རས་པ།
དང་པོ། འདོད་པ།
ཆུ་འཛིན་ལང་ལོང་འཁྲིགས་པའི་དབྱར་གྱི་ཆར།།
རྐང་ཐུང་ཟིལ་ཐིགས་ཤམ་པའི་རི་ཡི་རྩེར།།
ལ་ལ་ལ་གཞས་གཏོང་བའི་གཞོན་ནུ་ཟུང་།།
འཁྲིག་འདོད་གཏམ་གྱི་སྨྲ་བ་ཕྱི་རུ་བཏོན།།
དཀར་འཇམ་ལུས་ལ་བརྒྱན་པའི་དྲི་མེད་གོས།།
བསིལ་རླུང་ཡན་པོར་རྒྱ་བར་ཁ་གཡར་ཏེ།།
ལྷུག་ལྷུག་ས་ལ་ཟགས་པའི་སྐབས་དང་བསྟུན།།
ངོ་ཚའི་ཉམས་འགྱུར་ཟླ་བོའི་མདུན་དུ་བཤམས།།
འདོད་པའི་རབ་མྱོས་གཞོན་ནུའི་དབུ་སྐྲའི་གསེང་།།
ཡན་པོར་རྒྱུ་བ་རྔུལ་ཆུའི་ཐིགས་པ་ཡང་།།
འདུག་བཟོད་མ་བདེ་དཔྲལ་བར་འཛུམ་པའི་ཚུལ།།
བྲེལ་མྱུར་ཤུགས་བགྲོད་ལྟག་ཆུ་བཞུར་བ་འདྲ།།
དུས་དེར་མཉེན་ལྕུག་ཤིང་ཕྲན་སྒུལ་བ་འདྲའི།།
འཇམ་མཉེན་ཕྱག་ཟུང་ཟླ་བོའི་སྐེ་རུ་འཁྱུད།།
འཛུམ་པའི་སྤྱན་ཟུང་གཟིམ་པའི་ཉམས་དང་བཅས།།
ལུས་སྨད་པད་འདབ་གྲོལ་བའི་བགྱི་བར་ཞུགས།།
འཁྲིག་དང་འཁུན་པའི་སྒྲ་སྒྲོག་ལས།།
ནགས་ཀྱི་སྤྲེའུས་ཐོས་སམ་ཅི།།
འདུག་བཟོད་མེད་པར་ལྡིང་བ་ཡིས།།
རི་ལུང་ཚལ་ཡང་གཉིད་ལས་དཀྲོགས།།
མཁའ་བགྲོད་རྒྱུ་སྐར་དབང་པོ་ཡང་།།
ཚུལ་འདི་མཐོང་བར་རབ་མྱོས་ཏེ།།
ཚང་ཚིང་ནགས་ཀྱི་ཧྲག་བར་དུ།།
གསལ་བྱེད་འོད་ཟེར་ཡང་ཡང་སྤྲོ།།
ཧེལ་ཧེལ་དབུགས་ཀྱི་དབྱངས་དང་སྦྱར་བ་ཡི།།
རྡབ་རྡིབ་ཚིག་རིས་དྲི་གཞོན་རླུང་ལ་བཅིབས།།
མཚན་མོར་རྒྱུ་བའི་བརྟུལ་ལ་རབ་ཞུགས་པའི།།
ཉན་རྣ་བ་ཡིས་གཏམ་གསར་གླིང་དུ་བསྒྲགས།།
གཉིས་པ། འགྱོད་པ།
ཆུ་འགྲོས་ལང་ཚོའི་སྟོབས་ཤུགས་རྒྱས་པ་ཡིས།།
ཆགས་དང་འཁྲུག་པར་སྤྱོད་པ་སྲིད་ནའང་།།
གཉིས་སྦྱོར་བདེ་བའི་འབྱུང་གནས་འཁྲུལ་བའི་ལས།།
གཏམ་གསར་སྙིང་བོར་ཆགས་པ་ཞེ་རེ་སྐྱོ།།
དུས་དེར་ལང་ཚོའི་དྲག་པ་རབ་རྒྱས་པའི།།
ལྡེམ་མྱུར་གར་གྱིས་བགྲོད་པའི་གཞོན་ནུ་མར།།
སང་སིང་འབོད་པའི་ཞལ་པར་ཕོ་ཉ་མོ།།
ཁྲོ་དང་སྡང་བའི་ཉམས་ཀྱིས་ཤར་སེ་ཐོན།།
སྡང་སྡིགས་གཏམ་གྱི་མདའ་མོ་སྙིང་ལ་འཕངས།།
འགྲོགས་འདྲིས་ཉིན་དང་བརྩེ་བར་བཞི་ཤད་བཀོད།།
གཏམ་ཡན་རླུང་གིས་ནུབ་གླིང་ལ་འཁྱེར་བས།།
སྦྱོར་རྩུབ་ལས་ཀྱིས་འདུན་མ་ས་ལ་བསྲེས།།
ཤར་ཤུར་མཆི་མ་འཁྲུག་པའི་རྔུལ་ཆུ་བཞིན།།
ངུད་མོའི་སྐད་ཀྱང་འཁུན་པའི་སྒྲ་དང་མཚུངས།།
གློ་བུར་བློ་རིག་འཁྱུག་པའི་ཞགས་པ་ཡིས།།
ནགས་གསེབ་དགའ་བོའི་འཛུམ་ཟེར་ལེགས་པར་ཟིན།།
ད་ནི་གཏམ་སྦྱོར་དཔལ་གྱི་ཕུན་ཚོགས་གནས།།
བགྱི་སྦྱོར་ལས་ཀྱིས་མཇའ་ཚོན་རྗེས་བཞག་པས།།
ལང་ཚོ་མ་ཡི་དགའ་བའི་ནོར་བུ་ཁྱེད།།
མྱུར་བར་སྐྲ་བདག་བྱེད་པར་སྟ་གོན་བྱོས།།
རྒྱུ་དངོས་འཚོ་བའི་ཕུན་ཚོགས་བྲལ་ནའང་།།
བརྩེ་བའི་རི་མོ་སྙིང་ལ་དཔར་བས་ཆོག།
ལན་བུའི་བདག་པོར་ཁྱེད་ཉིད་ཐོབ་པས་ཆོག།
ཅེས་པའི་སྙིང་གཏམ་ཞལ་པར་རྒྱུད་ནས་ཕུལ།།
ཟླ་བོར་རེ་བའི་ངང་ཚུལ་ནི།།
འདུག་གམ་ལངས་པའི་སྤྱོད་པར་གནས།།
བྲེལ་བའི་ལག་པ་འགུལ་བ་ཡིས།།
ཞལ་པར་བསྟུད་མར་ཐེངས་འགར་བཏང་།།
ས་སྲོད་སྐར་མའི་ཁྲ་འདར་གྱིས།།
རེ་བའི་པད་མོ་ཁ་ཟུམ་ཡང་།།
ཟླ་བོ་ཐོབ་འདོད་རེ་བའི་བཞིན།།
སྐྱོ་གདུང་མཆི་མས་ཡང་ཡང་བཀྲུས།།
གཏམ་སྙན་ཁ་ཡི་སྙིང་པོར་ཆགས་པ་ཡི།།
གཞོན་ནུ་དེ་ཉིད་རྗེས་མེད་ཡལ་བ་ཡིས།།
སྟོང་གསུམ་དབེན་པར་བསྐྲུན་པའི་མྱ་ངན་གྱིས།།
ན་གཞོན་བུ་མོ་རྗེས་ཆགས་ལས་ཀྱིས་འགྱོད།།
གསུམ་པ། གླ་བ།
སྐྱ་རེངས་གོས་སུ་གྱོན་ཞིང་སྲོད་ཁའི་གདོང་ཉམས་ཤོར།།
དགའ་སྡུག་རྣམ་འགྱུར་མི་གཅིག་སྟོང་འདུས་ཁྲོམ་པའི་བཞིན།།
མིག་གི་ཟན་མར་བླངས་ཏེ་འཛུམ་པའི་ཉམས་ལ་བསླབ།།
ལོ་ཡི་འཁོར་ལོ་འཁོར་བའི་འཕྲང་རིང་ངལ་བས་བསྐྱལ།།
དཀར་འཇམ་གདོང་གི་ལང་ཚོར་དྲན་སྣང་རི་མོ་བབས།།
སྔོན་ཚེ་སྐྱིད་ཀྱི་འཚོ་བ་གཉིད་ལམ་ལའང་འཁོར།།
སྐྱིད་པའི་ཟླ་བོ་ཉིད་ལ་དུངས་པའི་ཚིག་གསུམ་ཤོར།།
བཞི་བ། མཇུག་བསྡུ་བ།
འཚོ་བ་བདེ་མོ་མ་རེད།།
དགའ་སྡུག་སྐྱོ་ངུ་མང་གི།
ལས་ལ་འཁྲུལ་བ་ལོས་ཡོད།།
ཚང་མ་འདོད་པ་ཅན་རེད།
༢༠༡༡།༥།༢༦ཉིན།
གསལ་བཤད་ཅིག སྒྲུང་ནི་སྒྲུང་རང་ཡིན་ཏེ་རྒྱ་ནག་པ་ལུའུ་ཞུན་གྱིས་བཤད་པའི་སྒྲུང་གཏམ་ཞིག་གི་མི་སྣ་གྲུབ་ཚུལ་ལྟར་ཕྱོགས་བསྡུས་རང་བཞིན་ཅན་གྱི་བསྡུས་གཟུགས་ཤིག་ཡིན་པ་དེ་ལྟར་ལགས།
དབུགས་ཐེངས་གཅིག་གིས་བཀླགས་པ་ཡིན།
དྲ་གྲོགས་རས་པ་ལགས་བཀའ་དྲིན་ཆེ།
ཁ་སང་ལས་དེ་རིང་གི་བྲོ་བར་མངར་ཆེ་ཙ་ན་སང་ལོ་ལས་གནངས་ལོར་བཀླག་ན་རིན་ཐང་ཡོད་པ་ཤ་སྟག་རེད་ལགས།
གྲོགས་ཀྱི་འདོད་པའི་སྙན་ངག་བཀླགས་ཟིན། བརྗོད་བྱ་དང་འབྲི་ཐབས་གཉིས་ཀར་གསར་ཉམས་ཀྱི་ཁྱད་ཆོས་ལྡན།