གྱི་འབྲེལ་ལམ་དེ་ག་འདྲ་ཡིན་མིན་མ་རྟོགས་ཤིང་། རྟོགས་ཀྱང་བསམ་མེད་དྲན་མེད་དུ་བོད་རྒྱལ་ཁབ་དང་བོད་མིའི་བུ་རབས་ཚ་རྒྱུད་དེ་ཡིད་ཀྱི་རྣམ་པར་ཤེས་པའི་སྒོ་ར་ནས་ཕྱིར་སྐྲོད་བཏང་སྟེ་སོ་སོའི་དགའ་མོས་སམ་རྒྱུས་མངའ་ཡོད་མེད་རྒྱུ་མཚན་དུ་བྱས་ཏེ་མ་འོངས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་ཆེས་རྩོད་གཞི་ཅན་གྱི་གཞུང་འཛིན་ལམ་ལུགས་དེ་ཡང་བསྐྱར་སྔ་མ་ནང་བཞིན་ཆོས་རྒྱུད་བྱེ་བྲག་པ་ཞིག་གམ་བླ་བྲང་ཞིག་མཐར་གཏུགས་ན་གྲྭ་བ་བླ་མ་ལ་བསམ་བཞིན་དུ་མིན་ན་ཡང་ མུ་འཐུད་ནས་སྐུ་ཚེགས་འོ་བརྒྱལ་བསྟེར་འདོད་བྱེད་ཀྱི་ཡོད་པས་འཇིག་རྟེན་མི་ཡུལ་གྱི་རང་གཤིས་སྤྱི་དང་དེའི་ནང་ནས་སྲིད་དབང་དང་སྙན་གྲགས་སོགས་ཆེས་འཁྲུག་རྩོད་ཅན་གྱི་ཆོས་དེ་རྟོགས་མཁན་ཞིག་ཡིན་ན་མནའ་བའི་ལུགས་སྲོལ་གྱི་མིང་ཐོག་ནས་དེ་ནང་ལ་འཛུལ་བ་དང་འཛུལ་བར་ནན་ཞུ་བྱེད་འོས་སམ། དེ་ཡང་གོམ་པ་གཅིག་ཕྱིར་འཐེན་རྒྱབ་སྟེ་ཞུས་ན། མ་འོངས་བོད་རྒྱ་བར་གྱི་རྩོད་རྙོག་དེ་༢༠༠༨་ནས་དངོས་སུ་བོད་ས་ཡོངས་ནས་ལས་འགུལ་བརྩམས་པ་བཞིན་སྔ་མ་ལས་ཀྱང་ཆེས་ཛ་དྲག་དང་གདོང་དང་གདོང་གཏུགས་ཏེ་ཐབས་རྩོད་བྱེད་དགོས་པས་ཆོས་ལུགས་ཀྱི་ཞི་འཇམ་ཡ་རབས་སོགས་མཚོན་པའི་མི་སྒེར་བ་ལ་འགྲིག་ཀྱང་རྒྱལ་ཁབ་དང་མི་རིགས་ལ་ཡོང་ཐབས་མེད་པའི་དྲང་བདེན་གྱི་བྱིན་མཐུ་ལ་སྐྱབས་གཙོ་བོར་བཅོལ་བའི་ཉམས་ལེན་དེ་གཅིག་པུ་ཐོག་ནས་ཕྱིན་ན་རྒྱལ་ཁབ་ཀྱི་རང་དབང་སླར་གསོ་བྱེད་པ་ཕར་ཞོག་མི་རིགས་ཀྱི་སྐད་ཡིག་ཙམ་གྱི་ཐོབ་ཐང་དང་འདྲ་མཉམ་དེ་ཡང་ག་ལ་རག འབད་པ་དང་རྩོད་ལན་ལ་རེ་ལྟོས་དེ་ཙམ་མི་བྱེད་བའི་གྲོགས་པོ་ཚོར། རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་དེ་སུས་ཀྱང་གསོལ་རས་སུ་གནང་མི་ཡོང་ལ། རང་རེའི་ཁྱིམ་མཚེས་རྒྱ་ནག་གི་རྒྱ་རིགས་ཆེན་པོ་དང་རྒྱ་རིགས་ཁྱད་འཕགས་ཀྱི་ལྟ་བ་བཟུང་མཁན་གྱི་དམར་ཕྱོགས་ཚོགས་པ་དང་དེའི་རྗེས་འབྲང་བ་རྣམས་ཀྱིས་ང་ཚོ་བོད་པ་ལ་སྙིང་རྗེ་སྒོམ་ནས་དེ་བས་ཀྱང་སྤྲོད་མི་སྲིད་དོ། ཡང་ཕྱོགས་གཞན་ནས་ཞུས་ན་གལ་ཏེ་ངའི་རྩོམ་ཡིག་གི་འདྲི་བ་དེར་ལན་འདེབས་མཁན་དེ་དག་གིས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་རྒྱུན་འཁྱོངས་བྱེད་དགོས་དོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཆེད་དུ་ཡིན་ཟེར་ན་དེ་རྣམས་ཀྱིས་༧གོང་ས་མཆོག་གིས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་མ་འོངས་པའི་མདུན་ལམ་དེར་ཁོང་ཚོ་ལས་དགོངས་ བཞེས་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པོ་གནང་ཡོད་པར་མ་རྟོགས་པ་དང་ཐེས་ཚོམ་ཟས་ནས་བསྡད་མེད་དམ་སྙམ། དེ་དང་གཅིག་མཚུངས་ཀྱི་གནད་དོན་ཚབས་ཆེན་ཞིག་ཡོད་པ་ནི་མི་དེ་དག་གིས་བོད་ཡུལ་དུ་དར་བའི་རྒྱལ་བསྟན་རིན་པོ་ཆེའི་མུ་མཐུད་དུ་གནས་ཤིང་གོང་འཕེལ་དུ་འགྲོ་བའི་དངོས་རྒྱུ་དང་བདག་རྐྱེན་དེ་བཙུན་པ་རབ་བྱུང་གི་སྡེ་གཙོས་བོའི་ཁྱིམ་བའི་རྟེན་ཅན་གྱི་ཆོས་པ་དེ་ཚོའི་གྲུབ་པ་ཉམས་ལེན་དང་བོད་མི་མང་ཚོགས་ཀྱི་ཆོས་ཕྱོགས་ཀྱི་གོ་རྟོགས་མཐོ་རུ་གཏང་པ་དད་པ་དང་ཞབ ས་ཏོག་ཞུ་སེམས་ཤུགས་ཆེ་རུ་གཏོང་ཐབས་གཞན་དུས་ཀྱི་རྗེས་ཟིན་པའི་ལེགས་བཅོས་སོགས་ལ་ནན་ཏན་མ་བྱས་པར་ཆབ་སྲིད་ཀྱི་སྟོབས་ཤུགས་སྲིད་གཞུང་གི་རྒྱབ་སྐྱོར་ལ་རེ་བཅོལ་བྱེད་ཀྱི་ཡོད་མེད་མཐའ་གཅིག་ཏུ་ཞུ་ཁག་པོ་རེད་དེ། འོན་ཀྱང་འདི་འདྲའི་དགོངས་པ་བཞེས་མཁན་མེད་ཟེར་ན་གྲྭ་ས་ནས་དབུ་མའི་ལྟ་བ་ཨེ་རྙེད་མ་བལྟས་པར་བོད་མི་མང་གྲོས་ཚོགས་ཀྱི་རྒྱ་ཅོག་རྡུང་གི་ཡོང་རྒྱུ་དང་སྒྲུབ་གྲྭ་རུ་ལྷའི་གསལ་སྣང་ཨེ་ཡོང་མ་གཟིགས་པར་གྲོས་ཚོགས་ཀྱི་རྐུབ་ཀྱག་དེའི་སྟེང་དུ་བརྟན་པོ་བསྡད་ཨེ་ཐུབ་བྱས་པ་སོགས་རྡར་ས་ནས་མཛད་དེ་ལྷ་སའི་བར་བསྐོར་དུ་གློག་བརྙག་ནང་རྒྱ་གཞུང་གིས་སྐད་གྲགས་བཟོ་རོགས་བྱས་པ་ལ་འགྲེལ་བཤད་སྙིང་རྗེ་པོ་ཞིག་ཡོད་དགོས་སོ༎ གཞན་མཐའ་མ་མིན་ཡང་སྐབས་ཀྱི་དཔྱད་པ་འདིའི་མཇུག་སྒྲིལ་བྱེད་ཀྱི་འཕྲོས་བཤད་དུ་ལན་འདེབས་མཁན་བཞི་བ་ཚོར་འདྲི་ཚིག་འདི་འདྲ་ཅིག་འཕངས་ཀྱི་ཡིན། ག་རེ་བྱས་ནས་རང་རེ་གངས་ཅན་པ་རྣམས་ཀྱིས་ནང་པའི་ཆོས་གྲོགས་རྒྱལ་ཁབ་དཔེར་ན་ཐལ་ལན་ཊ་ (Thailand) དང་ འབར་མ། སེང་ཀ་ལ་ (Sri Lanka ) གཞན་ཐེ་ཝན་ནང་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་མ་བརྟེན་པར་སོ་སོའི་ཁྱད་ནོར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་འཛིན་སྐྱོང་སྤེལ་གསུམ་མ་བྱས་པ་རེད་དམ༎
༼༥༽གོང་གི་དྲི་ལན་འདེབས་མཁན་ལྔ་བ་དེ་ཚོས་ག་རེ་བཤད་ཀྱི་ཡོད་མེད་དེའི་གོ་བ་ལོང་མིན་དེ་དཔྱད་རྩོམ་འདི་ཀློག་མཁན་རང་ཉིད། བོད་མི་རིགས་དང་། བོད་རྒྱལ་ཁབ། གཞན་བོད་དུ་དར་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་གསུམ་བར་གྱི་རྟེན་འབྱུང་ལྟོས་གྲུབ་ཀྱི་འབྲེལ་ལམ་དེར་དགོངས་པ་ཡག་པོ་ཞིག་བཞེས་མ་བཞེས་ལ་ཤིན་ཏུ་རག་ལས་པས་དེ་རིང་འདིའི་བསྐོར་ལ་དུས་ཚོད་ཀྱི་རྐྱེན་གྱིས་དཔྱད་བ་དམིགས་བསལ་མི་བྱེད་པར་འབྲི་མཚམས་འདི་ནས་འཇོག་ཆོག་གོ།
༢༠༡༡། ༥། ༢༣ཉིན་ཨ་རིའི་ཝིར་ཇི་ནི་ཡ་མཐོ་སློབ་ནས་བྲིས་ཏེ་ཕུལ
ཆོས་སྲིད་ཟུང་འབྲེལ་གྱི་དུག་སྐྱོན་ཆེན་པོ་ལྔ་ཡོད་པ་ནས།
གཅིག ཆོས་སྲིད་ཟུང་འབྲེལ་གྱིས་སྲིད་དོན་ལེགས་པར་སྐྱོང་མི་ཐུབ་པས་སྲིད་ལ་ཐུད་ཤོར་འགྲོ་བ། དཔེར་ན། སྔར་གྱི་གྷི་རིག་ཀྱི་རྒྱལ་ཁབ་དང་ཨི་ཇིབ་ཀྱི་རྒྱལ་ཁབ། དེ་བཞིན་བོད་ཀྱི་ས་སྐྱ་དང་དགའ་ལྡན་ཕོ་བྲང་དཔེ་ལ་ལོངས་ཤིག
གཉིས། ཆོས་སྲིད་ཟུང་འབྲེལ་གྱིས་མི་གཅིག་གིས་སྲིད་དབང་ཡོངས་རྫོགས་འཛིན་སྟབས། འགྲོ་བ་མིའི་ཐོབ་ཐང་ལ་རྩི་འཇོག་མེད་པ། དམངས་གཙོ་དང་འགལ་བ།
གསུམ། ཆོས་སྲིད་ཟུང་འབྲེལ་གྱིས་ཆོས་ལ་དུག་སྐྱོན་སྦྱར་ནས། ཆོས་ཀྱི་མིང་ཐོག་ནས་མི་གསོད་དང་རྐུ་འཁྱེར་བྱེད་པ། དཔེར་ན། བོད་ཀྱི་སྔ་མོའི་ལོ་རྒྱུས་ལ་བླ་མ་ཕན་ཚུན་གསོད་རེས་དང་། སློབ་མས་བླ་མ་གསོད་པ། དམངས་ཀྱིས་བླ་མ་གསོད་པ་མང་དག་བྱུང་འདུག རྗེ་ཙོང་ཁ་པས་བོད་ཀྱི་ནང་ཆོས་ལ་དག་ཐེར་གྱིས། འདུལ་ཁྲིམས་དང་ལྟ་བ་སོགས་ལ་རྒྱ་གར་ན་ལན་ཌའི་རྒྱུད་པ་སླར་གསོ་མཛད་ནས་བོད་ཀྱི་བསྟན་པ་སྤྱི་ལ་ཕན་པ་མཛད་རྗེས། རྒྱལ་བ་སྐུ་འཕྲེང་ལྔ་པས་སོག་པོ་ཁྲིད་ནས་ཆོས་སྲིད་ཟུང་འབྲེལ་ཁ་ལ་འཁྱེར་ནས། སྙིང་མ་དང་བཀའ་བརྒྱུད། དེ་བཞིན་ཇོ་ནང་གི་བསྟན་པའི་བདག་པོ་མང་པོའི་སྐུ་སྲོག་ལ་གནོད་པ་མཛད། དགེ་ལུགས་པ་དང་ཆོས་ལུགས་གཞན་རྣམས་དགྲ་བོའི་འདུ་ཤེས་བཟོས་པ་འདི་ཆོས་སྲིད་ཟུང་འབྲེལ་དང་འབྲེལ་བ་ཡོད།
བཞི་པ། ཆོས་སྲིད་ཟུང་འབྲེལ་གྱིས་སྔར་སྟོབས་ཆེན་རྒྱལ་ཁབ་མང་པོ་ཕུངས་ནས། ཆོས་ལུགས་ཤུགས་ཆེ་ཤོས་དར་སའི་རྒྱལ་ཁབ་དེ་ཚོས་ཀྱང་ཆོས་སྲིད་ཟུང་འབྲེལ་སྐྱུར་བ་དཔེར་ན། རྒྱ་གར་དང་ཨི་ཇིབ་རྒྱལ་ཁབ་ཀྱིས་ཆོས་སྲིད་ཟུང་འབྲེལ་མེད་པ་བཟོས་ནས་ཆོས་སྲིད་ཐ་དད་སྐྱོང་བ།
ལྔ་པ། ཆོས་སྲིད་ཟུང་འབྲེལ་གྱི་དུག་ལ་བརྟེན་ནས། ས་སྐྱ་དང་དགའ་ལྡན་ཕོ་བྲང་པས། རང་གི་ཆོས་ཀྱི་སྦྱིན་བདག་གི་ཆེད། བོད་ཀྱི་ཆབ་སྲིད་ཀྱི་གཞི་རྩ་གཞན་ལ་བཙོངས་ནས། ཆོས་ཡོན་སྦྱིན་བདག་གི་འབྲེལ་བ་ཟེར་ནས། བོད་ཆེན་པོ་འདིའི་མིང་རྒྱ་འོག་ལ་བཅུག་པ་དེས། ད་ཆ་བོད་མི་དམངས་ལ་དཀའ་ངལ་ག་ཚོད་བཟོས་མིན་འདུག་གམ། ད་ཆོས་སྲིད་ཟུང་འབྲེལ་དགོས་འདུག་གམ།
སྔ་མོ་སྔ་མོའི་བོན་སྲིད་ཟུང་འབྲེལ།།
བོན་དང་མི་མཐུན་སྲོག་ཆགས་དམར་མཆོད།།
བར་མ་བར་གྱི་ཆོས་སྲིད་ཟུང་འབྲེལ།།
ཆོས་དང་མི་མཐུན་གྲུབ་མཐའི་ནང་འཁྲུག།
ད་ལྟའི་དུས་ཀྱི་ཏང་སྲིད་ཟུང་འབྲེལ།།
ཏང་དང་མི་མཐུན་མི་རིགས་ཚར་གཅོད།།
བཙན་བྱོལ་བོད་པའི་དམངས་སྲིད་ཟུང་འབྲེལ།།
དམངས་གཙོར་མི་མཐུན་ཁ་བརྒྱ་འགོ་བརྒྱ།།
ཆོས་སྲིད་ཟུང་འབྲེལ།
ཆོས་སྲིད་ཟུང་སྦྲེལ།
ཆོས་སྲིད་མཉམ་འབྲེལ།
ཆོས་སྲིད་གཉིས་སྦྲེལ།
ཆོས་སྲིད་མཉམ་སྤྱོད།
འཇིག་རྟེན་གྱི་ཁམས་འདི་ཉིད་གྲུབ་པ་ནས་འགྲོ་བ་མིའི་སྤྱི་ཚོགས་ཆུང་ཆུང་ནས་ཆེན་པོ་དང་། སྡེ་བ་ནས་ཚོ་བ། ཡུལ་གྲུ་ནས་རྒྱལ་ཁབ་བར་དུ་འཕེལ་རིམ་བརྒྱུད་ནས་ཡོང་བ་རེད། དུས་ཡུན་དེའི་རིང་སྤྱི་ཚོགས་ནང་རྙོག་དྲ་འདྲ་མིན་སྣ་ཚོགས་བརྒྱུད་ནས་ཡོང་དགོས་བྱུང་ཙང་རྙོག་དྲ་དེ་དག་སེལ་ཐབས་སུ་བློ་རིག་ལྡན་པའི་སྐྱེས་བུ་ཁྱད་པར་ཅན་ཁག་ཅིག་གིས་ནི་ཞི་བའི་ལམ་ནས་རང་ཁྲིམས་རང་འཁུར་དགོས་ཤིང་གཞན་གྱིས་བཙན་བཀའ་བཏང་མི་དགོས་པའི་ཆོས་ཀྱི་ལམ་ལུགས་གསར་ཏུ་བཏོད་པ་རེད།
ཡང་གཞན་ཁག་ཅིག་གིས་ནི་དེ་ལས་ལྡོག་ཏེ་སྤྱི་ཚོགས་ནང་གི་རྙོག་དྲ་བྱུང་རིགས་ཚང་མ་བཙན་པོའི་ཁྲིམས་ཀྱིས་གཅུན་དགོས་པའི་སྲིད་ཀྱི་ལམ་ལུགས་གསར་བཟོ་གནང་བ་རེད།
འོན་ཀྱང་ལམ་ལུགས་དེ་གཉིས་ཀ་སྤྱི་ཚོགས་བདེ་ཐབས་སུ་དམིགས་པ་གཅིག་མཚུངས་ཡིན། མི་མཚུངས་བ་དེ་ནི་ཆོས་ཀྱིས་ནི་དྲག་སྤྱོད་ཀྱི་ལས་སུ་ནམ་ཡང་མི་ཞུག་པར་རང་གིས་རང་ཉིད་འདུལ་བར་འབད་རྒྱུ་དང་།
སྲིད་ཀྱིས་ནི་དྲག་པོའི་ཁྲིམས་ཀྱིས་འདུལ་བར་བྱེད་རྒྱུ་དེ་རེད་བསམ།
དེ་གཉིས་ཀྱི་དགེ་སྐྱོན་ཤོད་དགོས་ན་ ལག་ལེན་བསྟར་མཁན་གང་ཟག་སོ་སོ་ནས་དགེ་སྐྱོན་སྣ་ཚོགས་བཟོ་བ་མ་གཏོགས་་་ཆོས་སྲིད་རང་ངོས་ན་སྐྱོན་ཟེར་བ་དེ་ཤོད་རྒྱུ་དང་སྟོན་རྒྱུ་གང་ཡང་མེད།
ཨོ་་་ལལ་་་་་ཉལ་རན་ཤག་་་སང་ཉིན་མཇལ་ཡོང་།
ཧཧ མི་ཁག་ཅིག་ལ་ ཆོས་སྲིད་ཟུང་འབྲེལ་མི་དགོས་པ་མ་ཟད བོད་གཞུངཡང་མི་དགོས་པ་འདྲ་ སྔོན་མ་ནས་བཙོང་ཚར་པ་རེད་ཟེར་ ཧཧཧ འདི་འདྲ་བའི་ཤེས་ཡོན་ཅན་ བོད་ནང་དུ་མེད་པ་ཅུང་བློ་ཕམ་རེད་་་་ གལ་ཏེ་ཡོད་ན་་་་་་་་ ཧཧཧཧཧཧཧཧ
བོན་སྲིད་ཟུང་འབྲེལ་བྱས་ནས་མངའ་བདག་ཁྲི་རལ་བསད།།
ཆོས་སྲིད་ཟུང་འབྲེལ་བྱས་ནས་ཨུ་དུམ་བཙན་པོ་བསད།།
གཉིས་ཀས་ཕར་གསོད་ཚུར་གསོད་རྒྱལ་ཁབ་སིལ་བུར་གཏོར།།
ཆོས་བོན་ཟུང་འབྲེལ་ཟེར་ཡང་བོད་གཏོར་ཐོ་བ་གཉིས།།
ཏང་སྲིད་ཟུང་འབྲེལ་ཟེར་ནས་བོད་པ་བསད་ཅིང་བདས།།
དམངས་སྲིད་ཟུང་འབྲེལ་ཟེར་ནས་རང་རང་ས་ན་འགྱིངས།།
གཉིས་ཀས་ཕར་རྩོད་ཚུར་རྩོད་བོད་པ་ཁྱོར་གང་པོ།།
རྒྱ་ཡི་འོག་ཏུ་འཛུད་པ་གཅིག་པ་གཅིག་རྐྱང་རེད།།
ཕྱི་ལོ་དགུ་བཅུའི་ནང་བོད་ནང་གི་མཁས་དབང་མཁྱེན་རབ་དབང་ཕྱུག་མཆོག་གིས་འདི་ལྟར་གསུངས།
ཆོས་ནི་རྒྱལ་ཁབ་འཇིག་རྟེན་ཀུན་ལ་ཡོད། ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་ལ་དར། ཆོས་དོན་ཙམ་གྱི་རྒྱལ་ཁབ་མི་གཡེམ་ཀྱང། ཟུང་དུ་འབྲེལ་བས་གཉིས་ཀའི་ནུས་པ་ཤོར།། །།
ཆོས་སྲིད་ཟུང་འབྲེལ་བོད་མིའི་ཁམས་དང་བཏུན། །
ཆོས་ཡོན་སྦྱིན་བདག་རྒྱལ་རབས་རང་བཞིན་ཆགས། །
རྒྱ་བོད་ཟུང་འབྲེལ་དབུ་མའི་ལམ་གྱི་འབེན། །
རང་བཙན་རྩོད་ན་ཟུང་འབྲེལ་དགོས་དོན་མེད། །
རྒྱ་དང་བོད་ལ་རིག་གཞུང་རྙིང་པ་ཡོད། །
བོད་རྒྱ་ཆོས་སྲིད་ཟུང་འབྲེལ་དར་རྒྱས་ཤོག །
བོད་དང་རྒྱ་གར་ཆོས་སྲིད་ཟུང་འབྲེལ་ལྟར། །
རྒྱ་བོད་ཆོས་སྲིད་ཟུང་འབྲེལ་དར་རྒྱས་ཤོག །
གཞོན་ནུ་ཟླ་མེད་ཀྱིས་གསུངས་པར་བདེན་ཆ་ཆེ།
ཆོས་ལུགས་ཁ་ལ་འཁྱེར་ཏེ་ཆོས་ལུགས་ཀྱི་ཞེན་ཁོག་གིས་བཟི་བའི་མི་སྣས་བོད་ཁམས་གཏོར་བ་མི་ཉུང་བ་ཞིག་བྱུང་ཡོད།
འོན་ཀྱང་ཆོས་སྲིད་ཟུང་འབྲེལ་མེད་པ་ལས་ཡོད་པར་དགའ།
ཆོས་སྲིད་ཟུང་འབྲེལ་གྱིས་ལམ་ནས་བོད་ཁམས་སྐྱོངས་ཤེས་ན་རྒྱལ་ཁབ་ལ་ཞི་བདེ་དང་དཔལ་ཡོན་རྒྱས་པ་ཤིང་སྣོད་བཅུད་གཉིས་འཛོམས་ཀྱི་དམིགས་བསལ་བའི་རྒྱལ་ཁབ་ཞིག་འབྱུང་སྲིད།
རྒྱལ་ཁབ་ཀྱི་གཙོ་འཛིན་དང་ཆབ་སྲིད་ཀྱི་མགོ་འཁྲིད་དེ་དག་རང་ཉིད་ཀྱི་གྲུབ་མཐའ་ཆོས་ལུགས་ཆོས་རྒྱུད་ཀྱི་ཞེན་ཁོག་ཡིད་ལ་བཅངས་ཏེ་མི་རིགས་དང་ཆོས་ལུགས་ཆོས་རྒྱུད་རིས་སུ་ཕྱེས་ཏེ་སྲིད་དབང་བསྐྱངས་ན་སྲིད་རྐྱང་པས་ཀྱང་བོད་ཁམས་འཐོར་བཤིག་ཏུ་འགྲོ་ངེས་ལ་རྒྱལ་ཁབ་ཀྱང་རྗེས་ལུས་ཤིག་ཏུ་འགྱུར་མི་སྲིད་པ་མིན།
འོན་ཀྱང་སྲིད་རྐྱང་པས་འགྲིག་ཚུལ་ཤོད་པ་དག་ཀྱང་ཀུན་སློང་ཇི་ལྟར་ཡིན་མིན་ཤེས་དགོས།
ཆོས་སྲིད་ཟུང་འབྲེལ་ལམ་ཆོས་མི་དགོས་ཟེར་བའི་མི་བུ་དག་གི་ཀུན་སློང་ཇི་ལྟར་ཡིན་མིན་ང་ཚོས་གནད་དོན་ཧྲིལ་པོར་མདོར་རྒྱག་མི་ཐུབ་ཀྱང་ཟུས་ལྟས་ལེབ་མཐོང་གི་དཔེ་ལྟར་ཕྱོགས་ཕྱོགས་ཁོང་ཚོའི་ཀུན་སློང་ཤེས་ཐུབ་པ་རེད།
དེ་བཞིན་ཆོས་སྲིད་ཟུང་འབྲེལ་དགོས་ཞེས་ཨུ་ཚུགས་བྱེད་པ་དེ་ལའང་ཀུན་སློང་གཞན་ཞིག་ཡོད་པ་གཏན་འཁེལ་རེད།
ཟུར་ལྟར་ལེབ་མཐོང་ཞེས་བཅོས་རོགས།
མཁྱེན་ཡངས་སུ་མ་ཏིས་གསུངས་ལ་ཡིད་རངས་ཞུ།
ལས་ཀ་གང་ཡིན་ཡང་གསལ་པོ་བཟོ་དགོས་རྒྱུ་དེ་གལ་ཆེར་སེམས། འཛམ་གླིང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཞེས་ང་ཚོ་བོད་པ་ཚོའི་ཞུས་ཀྱང་། སངས་རྒྱས་པའི་རྗེས་འབྲང་ནང་པའི་རྒྱལ་ཁབ་མང་པོ་ཡོད་པས་དེ་རྣམས་ཀྱིས་ཁས་ལེན་བྱེད་སྲིད་དམ། གལ་སྲིད་དེ་ཚོའི་ཁས་ལེན་མ་བྱས་ཚེ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཇི་ལྟར་ཆགས། དེ་ལས་བོད་བརྒྱུད་ནང་བསྟན་གྱི་དབུ་འཁྲིད་ཞེས་ཕུལ་ན་དེ་བས་ལེན་པ་མེད། ཡང་འཛམ་གླིང་ཞི་བདེའི་རྟགས་མ་ཕུལ་བའི་རྐྱེན་གྱིས་དེ་ལྟར་འདོག་པ་ཡིན་སྙམ་ན། འཛམ་གླིང་ཞི་བདེའི་རྟགས་མ་ཐོབ་མཁན་མང་པོ་ཡོད་པས་དེ་རྣམས་ཚང་མ་འཛམ་གླིང་རྒྱལ་བསྟན་ཡོངས་རྫོགས་ཀྱི་དབུ་ཁྲིད་དུ་འཇོག་དགོས་པར་ཐལ་བས། བོད་པ་ཚོ་ངོ་བསྟོད་ཆེ་དྲགས་པས་རྒྱུ་མཚན་ལས་རང་རེའི་རྒྱལ་ཁབ་འདི་མི་ལ་ཤོར་བ་ཡིན་པས་ད་ཙམ་རྨོངས་གཉིད་ལས་བསད་དགོས་པའི་དུས་ལ་བབ་ཡོད་པས་ཐུགས་བཞག་མཛོད། དཔེར་ན་སྔར་རྒྱ་ནག་རྒྱལ་པོ་ཚོ་ལ་ང་ཚོ་བོད་པས་ངོ་བསྟོད་ག་འདྲ་བྱས་མི་འདུག་གམ།
འབྲོང་བུ་སོག་ཚ་གཉིད་ལས་སད་པའི་བུ་ཞིག་རེད། མཐེ་བོང་བསྒྲེངས་ཨེ་གོ
ཆོས་སྲིད་ཟུང་འབྲེལ་སྐོར་གླེང་ཡོང་དུས་མི་མང་པོ་ཞིག་གི་དེ་ལ་དོགས་པ་ཞིག་སྐྱེ་བཞིན་ཡོད་པ་འདྲ་ཡིན་ཡང་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ལམ་ལུགས་དེ་བོད་ལ་གསར་དར་ཞིག་མ་རེད་དེ་ནི་སྔོན་བཙན་པོ་ཚོས་སྐབས་ནས་ཡོད་པའི་ལམ་སྲོད་ཞིག་རེད་དེ་འདྲ་ཡིན་དུས་ལམ་ལུགས་དེ་སྐྱོང་མཁན་གང་ཟག་རེ་ཟུང་གིས་ཆོས་ལུགས་ཀྱི་ཕྱོགས་གཞེན་སོགས་ཀྱི་དབང་གི་བྱས་ཉེས་ལས་བྱུང་པ་ཞིག་རེད་བསམ་བྱུང་། དེ་འདྲ་ཡིན་དུས་ཆོས་སྲིད་ཟུང་འབྲེལ་དེ་མི་འོས་པ་ཞིག་མཐོང་མ་སོང་།
ཆོས་སྲིད་ཟུང་བྲེལ་ནི་ངེས་པར་དུ་དགོས་ཀྱང་། དགོས་སྟངས་དེ་ཡུལ་དུས་དང་འཚམས་པ་ཞིག་དགོས་པ་རེད།
ཞིབ་ཏུ་ཀློག་ཁོམ་མ་བྱུང་ཐལ།
༡ ཆོས་པ་ཞིག་གིས་ཆོས་ཀྱི་ནང་དོན་དང་ཆོས་པར་ཐོབ་པའི་བརྩི་བཀུར་གཉིས་བེད་སྤྱོད་ཀྱིས་དད་ལྡན་པའི་དགོས་མཁོ་ལས་རང་ཉིད་ཀྱི་མངའ་ཐང་གཙོ་གཉེར་བྱེད་པ་ནི་ཆོས་སྲིད་ཟུང་འབྲེལ་ཟེར་བ་མིན།
༢ ཆོས་དཔོན་གྱི་མཚན་གནས་ཙམ་གྱིས་སྲིད་ཕྱོགས་ལ་ཇུས་གཏོགས་བྱས་ཆོག་པའི་ལམ་ལུགས་ལ་ཆོས་སྲིད་ཟུང་འབྲེལ་ཟེར་བ་མིན།
༣ ཆོས་དད་ཀྱི་ཤུགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལས་ཆོས་སྲིད་གང་ཐད་ལ་བླ་མའི་ལམ་སྟོན་ཚད་ལྡན་དུ་བསམ་པ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བསམ་བློ་མིན།
༤ རྒྱལ་ཁབ་དེའི་གཙོ་རྒྱུགས་ཆོས་ལུགས་སུ་གྱུར་བའི་ཆོས་ལུགས་ལ་རྒྱལ་ཁབ་ཀྱི་རྩ་དོན་ལས་ཀྱང་གལ་ཆེར་བརྩི་བ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བསམ་བློ་མིན།
༥ རྒྱལ་ཁབ་རང་གི་རྩ་དོན་གྱི་ཁེ་ཕན་ངོས་ནས་དེའི་གཙོ་རྒྱུགས་ཆོས་ལུགས་བེད་སྤྱོད་གཏོང་ཕྱོགས་ནི་ཆོས་ལུགས་དེ་བརྒྱུད་རྒྱལ་ཁབ་དེ་སྐྱོབ་ཐོབ་བྱེད་པ་ལ་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཡིན།
༦ ཆོས་ཀྱི་ནང་དོན་དང་དེང་རབས་མང་གཙོའི་འགྲོ་སྟངས་གཉིས་རིག་པ་ཡང་དག་གིས་མཐུན་ཐབས་སུ་སྡེབས་ནས་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་ལ་ཡང་དག་པའི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཡིན།
ཆོས་སྲིད་གཉིས་འཛིན་སྐྱོང་སོ་སོར་བྱེད་དགོས་པ་རེད། རྒྱལ་བུ་དོན་གྲུབ་ཀྱིས་རྒྱལ་སྲིད་སྤངས་ནས། སངས་རྒྱས་ཀྱི་ས་ཐོབ་པར་བཤད་འདུག མཛད་པ་དེས་ཆོས་སྲིད་གཉིས་སོ་སོར་ཕྱེ་བའམ། ཆོས་གཤའ་མ་ཞིག་བསྒྲུབས་ན་འཇིག་རྟེན་བློས་གཏོང་དགོས་པའི་སྐུལ་མ་བཏང་ཡོད། སངས་རྒྱས་ཆོས་ལུགས་ཀྱི་དགོངས་པའི་ངོ་ན། མི་རིགས་ཀྱི་ལ་རྒྱ་དང་། མེས་རྒྱལ་གྱི་གཟི་བརྗིད། ཁྱོད་དང་ང་། ཉེ་རིང་ཆགས་སྡང་སོགས་ཡོད་ཚོད་མི་འདུག འདི་སེམས་ཅན་སྤྱིའི་དཀའ་སྡུག་སེལ་ཐབས་ཤིག་རེད། ང་ཚོས་འདི་ན་འཁོར་བའི་ནང་གི་བདེ་སྡུག་རྩོད་ཀི་ཡོད་པ་རེད། དེ་ཡང་འཚོ་ཐབས་དང་། གསོན་གནས། རིགས་རྒྱུད། ཁོར་ཡུག་སོགས་ཀྱི་ཆེད་འཐབ་རྩོད་བྱེད་དགོས་པ་རེད། རྩོད་པ་འདིར་རྣོ་དབལ་ལྡན་པའི་ནུས་ཤུགས་ཤིག་འབྱུང་དགོས་ན། འཁོར་བ་འདི་དོན་དུ་གཉེར་བྱ་ཞིག་དང་། རང་གཞན་གཉིས་ལས་རང་། སྤྱི་དོན་དང་སྒེར་དོན་གཉིས་ལས་སྒེར་དོན། ཚེ་འདི་དང་ཕྱི་མ་གཉིས་ལས་འདི་གཙོ་བོ་བྱེད་དགོས་ཀྱི་འདུག གོས་ཡོད་ན་ལྟོ་ཡིས་མི་འདངས་པ། ལྟོ་ཡོད་ཀྱང་གོས་ཀྱིས་མི་ལྡང་བ། དགའ་བས་མཉམ་དུ་འདུ་བ། སྡང་བས་སོ་སོར་གྱེས་པ་ལྟ་བུ། ཚོར་བ་བདེ་སྡུག་གི་འདུ་ཤེས་ཞེས་པ་མཚོ་ལྟར་འཕྱུར་ཞིང་བྲག་ལྟར་རྩེག་གི་ཡོད་པས། ཆོས་པ་རྩེ་ཕུད་རྣམས་མ་གཏོགས། རང་རེ་དཀྱུས་མ་རྣམས་ཀྱིས་འཇིག་རྟེན་འཁོར་བ་འདི་ཕར་གཡུགས་ནས། ངེས་འབྱུང་དང་འཇིགས་སྣང་སྤུ་སི་མ་ཞིག་གི་ངང་ནས་མི་ཚེའི་མཐའ་ལ་གཏུག་རྒྱུ་ཞིག་མིན་པ་འདྲ། བོད་ཀྱི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཆེ་ཁག་གཉིས་ཀྱི་ཐོག་ནས། རང་རང་གི་མངོན་འདོད་རྩོད་བཞིན་ཡོད། གཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་བོད་མི་རིགས་དང་དེའི་རིག་གཞུང་གནས་དགོས་པ། གཉིས། བོད་མི་རིགས་ཀྱི་ཆེད་བོད་ཀྱི་སྐད་ཡིག་རིག་གཞུང་གནས་དགོས་པ། ཨ་རིའི་སྲིད་ཟུར་འདས་པོ་ཐོ་མ་སི་ལྗ་ཧྥིར་སོན་མཆོག་གིས་༼ཆོས་རྒྱུད་དང་སྲིད་གཞུང་དབྱེ་འབྱེད༽ཀྱི་རྩོམ་ཡིག་ཅིག་སྤེལ་ནས། ཆོས་ཀྱིས་སྲིད་དང་སྲིད་ཀྱིས་ཆོས་ལ་ཐེ་གཏོགས་བྱ་མི་རུང་བའི་དགོངས་འཆར་ཞིག་བཏོན་པ། རྒྱལ་ཁབ་དེའི་ཆབ་སྲིད་འཛིན་སྐྱོང་གི་སྲིད་ལུགས་གལ་ཆེན་ཞིག་ཡིན་པ་མ་ཟད།དེ་ལ་མིག་ལྟོས་བྱེད་པའི་རྒྱལ་ཁབ་ཀྱང་མང་བོ་ཞིག་བྱུང་རབས་འདུག འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེའི་རྩ་ཁྲིམས་ནང་། སྲོག་གཅོད་པ། མ་བྱིན་པ་ལེན་པ། ལོག་པར་གཡེམ་པ། རྫུན་བཤད་པ་སོགས། ཡ་རབས་ཀྱི་ཀུན་སྤྱོད་དང་འགལ་པའི་རིགས་བཀག་སྡོམ་བྱས་ཡོད་པ་རེད། འདི་ཚོ་ཆོས་ཀྱི་དོན་སྙིང་གལ་ཆེན་དང་ལྡན་ཡོད་ཀྱང་། རྒྱལ་ཁབ་དེ་དག་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་མ་རེད། ང་ཚོས་ཀྱང་དེ་ལྟར་བྱེད་ཐུབ་པ་བྱུང་ན། ཆོས་ཆོས་ས་ན་སྐྱོན་གྱིས་མ་གོས་པ། སྲིད་སྲིད་ས་ན་ལག་ལེན་བསྟར་བདེ་བོ་ཞིག་ཡོང་བར་འདོད།
གུས་པ་ལྟར་ན་ཆོས་སྲིད་བཟུང་འབྲེལ་གྱི་ལུགས་ནི་འོས་འཚམ་ཞིག་རེད་སྙམ།
གང་ཡིན་ཟེར་ན་གང་ཟག་ཞིག་ཏུ་ནོར་བུ་ལྟ་བུ་ཆོས་དེ་ཡོད་ན་དེར་སྲུང་སྐྱོབ་བམ་བདག་ཟུང་ལྟ་བུ་སྲིད་དེ་མེད་ན་གང་ཟག་དེའི་རྒྱུད་ཀྱི་ཆོས་དེ་གཞན་གྱི་འཕྲོག་པའམ་རྐུ་སྲིད་།
དེ་བས་ན་ཆོས་སྲིད་བཟུང་དུ་འབྲེལ་བ་ནི་འོས་འཚམ་ཞིག་སྙམ།