༢༠༠༨ལོའི་བོད་ནང་གི་ཞི་བའི་ངོ་རྒོལ་སྐབས་གཤེགས་ཟིན་པ་དང་བཙོན་དུ་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་སེམས་བསམ་པའི་གཏིང་ནས་མྱ་ངན་ཞུ།
ཐེ་བོ་ཤེས་རབ་རྒྱ་མཚོ།
——–
བདེ་བར་གཟིམས་ཤིག་དག་ཞིང་ན། ཁྱེད་ཅག་གིས་ཕངས་སེམས་མེད་པར་ཤ་ཁྲག་ལས་གྲུབ་པའི་རང་གི་མགོ་བོ་གཏུན་ཤིང་བྱས་ནས་བརྡུངས་པའི་ཅོང་སྒྲ་དེས་ས་གཞི་འདར་ཞིང་རྒྱ་མཚོ་མ་བསྐྱོམས་ནའང་། དེ་རིང་ལོ་ངོ་སྟོང་ཕྲག་ཉལ་བའི་ང་ཚོ་གཉིད་ལས་སད་པར་བྱས་པས། བདེ་བར་གཟིམས་ཤིག་དག་ཞིང་ན། ང་ཚོ་ཡར་ལ་ལངས་ཡོད། ཁྱེད་ཅག་གིས་འཇིགས་པ་དང་བག་ཚ་སྤུ་ཙམ་མེད་པར་རང་ལུས་དཔལ་འབར་ཚབ་ཏུ་མེ་རུ་སྒྲོན་པའི་འོད་སྣང་དེས། སྨག་ནག་པའི་མཚན་ལྗོངས་ཧྲིལ་པོ་གཏན་དུ་མ་བཅོམ་ནའང་། ང་ཚོ་ལ་རྐང་ལག་གཡུག་སའི་རང་དབང་གི་བར་སྣང་ཞིག་ཡོད་དགོས་
པའི་གནས་ལུགས་མཐོང་དུ་བཅུག་པས། བདེ་བར་གཟིམས་ཤིག་དག་ཞིང་ན། ང་ཚོ་གྲ་སྒྲིག་བཅས་ཟིན། ང་ཚོའི་སེམས་ཁོང་གི་སྒྲོན་མེ་ལྟ་བུའི་དཔའ་བོ་དཔའ་མོ་ཚོ། ང་ཚོའི་སྙིང་ཁོང་གི་སྲོག་ཤིང་ལྟ་བུའི་དཔའ་བོ་དཔའ་མོ་ཚོ། བཀའ་དྲིན་ཆེ།
ཁྱེད་ཅག་གི་བློ་སྤོབས་ཀྱིས། ང་ཚོ་ལ་རྐང་ལག་འདི་རང་དབང་ཆེད་གཡུག་དགོས་པ་ཤེས་སུ་བཅུག་པས། བདེ་བར་གཟིམས་ཤིག་དག་ཞིང་ན། ང་ཚོ་ར་མདའ་ཞིག་གི་ཚབ་ཏུ་ཡོང་གིན་ཡོད། མི་ལ་ལས་ཁྱེད་ཅག་གཏུམ་དྲག་ཆེ་བའི་དཔུང་ཚོགས་ཀྱི་མེ་མདའི་སོ་ཁ་ནས་དུས་གཏན་དུ་འགྱེལ་ཟིན་པར་འདོད་ནས། ཧབ་རྒོད་དང་མཐོང་ཆུང་གི་ཉམས་ཀྱིས་འགྱིང་ཡང་། ཁྱེད་ཅག་འགྱེལ་ཡོད་དམ། དཔེ་མི་སྲིད ། ཁྱེད་ཅག་འགྱེལ་བའི་དཔེ་མི་སྲིད། ང་ཚོ་བོད་མི་དམངས་ཀྱི་སེམས་ཁོང་ན། ཁྱེད་ཅག་ནི་དུས་གཏན་དུ་གཟིམ་པ་མེད་པའི་རང་དབང་གི་དཔལ་འབར་ཞིག་སྟེ། ངེད་བོད་མི་དམངས་ཀྱི་སེམས་ཁོང་འོད་ཀྱིས་ཁེངས་བར་བྱས་པས། ཁྱེད་ཅག་བོད་མི་དམངས་ཀྱི་སྙིང་དབུས་ནས། དུས་གཏན་དུ་འགྱེལ་མི་དཔེ་ལ་ནུབ་མི་སྲིད། ཁྱེད་ཅག་དུས་གཏན་དུ་པོ་ཏྰ་ལའི་མདུན་ཐང་གི་རྡོ་རིང་བཞིན་བོད་མི་དམངས་ཀྱི་སེམས་ཁོང་དུ་ཀྲོང་ངེར་འགྱིང་ཡོད། སྤྱང་ལྟོགས་ལྟ་བུའི་དཔོན་ངན་རུ་ཚོགས་ཀྱིས། ཁྱེད་ཅག་དམྱལ་ཁམས་ལས་སྡུག་རྩུབ་ཆེ་བའི་མུན་ནག་གི་བཙོན་མཁར་སྦུབས་སུ། རྐང་ལག་ལྕགས་སྒྲོག་གིས་བཅིངས་ནས་ལ་རྒྱའི་མགོ་འཕང་སྨད་ཅིང་། དཔའ་ཉམས་ཀྱིས་ཁེངས་པའི་སྤོབས་པ་འཁུམ་དུ་བཅུག་ཡོད་པར་འདོད་ནས།ཟུར་ཟ་དང་མཆིལ་ཞགས་འཕེན་ཡང་། དཔེ་མི་སྲིད། ཁྱེད་ཅག་དུས་གཏན་དུ་བོད་མི་དམངས་ཀྱི་སེམས་ཁོང་ན་སྔར་བཞིན་གཟི་བརྗིད་ཀྱིས་འཚེར་ཞིང་། སྤོབས་ཉམས་ཀྱིས་འགྱིང་ཡོད་པས། ང་ཚོ་ལ་རང་དབང་གིས་སྐྱེས་པའི་རྐང་ལག་འདི། རང་དབང་ཆེད་གཡུག་དགོས་པའི་གནས་ལུགས་མཐོང་དུ་བཅུག་བྱུང་། དཔའ་སྤོབས་ཀྱིས་ཁེངས་པའི་སྤུན་ཟླ་ཡ། སྤུན་ཟླ། བློ་མ་ཕམ། ཡིད་མ་སྐྱོ། ང་ཚོ་ཚང་མ་ལག་རྡང་སྦྲེལ་ནས་རང་དབང་གི་ཆེད་བཙོན་ཁང་གི་སྒོ་ཁ་འཐེན་ནས་ཡོང་གིན་ཡོད། ཡུད་ཙམ་སྒུག་རོགས་གནོངས་དང་སྤུན་ཟླ་ཕོ་མོ་རྣམས།
it is great and thank you so much Sherab.