བསྒྱུར་མཁན་པད་མ་ཆོས་སྒྲོན
རྩོམ་པ་པོ་འབྲུག་རྒྱལ་ཚེ་རིང
《ཨ་ཚོགས་ཉི་ཁྲི་ཚང་གི་དར་རྒུད།》
མ་རྒན་དང་། ཁྱི་རྒན། ད་དུང་རྙིང་ཧྲིལ་དུ་གྱུར་བའི་སྦྲ་ནག
བོད་ཀྱི་ཡངས་བའི་རྩྭ་ཐང་ནི་མཐའ་ཡས་པས། ཆེས་མཐོ་སར་བུད་ནས་ལྟོས་ཀྱང་རྩྭ་ཐང་གི་མགོ་ནས་མཇུག་བར་མཐོང་མཁན་ཞིག་སྔར་བྱུང་མྱངས་མེད་ལ། ཕྱིན་ཆད་ཀྱང་འབྱུང་མི་སྲིད་ཅེས་བཤད་ཀྱང་དེ་ནི་འུད་ཤོབ་ཅིག་གཏན་ནས་མིན།
དེ་བས་རྩྭ་ཐང་གི་ལྟེབས་ཁུག་རེ་ལ་གནས་འཆའ་པའི་འབྲོག་སྡེ་སོ་སོས་རང་ཉིད་བསྡོད་སའི་རི་ལུང་ཐང་གསུམ་ལ་ས་མིང་ཆུ་མིང་རེ་བཏགས་ཤིང་། མི་རེ་ངོ་རེས་ནས་རང་གིས་སྲུང་ཞིང་གཞིས་ཆགས་སའི་ས་ཁོད་དེར། འཕྲུལ་སྣང་དང་། མངོན་གྱུར། ཡང་ན་ཤིན་ལྐོག་བཅས་ཀྱི་བརྩེ་སེམས་ཟབ་མོ་བཅིངས་ཡོད།
བུ་ཆུང་ལུག་རྫི་ཁོ་ལོ་ན་བཅུ་གཅིག་ལ་སོན་མ་ཐག་ནས་ཕོ་གསར་ཞིག་ཡིན་ཤག་བྱེད། རྒྱུ་མཚན་སྡེ་འདབ་ན་ཁེར་ཁྱིམ་དུ་ལུས་པའི་སྦྲ་ནག་དེའི་ནང་། ལོ་ན་མཐོ་ཞིང་སྨྲ་བ་ཉུང་བའི་ཨ་མ་རྒད་མོ་(ཁོའི་མ་ཡར་)ཞིག་དང་། ལྷས་ན་ཉལ་རྐྱང་ཡིན་པའི་ཁྱི་རྒན་རྒྱ་སྟག་གཉིས་ལས། ཁོར་རྩེད་རོགས་དང་འཚར་རོགས་གཞན་མེད་སྟབས། ཁྱིམ་ཚང་དེ་གའི་མགོ་འདོམས་པ་ཁོ་རང་གིས་མི་བྱེད་ཀ་མེད་རེད།
སྦྲ་རྒན་དུད་པ་ཅན་དང་སླང་རྒན་དྲི་མག་ཅན་གྱི་ཁྱིམ་ཚང་འདི་བའི་སྐྱེས་རབས་ཡང་བརྒྱུད་འདེད་དགོས་ན། སུ་ལའང་གསལ་བོ་ཞིག་བཤད་རྒྱུ་མེད། ཐབ་མགོའི་ཁ་ཚུབས་ནང་གི་ཟུང་ངའི་སྐེ་ལ་ཆགས་པའི་དུད་དྲེག་ནི་ལོ་ཟླའི་འཁོར་འགྲོས་རིང་མོ་ཞིག་གི་རྨ་ཤུལ་ཡིན་ན། ཨ་མ་རྒན་མོ་དང་། སྦྲ་རྒན་གཉིས་ཀྱིས་རང་ཉིད་ཀྱི་སྐྱེས་ཚེ་སྐྱེས་སྐར་མ་ཤེས་ནའང་། དེ་ནི་འགྲེལ་བཤད་མི་དགོས་པའི་ལོ་ཐོ་ཤིག་ཏུ་ངེས།
ཁོ་སྐྱེས་ནས་ཟླ་བ་གསུམ་བཞི་ཞིག་ལས་ཕྱིན་མེད། ཉིན་ཞིག་ཤེས་པ་གསལ་ལ་མི་གསལ་བའི་བུ་ཆུང་མ་འབྱར་དེ་ཕ་མ་གཉིས་དང་ཁ་བཀར་ནས། ཨ་ཚོགས་ཉི་ཁྲིའི་ཚང་ཟེར་བའི་ཁྱིམ་ཚང་ལ་བུ་སྐལ་ཏུ་བརྫངས། ཁྱིམ་ཚང་འདི་གའི་ཡབ་མེས་གོང་མའི་ཤུལ་བཞག་གི་ཁ་རྗེ་དབང་ཐང་བཟུང་ནས་དུད་པ་འཆད་མྱོང་མེད་ནའང་། མི་ཐོག་གང་ཞིག་གི་སྐབས་ལ་འདི་བས་དགོན་པ་ཞིག་གི་ལ་ལོ་(རྟ་)དེད་ནས་བླ་མ་མཐུ་ཅན་ཞིག་དང་བཀྱེད་བ་རེད་ཟེར། དེ་ནས་བཟུང་ཕ་ཤུལ་འཛིན་མཁན་གྱི་བུ་རྒྱུད་ཆད་པར་བརྟེན། བུ་སྐལ་བླངས་ཏེ་སྦྲ་ཁྱིམ་གོར་མོ་འགྱེལ་དུ་མ་བཅུག་པར་མི་ཐོག་རིམ་གྱིས་ཕྱིན།
བུ་ཆུང་ཁོ་ལོ་བཞི་སྟེང་ཕ་ཡར་ཚེ་ལས་འདས། དེ་ནས་བཟུང་ཁེར་ཁྱིམ་འདིའི་ནང་ཨ་མ་ལོ་ལོན་ཞིག་དང་། སྒོ་ཁ་ན་རྒྱ་སྟག་མ་གཏོགས་མེད་མོད། ཁོ་ལ་ཨ་ཚོགས་ཉི་ཁྲི་ཚང་གི་ཤུལ་འཛིན་ཡིན་པའི་རང་སྣང་ཡོད་སྟབས། རང་ཉིད་ལག་ཆགས་མ་རན་གོང་ནས་ཆགས་ཡོད་སྙམ་པའི་ང་རྒྱལ་དང་། ཆགས་དགོས་པའི་བསམ་གཞིགས་ཀྱི་ཀློང་ལ་ཚུད།
སྡེ་མི་ཚོའི་ཁ་རྒྱུན་ལ། ཕྲུ་གུ་དེ་ཆུང་ཆུང་སྐབས་ནས་ཕ་མ་ཀྲོང་ཀྲོང་གཉིས་དང་མ་འདྲ་བར་གཉོར་མཁན་ཚང་དང་འདྲ་བོ་འདུག་ཟེར། གང་ལྟར་ཁོ་རང་ལ་མཚོན་ནའང་ཨ་ཚོགས་ཉི་ཁྲི་ཚང་རང་མགོར་ལྷུང་ཡོད་པས་ན། རང་ཉིད་ཡག་རུང་སྡུག་རུང་” བོས་ན་མིང་ཅན། བགོས་ན་སྐལ་ཅན་” ཨ་ཚོགས་སྟོང་དཔོན་ཁྱིམ་རྒྱུད་ཀྱི་ཤུལ་འཛིན་ཡིན་པའི་མགོ་འཕང་དགུང་ལས་མཐོ།
ཨ་མས་རྟག་པར་<<གླིང་གི་མ་འགག་མོའི་བུ་ཚ་ཅོ་རི་>>སྐོར་གྱི་ཁ་སྒྲུང་བཤད་ལ། དཔའ་སྐད་འཛམ་གླིང་ལ་ཁྱབ་པའི་གླིང་གེ་སེར་འཕྲུལ་གྱི་རྒྱལ་བོའང་། ཁོ་རང་ནང་བཞིན་ཆུང་དུས་མ་ངན་འགག་ཚ་ཅོ་རི་རེད། སྐབས་དེར་ཁོང་མ་བུ་གཉིས་བོ་རྨ་དེ་ཡག་ལུང་བའི་སུམ་མདོ་ནས་ཁེར་ཁྱིམ་ལ་ལྷག་པ་དང་། བུ་མ་སྐྱེས་གོང་ལ་ཅོ་རི་ཡང་རྨ་འགག་རིང་མོའི་ཉིན་སྲིབ་ནས་གནག་ཕྱུག་གི་རྫི་བོ་ཁེར་འདུག་ཞིག་ཡིན་ཁར། ཅོ་རིས་མ་བུ་གཉིས་ཀྱི་ལྟོ་གོས་ཆེད་དུ་མུག་ལས་སྡུག་ལས་སྣ་ཚོགས་བྱས་ཤིང་། ཐ་ན་ཨབ་བྲ་ཡན་ཆད་ཟས་ནས་དཀའ་སྡུག་སྣ་ཚོགས་མྱངས་པའི་སྐད།
ཡོད་ཆོག་པ་ནི་བྱམས་སེམས་དང་། སྐྱོ་སྣང་། གདུང་ཤུགས་བཅས་ཀྱི་སེམས་འགྱུ་ཡིན་ལ། དགུན་ཁ་བས་གཡོག་པའི་རྩྭ་ཐང་གི་མཐའ་རུ་རི་རྒྱུད་ཀྱི་ཁོད་ལག་འབུར་གཟུགས་སུ་མངོན་པ་ལྟར། སྐེ་རྩའི་རྩ་ཆེན་ཚང་མ་ཕྱིར་མངོན་པ་མ་ཟད། ཁྲག་དམར་འཛར་ཞོར་སྟོང་ཁམས་ཆེན་པོར་འོ་དོད་འབོད། འོན་ཏེ། སྐད་བརྒྱ་བརྒྱབས་ཀྱང་གོ་ཐུབ་མཁན་རྫི་བུ་ཁོ་རང་ལས་མེད་ལ། གླིང་གེ་སེར་རྒྱལ་བོས་མཚོན་པའི་ཡབ་མེས་རྣམས་ཀྱིས་ན་ཟུག་ཡོད་ཚད་ཁོག་ལ་བཅུག་ནས་མདུན་དུ་བསྐྱོད་ཅིང་། གདོང་ལེན་དང་འཐབ་རྩོད་རྒྱུན་ནས་རྒྱུན་དུ་བྱས་པ་ཞིག་ལོས་ཡིན།
གཙོ་འཛིན་གྱི་འབག་ཐལ་རྩམ་པར་བཏང་།
འབྲོག་མོ་ཚོས་བཟའ་དཔོན་ལ་ཞོགས་ཇ་ཉལ་སའི་ནང་བསྐྱལ་ཡོང་གི་ཡོད་པ་ལྟར། ཁོང་ལའང་ཆུང་ཆུང་སྐབས་ནས་སྐལ་བ་འདི་ལྡན་ཡོད།
”ཨ་མའི་ཨོ་ལོ་ ད་ལངས་རན་སོང་ ”འཇམ་རྩུབ་ཟུང་གི་རེག་བྱ་ཅན་གྱི་ལག་པས་ཁོའི་ཐོད་པར་འཕུར་འཕུར་བཏང་། མིག་ཕྱེ་བ་ན། ཨ་མས་དཀར་ཡོལ་འབྲུག་མའི་ནང་འོ་ཇ་ཁ་ཞག་ཅན་པོ་གང་བླུགས་ཏེ་སྔས་མགོར་ཁྱེར་ཡོང་ཡོད།
”ཨ་མ༌༌༌༌མདང་ནུབ་རྒྱ་སྟག་གིས་ལྷས་བསྐོར་ནས་ཟིག་གི་འདུག ཟོག་ཆོའི་ནང་སྤྱང་ཀི་རྒྱུགས་པ་མིན་འགྲོ ” (ཁོང་ཚང་གི་འདོགས་ཁྱིའི་མིང་ལ་རྒྱ་སྟག་ཟེར)
”ད་ནངས་་ངས་ ཟོག་ཆོ་ཚང་རྩིས་བྱས་ཡོད། ཅུང་ཟོས་མི་འདུག ” ཅེས་བརྗོད་ཞོར། མོས་ཐབ་ཀའི་ཡ་གྱལ་གྱི་གདན་སྟེང་ལ་རྩམ་ཤིང་ཁྱེར་ཡོང་ནས་མ་བུ་གཉིས་ཞོགས་ཟས་ལ་རོལ།
ཨ་མས་་ ”མདང་ནུབ་ཟོག་ལྷས་མཐར་ཡོང་ཡོད་ཤག་རེད། ཧ་ལམ་ཁ་་འཕྱིང་གྱོ(ཨམ་ སྐད་ཀྱི་སྦྱང་ཀིའི་འབོད་ཚུལ་གཞན)བཞི་ལྔ་ཞིག་ཡོད་པ་འདྲ། རྒྱ་སྟག་གི་དྲིན་ན་སྐྱོན་མི་འདུག ”ཞེས་རྒྱུན་ལྡན་གྱི་ཉམས་སྣང་ངང་བརྗོད།
མ་གཞི་སྦྱང་ཀི་ཟོག་ནང་རྒྱུགས་མིན་ཀྱི་སྐད་ཆ་ནི་ཁོང་ཚོར་མཚོན་ན་སྤྱིར་བཏང་གི་ཁ་བརྡ་ཙམ་ཡིན། སྦྱང་ཀི་ལྷས་ལ་རྒྱུགས་ནས་ཕྱུག་ཟོག་གསོད་པ་སོགས་ནི་འཚོ་བའི་ཆ་ཤོས་ཤིག་སྟེ། གཡོལ་ཐབས་ཀ་ལ་ཡོད། དེ་སྔ་འབྲོག་ཁྱིམ་རེར་རྒྱ་གར་པུ་རཱ་དང་ཁེ་པཱོ་སོགས་བཟང་ངན་ལ་མ་བལྟས་པར་མེ་མདའ་རེ་མེད་མཁན་མེད་ལ། མེ་མདའ་ནི་ཁོ་ཚོར་མཚོན་ནའང་ལུག་ཁྱུའི་ནང་གི་ཁྲོམ་ནང་བཞིན་མེད་ཐབས་མེད་པ་ཞིག་རེད། འོན་ཀྱང་། གཞུང་གིས་མེ་མདའ་བསྡུས་ནས་ལོ་མང་ཕྱིན་པར་བརྟེན། སྤྱང་ཚོགས་ཁ་དར་དེ་ལོ་རེར་ཇེ་མིང་དང། ད་ནི་སྤྱང་ཚོགས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་བསྐོར་ནས་ཐར་ཐབས་དཀའ་བའི་ཚད་ལ་སླེབས།
”སྐྱ་རྡོ་ཁོ་མཐོང་རྒྱུ་མི་འདུག་གཱ” (སྐྱ་རྡོས་མདང་ནུབ་ཁོང་ཚང་ལ་གནས་ཚང་གཡར་བ་དང་་། ནམ་གསལ་མ་ཐག་་མཚོ་སྔོན་པོར་གནས་སྐོར་ལ་ཕྱིན)
ཨ་མོས་ ” ཁོང་ད་ནངས་ཐོན་ཚར་སོང་། འགྲོ་ཁར་ངས་རྩམ་པ་བརྫུས་ནས་རུམ་ལ་བཅུག་པ་ཡིན། ཉི་མ་གཅིག་གཉིས་རིང་གི་བྲོ་ཁ་འདེང་ཤག་ཡིན”ཞེས་བརྗོད་ཞོར་ནང་ལ་ལོག མོ་ནང་ལ་ཕྱིན་རྗེས་ཐབ་གའི་མ་དཀྱིལ་ནས་ཀུམ་ཙོག་གིས་བསྡད་དེ། ལོ་མ་ལྗང་ཁུ་སྤར་མོ་གང་ཙམ་ཞིག་རྡོ་ལེབ་ཅིག་གི་ཐོག་ཏུ་བླུགས་ནས་བཏུལ་ཞོར། ལག་པ་ཐབ་ཁུངས་ནང་བསྲིངས་ནས་ཐལ་སྐྱ་ཏོག་ཙམ་ཁྱེར་ཡོང་སྟེ་ལོ་མ་དང་མཉམ་པོར་བསྲེས་པ་མ་ཟད། སྔོ་སྨན་འགའ་ཡང་མཉམ་པོར་ཞིབ་ཞིབ་བཏང་རྗེས། མཐེ་བོང་གི་སོར་མོ་རིང་པོས་སྣ་ཐལ་ཚང་མ་ཁ་ཆུང་ཞིང་ལྟོ་ལྡིར་བའི་དམ་བེ་ཞིག་གི་ནང་ག་ལེར་ག་ལེར་བླུགས། ལས་ཀའི་གོ་རིམ་འདི་ལྟར་འཚག་པ་དང་། མོས་དམ་བེ་ཐབ་མདོའི་འགྲམ་ལ་བཞག་རྗེས། ལག་པ་ཐུ་བ་ཐོག་མའི་ནང་ཕུར་ཕུར་ནན་མོ་ཞིག་བཏང་མཐར། དམ་བེ་བླངས་ཏེ་སྣ་ཐལ་གང་ཙམ་ཞིག་མཐེབ་དཀྱུལ་ལ་བླུགས་ནས་རྔམ་འཐེན་བྱས་་་་
ཨ་མས་ནམ་རྒྱུན་སྣ་ཐའི་བསྡེབས་ཁ་འདི་ལྟར་སྒྲིག་ནས་བཏུལ། བཅའ་སྟངས་ལས་སྟངས་འདིའི་ཁོ་ལ་བག་ཡངས་ཤིང་ཁོད་སྙོམས་པའི་ཚོར་བ་ཞིག་བསྐྱེད་པར་བྱས། དེ་ནི་ཁྱིམ་རྒྱུད་ཡ་རབས་ཤིག་གི་གོམས་འདྲིས་ཕྱིར་མངོན་སྟངས་ཡིན་སྲིད་ན། མི་རབས་རིམ་རྒྱུད་ཀྱི་གོམས་གཤིས་དེ་ལ་ས་འཛིན་གྱི་ཕྲེང་བ་བཞིན་བབ་ལྷིང་གི་རང་བཞིན་ལྡན་ཡོད།
ཨ་མོས་མཐེབ་དཀྱུལ་གྱི་སྣ་ཐལ་རྔམ་འཐེན་རིང་པོ་རེ་བྱས་རྗེས། རི་གཡོ་ཞིང་མཚོ་འཁྱོམས་པར་བྱེད་པའི་ཧབ་ཆི་རྒྱག་ལ། ཅུང་ཙམ་ནས་སྣབས་ཆུ་ཟུར་དུ་གཡུག་པ་དང་། སྣ་ཁུངས་ལག་པས་འཕྱི་པར་བྱ། བུ་ཆུང་ཁོས་ཁུ་སུམ་པོར་ཨ་མའི་འགུལ་བསྐྱོད་ཚང་མར་དོ་སྣང་བྱས་ཤིང་། མཚམས་རེ་ཁོའང་སྣ་སྤྲིད་ནས་དྭངས་བའི་ཁྲོད་ཀྱི་བདེ་བ་དེར་སེམས་པ་ཆགས། ཧབ་ཆི་བརྒྱབས་པ་དང་རྒས་གཉེར་གྱི་སྲིབས་ཁར་དྲེག་པ་ཆགས་པའི་ཞལ་རས་ཐར་ཤ་ཆད་པའི་སྐབས་ཐོག་དེར། མོའི་མཁུར་མགོ་ནས་ཁྲག་རྩ་སྐྱ་མ་འགའ་གསལ་ལ་མི་གསལ་བར་མངོན་པ་ནི། ཚེ་སྲོག་གི་རྒྱུད་ལམ་ཁྲ་མོ་ཞིག་དང་ཀུན་ནས་མཚུངས་ལ། ཁྲག་རྩའི་བརྒྱུད་ལམ་དེ་ནས་ཡར་དེད་ན། དེ་ནི་འདས་བའི་ལང་ཚོའི་བཞུར་རྒྱུན་གྱི་ཤུལ་ལམ་ཡིན་པ་ནི་སུ་ལའང་དོགས་པ་མེད།
འདབ་ཆགས་གར་ལ་་་རྩེན་པའི་རྩྭ་ཐང་གི་མཚན་ལྗོངས་ནི་གནག་ཅིང་སྟུག་ལ། གློག་ཞགས་་འཁྱུག་པའི་འོད་རླབས་ཀྱིས་ད་གཟོད་ལྡོག་ལམ་གྱ་གྱུ་ཞིག་མཐོང་བར་བྱེད། འདི་ལྟ་བུའི་སྣང་མིན་གྱི་འབྲེལ་མཚམས་ནས་རྩ་ཐང་ནི་འཇིགས་རྔམས་དང་ལྐོག་གྱུར་ཅིག་རེད།
དོ་དགུང་ཕ་ཡར་ཚེ་ལས་འདས་རྗེས་ཀྱི་དྲག་ཆར་བབ་པའི་མཚན་མོ་དང་པོ་རེད། དེ་དུས་ཁོ་ལོ་བཞིའི་ཁ་ལ་སླེབས་རུང་ཡིན་ལ། གློ་བུར་དུ་ནང་མིའི་གྲངས་ཀ་ཉུང་རུ་ཕྱིན་རྐྱེན། སྦྲ་ཁྱིམ་ཁ་གང་མ་དེའི་ཕྱི་ནང་གང་ལ་ཕྱིན་ཡང་སྟོང་པ་སྟོང་རྐྱང་དུ་ཚོར། མཚན་མོ་དེར་དྲག་ཆར་དང་རླུང་འཚུབ་ཀྱིས་མགོ་ཐོག་གི་སྦྲ་འང་ཁུར་ལ་འཁེལ་བྱས། ཁོ་རང་དབང་ན་མེད་པར་མ་དཀྱུལ་གྱི་ནང་ཀ་དུད་དྲེགས་ཅན་དེར་དམ་པོར་འཐམ་པ་དང་། སེམས་ལ་གལ་སྲིད་དྲག་ཆར་གྱིས་སྦྲ་མགོ་ནས་གཤུ་ཚེ། རང་ཉིད་མུན་པ་སྟུག་པོ་དེས་འཁྱེར་རྒྱུ་ཉག་གཅིག་རེད་བསམ་ནས་སྐྲག་་་༌༌༌༌༌༌༌༌
ཐབ་མདོའི་མ་དཀྱུལ་ན་ཨ་མས་ཧུར་ཐག་གིས་དཀར་ཆག་སྤུངས་ཐོ་ཞིག་རྡོ་ཡིས་རྡུང་ནས་ཞིབ་ཞིབ་བཟོ་ཡི་འདུག གསལ་ལ་མི་གསལ་བའི་བཞུ་མར་ངོགས་ནས་མོའི་ངོ་གདོང་ན་དངངས་སྐྲག་དང་སེམས་སྡུག་དེ་ཙམ་མེད་པ་མཐོང་ཐུབ། ཁོ་མོའི་ཟླ་བོའི་ཕ་དེ་ཡང་མི་ཚང་འདི་བའི་གསོ་ཕྲུག་ཡིན་པ་དང་། མོ་རང་གི་བཟའ་ཟླ་བའང་གསོ་ཕྲུག་རེད། གོ་ཚོད་ལ་མི་ཚང་འདི་བའི་ཁྱིམ་ཤུལ་གསོ་ཕྲུག་རྐྱང་གིས་བཟུང་ནས་ད་བར་སླེབས་པ་དང་། ཁོ་ཚང་ལ་ཕ་ཤུལ་འཛིན་མཁན་གྱི་བུ་སྐྱེས་རྒྱུ་ཁག་པོ་ཡིན་སྟབས། ད་ལྟའི་སྐབས་སུ། མོས་བུ་ཚབ་དུ་བླངས་བའི་ཚ་བོ་ནི་ཨ་ཚོགས་ཉི་ཁྲིའི་ཁྱིམ་རྒྱུད་ཀྱི་ཁ་རྗེ་དབང་ཐང་བཅོལ་ས་ཁོ་ན་དང་། ཤེས་དཀའ་བ་ཞིག་ལ་ཁྱིམ་རྒྱུད་ཅིག་གི་དུད་པ་ཆད་མི་རུང་བ་ནི། བརྩེ་བའི་ཚེ་གྲོགས་དང་བྲལ་བ་ལས་ཀྱང་གནོན་ཤུགས་ཆེ་ཞིང་། འཇིགས་སུ་རུང་བ་ཞིག་ཡིན་པ་དེ་རེད།
ཨ་མས་་བོང་ཁ་ན་འཕྲེད་དུ་བཞག་པའི་ཆོས་སྒམ་དེར་ཐོད་པ་གཏུགས་ནས་སྨོན་ལམ་འདེབས་པ་དང་། མཚམས་མཚམས་ལ་་་་སྒམ་ཆུང་དུད་དྲེག་ཅན་དེའི་འགབ་ནས་མཆོད་མེ་རེ་སྒྲོན་ཞིང་སྤོས་སྣ་བཏུད། རེད་དེ། སྒམ་དེའི་སྟེང་ན་ཡོད་པ་ནི་ནང་བའི་ལྷ་སྐུ་མ་ཡིན་པར། དཀར་ཡོལ་གྱིས་གྲུབ་པའི་གཙོ་འཛིན་མའོ་ཙེ་ཏུང་གི་འདྲ་འབག་ཅིག་རེད། འདྲ་འབག་དེའི་ཆེ་ཆུང་ཧ་ལམ་ཁྲུ་ཙེ་གང་ཙམ་དང་། ཞལ་འཛུམ་དམུལ་ལར་བཞུགས་པའི་དངོས་པོ་དེ་དོན་དངོས་ཅི་ཞིག་རེད། ཨ་མ་མེད་པའི་གོ་སྐབས་དང་བསྟུན་ནས་ཁོ་རང་ཆོས་སྒམ་ཀྱི་འགབ་དུ་ཕྱིན་ཏེ་འདྲ་འབག་ལེན་རྩིས་བྱས། འདྲ་འབག་ཡོད་ས་མཐོ་དྲགས་པས་ཕྱི་རྟིང་གནམ་ལ་བཀྱགས་ནས་ལག་པ་བསྲིངས་ཚེ་སྙོབས་ཐུབ་དང་། ཁ་དོག་དཀར་ཞིང་འོད་ལམ་ལམ། ཞལ་རས་སྒམ་ལ་འཛུམ་པའི་སྐུ་འདྲའམ་དངོས་པོ་དེ་ལག་པས་དམ་པོར་འཛིན་མ་ཐུབ་ཙང་། སྟབས་མ་ལེགས་པར་ཙག་སྒྲ་དང་བཅས་གནམ་ནས་སར་ཟགས།
ཨ་མས་ཐབ་ཀའི་མ་དཀྱུལ་ནས་འདྲ་འབག་རྡོ་ཞིག་གིས་རྡུང་ནས་ཞིབ་ཞིབ་བཟོ་བཞིན་པའི་ཙག་སྒྲ་དང་། མཚན་མོ་དེའི་ཁ་ཆར་བུ་ཡུག་སྡེབ་ནས་བྱུང་།
”རླབས་ཆེན་གཙོ་འཛིན་གྱི་སྣ་མགོར་ཆག་གྲུབ་ཤོར་འདུག ལམ་སང་མེད་པ་མ་བཟོས་ན་ཧ་ཅང་ཉེན་ཁ་ཆེ། རྡུང་ནས་ཐལ་སྐྱ་ནང་བཞིན་བཟོས་རྗེས་ས་འོག་ཏུ་བཅུགས་མ་གཏོགས། ངའི་བུས་གཙོ་འཛིན་གྱི་སྣ་མགོ་བཅག་པ་ཤེས་ཚེ་ཁོང་འཛིན་བཟུང་བྱ་རྒྱུ་ངེས་གཏན་རེད། གནས་ཚུལ་ལྷག་ན་ཁྱིམ་ཚང་འདི་བ་ཚར་སོང་ནི་རེད” འདྲ་འབག་རྡུང་ཞོར། མོས་ཁ་མུར་མུར་ངང་དེ་ལྟར་ཆིག་ལབ་བརྒྱབས། ཨ་མའི་བྱེད་བབ་དེས་དག་སྣང་གི་བྱིས་བློའི་ངོས་ལ་དོགས་འདྲོགས་ཐོག་མ་སློང་པར་བརྟེན། ཁོའི་ཡིད་ངོར་འཇགས་པའི་ཨ་མའི་སྣང་བརྙན་དེ་དག་གི་ཁྲོད་ནས། ཁོས་དགུང་མོ་དེར་མ་གཏོགས་སྔོན་ཨ་མ་དེ་ལྟ་བུ་འཚབ་འཚུབ་ཆགས་པ་མཐོང་མྱངས་མེད།
ལོ་ངོ་བཅུ་གྲངས་ཤིག་ཁེད་ཀྱིས་བཞུད་པ་དང་། ཁོ་ཡང་ཉོམ་ལག་རྒྱས་ནས་དྲན་ངོགས་ཀྱི་ཨ་མའི་སྣང་བརྙན་ཡོད་ཚད་སྟོན་འཇུག་གི་རྩ་ལྡུམ་བཞིན་ཉུང་རུ་ཕྱིན། ཡུལ་ལུང་དེའི་ཚེ་ཚད་ནི་དེ་ཙམ་རིང་བོ་མིན་པ་འདྲ། ལོ་དྲུག་བཅུའི་ཁ་ལ་བརྒྱབས་པའི་མ་རྒན་གྱི་སྐྲ་མཐར་ཟལ་མདའ་ཟུག རོ་སྟོད་ནང་ལ་སྒུར། ངོ་གདོང་གཉེར་མའི་ཁེངས་པའི་མཐོང་སྣང་དེ་ནི་ཧ་ལམ་་ཁོང་དང་གཏན་དུ་གྱེས་ཆོག་ཆོག་གི་བརྡ་ཁྱབ་ཅིག་དང་ཀུན་ནས་མཚུངས།
ཐག་རིང་གི་གཡབ་མོ།
ཁོས་སྒོ་ཁའི་ཤིང་ཟོའུ་ནང་གི་ཆུ་འཁྱག་དེས་ཁ་ལག་བཀྲུས་རྗེས། ཕུ་ཐུང་གི་སྣེ་མོའི་གདོང་འཕྱི་ཙམ་བྱས་ཤིང་། ནང་ལ་ཡོང་ཏེ་ཤུར་མའི་རས་ལྭ་ནག་པོ་དེར་འབུ་རས་དམར་སྨུག་གི་སྐེད་རགས་བཅིངས། ནང་ཀར་བཀལ་་པའི་རྩིད་པའི་འུར་རྡོ་ལག་མགོར་དཀྲིས་ནས་རྫི་བོའི་ཆ་བྱེད་རྫོགས་པར་བྱས།
”ངའི་བུ་ད་རེམ་ཡ༌༌༌༌ཟོག་ཆོ་ལྟོགས་ནས་ཁྱོད་འབོད་ཀྱི་འདུག༌༌༌”
ཁོས་ཨ་མར་ཤེས་མ་བཅུག་པར། རྒྱུན་པུའི་ལོང་ཐག་ཅན་གྱི་མགོ་སྐོར་གླིང་བཞི་མ་དེའང་རུམ་ལ་བཅུག རྩྭ་ཐང་གི་འབྲོག་ཁྱི་ནི་ལག་ཆ་མེད་ན་ཁ་འགོག་ཐུབ་པ་ཞིག་ག་ལ་ཡིན།
ཨ་མས་ཁོ་ཐོན་ཆོག་ཆོག་ཡིན་པ་མཐོང་རྗེས། ཟ་ཏའི་ནང་ཇ་ནག་བཞི་གླིང་གཅིག་དང་། བ་མ་ཆུང་ཆུང་ཞིག མར་དང་རྩམ་པ་བཅུག་ནས་བུ་ཆུང་གི་ཕྲག་མགོར་འཇོག་ཞོར། ཨ་མས་ ”སྐྱ་རྡོ་ཟེས་ཕ་རྒན་གྱི་རུས་ཐལ་ཁྱེར་འདུག ཁོས་ཕས་ཁ་ཆེམས་ལྟར་རུས་ཐལ་མཚོ་ནང་ལ་གཏོར་དགོས་ཡོད་ཟེར” ཅེས་པར། ཁོའི་ངོ་ནག་ནས་བསམ་བློ་ཅུང་ཙམ་བཏང་རྗེས། ཟ་ཏ་ཕྲག་ལ་འདེད་ཞོར་ཟོག་དེད་དེ་ལམ་ལ་ཆས། ཨ་མས་བུ་ལམ་འཇུག་བྱས་རྗེས་སྔར་གནས་སུ་ཀྲོང་ངེ་ལངས་ནས། བུ་ཆུང་དང་ཟོག་ལུག་ཚོའི་རྒྱབ་གཟུགས་ལ་བསྐྱེལ་མ་བྱས་ནས་ཡུན་རིང་ལྷག་པ་དང་། སེམས་པའང་སྟོང་ལྷང་ལྷིང་དུ་གྱུར།
ཁྱིམ་ཚང་དེར་ནོར་གདང་སུམ་བཅུ་བོ་ནི་ཨ་ཚོགས་ཉི་ཁྲི་ཚང་གིས་ཁོང་ལ་བཞག་པའི་རྒྱུ་ནོར་ཡོད་ཚད་རེད། ཁོས་ནམ་རྒྱུན་ཟོག་ལུག་དེད་ནས་རྫ་ལུང་ཉུལ་སྐབས། འདོད་པ་མ་ཚིམས་པའི་སྣང་བ་ཞིག་རྟག་པར་ཤར། ནོར་ལུག་ཚོས་རྩྭ་ཡར་སྐྱེས་རྩེ་མོ་ཟོས། ཆུ་མར་བཞུར་གྱི་ཆུ་མགོ་འཐུང་ནས་ལྟོ་འགྲང་ན། རང་རང་སར་ཉལ་ནས་དེད་ནའང་མི་འགྲོ
ཡར་མཆོག་ཟ་མོ་སྒང་བརླས་དང་མར་མཆོག་ཐི་གུ་ཁྲ་སླེས་ཅན་གྱི་འུར་རྡོ་རུམ་ནས་བླངས་ཏེ། འཐེབ་ལུང་གཡས་ལག་གི་གོང་མཛུབ་མགོར་གོན་རྗེས། རྡོ་ཚད་རན་པ་ཞིག་འུར་མཐིལ་ནང་བཞག་པ་དང་། མར་མཆོག་གི་སྣེ་མོ་སྦར་མཐིལ་ལ་དམ་པོར་བཅིངས་ནས་མགོ་ལ་སྐོར། ཚད་ཏག་ཏག་ ནས་འུར་སྣེ་ཀློད། བྲག་ཆ་དང་སྡོང་ནས་ཕྱིན་པའི་རྡོ་ལོག་དེར་མིག་ཡོད་པ་ནང་བཞིན། གཡག་རྒན་རོག་ལྡིང་ལ་ར་རྡོ་ཚ་ཐག་ཆོད་ཅིག་ཕོག དེ་མ་ཉིད་དུ་ཟོག་ལུག་གཞན་པ་ཚོའང་འདྲོགས་ནས་ལམ་ལ་བུད།
ཟོག་ཤོད་ལ་ཕབས་རྗེས། ཁོ་རང་གཉའ་སྟེགས་ཀྱི་ཐོད་མགོར་བུད་པ་དང་། རི་ཕར་རྒྱབ་ཀྱི་ནགས་ཚལ་དང་རྫ་བྲག་གིས་བསྐོར་བའི་ཕྱོགས་སུ་རྒྱང་ལྟ་བྱས། དེ་ནས་ཕ་གིའི་རི་རྒྱུད་བར་གྱི་རྩྭ་ཐང་གི་ལྟེབས་མ་ནི་རླུང་གིས་འཕྱོ་བའི་དར་གོས་ཡུག་གཅིག་ནང་བཞིན་ལྗིང་ལྡམ་ལྡེམ་བྱེད།
ཕྱི་དྲོའི་ཉི་འོད་ཀྱི་འདབ་འོག་ནས་དགུང་ཨ་སྔོན་གུར་ལ་ཕུག་པ་དང་། སྦང་མེ་ཏོག་གདན་ལ་གཏོང་ནས་ཉལ་མཁན་ནི་རྫི་བུ་ཆུང་ཆུང་ཁོ་རེད། སྐེད་མཚམས་ཤིག་ནས་ཁོའི་མགོ་བཀྱགས་སྟེ་་་་་
རི་མཐོ་སའི་དམའ་སར་ལྟས་ན།
སྨད་ཕྱོགས་ཀྱི་རྨ་ཆུ་རིག་གི
ཐག་ཉེ་རྒྱུ་རིང་རྒྱུ་མེད་གི
འགྲོ་གོམ་པའི་ལེན་ཕྱོགས་མིན་ན།
དེའི་ཕྱོགས་ལ་གོམ་གསུམ་འཆོར་གི
ཞེས་ལ་གཞས་ཐན་ཐུན་ཞིག་གྱེར།
”་སི ་ལུར༌་་ སི ་ལུར་་༌སི ་ལུར་་་ ”ཞེས་ཅོང་སྒྲ་འདྲ་བོ་ཞིག་ཉེ་འཁྲིས་ནས་གྲགས། ལམ་སང་ མགོ་བོ་སྟེགས་རྒྱབ་ཏུ་བསྐོར་དུས་རྐྱ་མི་གསུམ་ཡར་ཡོང་གི་ཡོད་ཅིང་། ཁོ་ཡར་ལངས་པ་དང་རྐྱ་མི་ཚོའང་གམ་ལ་སླེབས།
སྔོན་ལ་ཐོན་མཁན་གྲྭ་རྒན་དེ་རྟ་ཐོག་ནས་ཟུར་འདུག་གིས་”ཨ་རོགས་༌༌ཁྱོད་བདེ་མོ་༌”ཞེས་པར་
”ཁྱེད་ཚོ་བདེ་མོ་ཡིན་ན” ཞེས་ལན་འོས་འཚམས་ཞིག་བཏབ།
གྲྭ་རྒན་སེམས་ལ༌༌”བུ་ཆུང་འདིའི་མགོ་ཆེ་བ་དང་། སྨིན་མ་འདྲེས་པ། མིག་གཉིས་གྲུང་རིག་རིག་བྱེད་ཚུལ་ལ་བལྟས་ན་སྤྲ་ཚགས་ཞིག་ཡིན་ས་རེད་”སྙམ་པའི་སྣང་བ་བྱུང་།
ཕོ་གཞོན་སྐྲ་སུ་ལུ་ཅན་དེས་ཀྱང་རྟ་ཁ་ཚུར་སྐོར་ནས་ཁོའི་གདོང་ལ་ནན་པོ་ཞིག་བལྟས། རྟ་གཞན་པ་དེར་ཕྲུ་གུ་གཉིས་བསྐྱོན་འདུག་ཁར། འཕོང་ལ་ཏ་ལེན་ཆེན་པོ་ཞིག་བཀལ་འདུག
ཕར་ཙམ་ནས་་གྲྭ་རྒན་གྱིས་སྐེ་ཕྱིར་དཀྱོག་ཏེ་འཛུམ་དང་བཅས་་ཁོ་ལ་བལྟ་ཙམ་བྱས་ཤིང་། ཁོའི་སེམས་སུའང་” བྱ་བ་ཀུན་གྱི་སྔོན་འགྲོ་ནི་ཡིད་འགྲོ་བ་དེ་ཡིན་སྟབས། ཕྲུ་གུ་གན་གནས་འདི་དང་མགྱོགས་པོར་ཁ་བྲལ་ངེས་རེད་” སྙམ་པ་ཞིག་ཤར་བཞིན་མུ་མཐུད་ལམ་ལ་ཆས།
ལམ་སྐྱ་མོར་ཞུགས་པའི་རྐྱ་མི་ཚོ་མདུན་ནས་མདུན་དུ་ཕྱིན། གོ་ཚོད་ལ་”རི་རྒྱུད་གན་གི་ཕ་རོལ་གྱི་ཕ་རོལ་ན། མཚོ་སྔོན་པོ་ཡོད་པ་ཨི་བདེན་ན” གཅིག་བྱས་ན་ཁོ་ཚོ་གནས་མཆོག་དེར་འགྲོ་མཁན་ཡིན་པ་འདྲ། ཁོའི་སེམས་པ་དེ་ལྟར་རྐྱ་མི་དེ་ཚོའི་རྗེས་ལ་ཤོར་ནས་ཡུན་རིང་ལྷག་ཅིང་། རིམ་གྱི་མིག་མདུན་གྱི་ལམ་འགྲོ་བ་ཚོ་ཆུང་ནས་ཆུང་རུ་ཕྱིན། སྐབས་མཚམས་་ནས་རྦད་དེ་ཡལ།
འཆི་བ་ནམ་ཡོང་ཆ་མེད་རེད།
ཉིན་ཞིག་ཨ་མས་ཤིང་སྒམ་ནག་ལྡང་གི་ཁ་ཕྱེ་ནས་ ”འུ་ཚང་གི་ནོམ་པ་ཡོད་ཚད་ཚང་མ་འདི་རེད ”ཟེར་ཞོར། གོས་ཆེན་ཁ་འགའ་དང་། ཁུ་ལང་། ཤུར་མ་བཟོ་མགོ་གཅིག་གཉིས་ཤིག་འདུག ཡང་དེ་དང་མཉམ་པོར་ཨ་མས་ཚ་རུ་མཉེད་མ་འགའ་ཟུར་དུ་བཞག་ནས་”ལོ་ལྟར་ཚ་རུ་བཞི་ལྔ་རེ་གསོག་གི་ཡོད། ལོ་ཤས་རྗེས་ནས་བཟོ་མགོ་གཉིས་ལ་ལོངས་ས་རེད། སྤུས་ཀ་ཡག་པོ་རྣམས་ཨ་མའི་ལོ་ལོའི་ཡིན་ལ། ཅུང་སྤུས་ཞན་རྣམས་ཁྱོད་ལ་ཆུང་མ་ཞིག་ལེན་དགོས་སྟབས། ཁོ་མོར་སྒྲིག་གི་ཡོད་”ཞེས་བརྗོད། ཕ་ཨ་ཚོགས་ཉི་ཁྲི་ཚང་གི་དུད་པ་འཆད་མི་ཉན་ན། ཤུལ་འཛིན་གསོ་ཕྲུག་འདི་ཡིན་པ་དང་། ཁོང་ལ་ཁྱིམ་ཐབ་འཛིན་མཁན་གྱི་ཆུང་མ་ཞིག་བསུ་དགོས་པ་མོས་གསལ་བོ་ཤེས་ཀྱིན་ཡོད།
མེས་པོ་གོང་མ་ཚོས་རང་གི་ཕ་གཞིས་གོར་མོ་བཟུང་ནས་བསྡད་པ་ལས། ཡུལ་འདི་དང་ཁ་གྱེས་ནས་འགྲོ་རྒྱུ་སེམས་རྒྱུད་དུའང་འཁོར་མེད། ལོས་ཡིན། རང་གི་སྐྱེས་ས་མཆེད་ཁོངས་དང་ཁ་གྱེས་ཚེ་ཁྱིམ་གཞིས་སྟོང་རྒྱུ་ཙམ་མ་ཟད། ཕ་རིང་བུ་བརྒྱུད་ཀྱི་ཁ་ལས་རླུང་རྟའང་ངང་གིས་བརླག་འགྲོ་བ་ལོས་ཤེས། དེ་བས་དུད་ཚང་འདི་བར་ཕ་ཤུལ་འཛིན་མཁན་གྱི་བུ་མེད་ཀྱང་དུད་པ་འཆད་དུ་འཇུག་མི་རུང་ལ། ད་དུང་མུ་མཐུད་ནས་་
བགེགས་འཆི་བ་ནམ་ཡོང་ཆ་མེད་ཡིན་ལ། ལས་ཀྱི་བཀོད་པར་བཟློག་ཐབས་མེད། ཉི་མ་འདི་ཚོར་ཨ་མར་རང་ཉིད་མི་ཚེ་ཡི་དོང་ཁར་སླེབས་ཟིན་པའི་སྔ་བལྟས་ཡང་ཡང་བྱུང་ཁར། ད་དུང་མོས་གསལ་བོ་རྟོགས་པ་ཞིག་ལ། རང་གི་གཅེས་ཕྲུག་གི་སེམས་པ་རྩྭ་ཐང་འདིའི་ཕ་རོལ་ཏུ་འཕུར་ཟིན་པ་དེ་རེད། དེ་ལྟར་ཕྱིན་ཚེ་མི་རྩ་མི་བདག་ཅན་གྱི་ཨ་ཚོགས་ཉི་ཁྲི་ཚང་གི་ཤུལ་སྟོང་རྒྱུ་ཉག་གཅིག་དང་། མི་ལེགས་པའི་གནས་སྟངས་དེ་མོ་རང་གི་ལག་ནང་ནས་བྱུང་ངེས་རེད་སྙམ་པའི་དངངས་སྐྲག་དང་སེམས་སྡུག་དེས། མོའི་ལུས་སེམས་གཉིས་ཀ་ག་ལེར་མནར།
”བུ་འདིར་ཤོག་༌༌༌༌ཚ་རི་འདིེ་ཚོར་ཅིག་ལྟོས་དང་”ཞེས་གདོང་པར་ཨུ་ཚུགས་ཀྱི་འཛུམ་དང་མཉམ་དུ་”ངོ་མ་ཚ་རི་འདི་ཚོ་འཇམ་ནོ་ཅིག་ལྟོས་དང་། དཀར་ནོ་ཞིག་ལྟོས་དང་”ཞེས་ཁ་གཅེས་དང་ངོ་ཡག་གིས་བུ་ཆུང་གི་ཞེ་སེམས་འགུག་ཐབས་བྱེད་ཀྱང། བུ་ཆུང་ཁོ་ལ་མཚོན་ན། ཚ་རིའི་ཡག་སྡུག་བཤད་རྒྱུ་ནི་ཁོང་མ་བུ་བར་གྱི་མི་འདོད་པའི་གན་རྒྱ་ཞིག་དང་འདྲ་བར། ཁོས་ཨ་མའི་ཁ་བཀོད་ལྟར་ཚ་རིར་ལག་པ་མ་འཆིང་བར། རང་གི་བསམ་ཚུལ་མཁྲེགས་འཛིན་བྱས།
སྐྱ་རྡོ་མཚོ་སྔོན་པོར་གནས་མཇལ་ཕྱིན་ནས་ཕྱིར་སླེབས། ཁོས་སྤྱི་གཙུག་ཏུ་རལ་ལུ་ཐུང་ཐུང་ཞིག་བཞག་འདུག་པ་དང་། སྐྱ་རྡོས་བཤད་རྒྱུར། ཁོའི་རལ་ལུ་དེ་ནི་ཚེ་ལས་འདས་པའི་ཡབ་ཆེན་ལ་གུས་འདུད་མཚོན་ཆེད་ཡིན་ཟེར།
སྐྱ་རྡོ་དང་ཁོང་གཉིས་གད་ཁ་དེར་རྒྱབ་སྦྲ་ལ་ཕྱོགས་ཏེ། དཔུང་པ་མཉམ་གཤིབ་ཀྱིས་བསྡད་ནས་ས་སྲོད་ཀྱི་ཉི་ནུབ་ལ་རྒྱང་ལྟ་བྱས། སྐྱ་རྡོས་༌”ངའི་མ་རྒན་སྔ་མོ་ནས་ཕྱིན་ཚར་བ་མ་ཟད། ཁ་ཉིན་ཕ་རྒན་ཡང་གཤེགས་སོང་། ད་ང་ད་ཕྲུག་ཅིག་ཡིན། ས་གང་ནས་་རུབ་ན་༌༌ནམ་གང་ནས་་ལངས་ཀྱང་ཁྱད་པར་མེད”ཞེས་བརྗོད་ཞོར། ཁོའི་ངོ་ན་སྐྱོ་སྣང་དང་ན་སྲན་གྱི་ཉམས་ཅིག་ཅར་དུ་མངོན།
” ཨ་༌༌སྐྱ་རྡོ་འདི་ད་༌༌ང་མ་སླེབས་སའི་རྫ་རྒྱུད་དེའི་ཕར་རྒྱབ་ལ་འགྲོ་མཁན་ཡིན་པ་འདྲ། ང་ཡང་འགྲོ་ཐུབ་ན་སྐྱིད་པ་ལ་སྙམ་པའི་”་འཁྲེང་ཞེན་སྐྱེས།
སྐྱ་རྡོས་༌”༧རྒྱལ་བ་རིན་པོ་ཆེ་བཞུགས་ས་དེར། ང་ཅིས་ཀྱང་སླེབས་ཐུབ་པ་བྱ་རྒྱུ་ཡིན”’ཞེས་སྐད་མགོ་དམའ་མོའི་ངང་ནན་ཏན་གྱིས་བརྗོད་ཞོར། མིག་གཉིས་ཀྱིས་ཁོའི་གདོང་པར་གད་བརྡར་ཡང་མོ་ཞིག་བརྒྱབས།
ཁོ་དགའ་ཐག་ཆོད་ནས་ ”ཨོ་ན༌༌༌ངེད་གཉིས་མཉམ་པོར་ཕྱིན་ན༌༌༌” ཞེས་བརྗོད་ཞོར་སྐྱ་རྡོའི་ཕྲག་མགོར་ཐལ་ལྕག་གཞུས་པར། སྐྱ་རྡོ་ན་ནས་ཁོ་ཕར་འཕུད་བརྒྱགས་བརྒྱབས།
སྐྱ་རྡོར་ཁ་ཁོག་མེད་པར་༌”དང་པོ་ང་ནང་ལ་འགྲོ ཅ་ལག་ཙག་ཙིག་རྣམས་ཤ་ཉེ་འབྲེལ་ཚོར་བགོ་བཤའ་བརྒྱབ་ཚར་རྗེས། ཚུར་ལམ་ཡོང་གི་ཡིན། དེ་དུས་ཁྱོད་ཀྱི་བློ་ཁོག་ལ་ལྟ་ཆོག ” ཞེས་བཤད་པ་དང་། ལག་གི་ཐ་མག་རྔམ་འཐེན་ཐེངས་ཤིག་བྱས་ཏེ། འཐེན་འཕྲོ་ཁོར་སྤྲད་པར། ཁོས་ཀྱང་རྔམ་འཐེན་ཞིག་བྱས་རྗེས། ཉི་ནུབ་ལ་ཁ་ཕྱོགས་ནས་ ”ལྟོས་ར་ཆོག༌༌ང་འགྲོ་ཐག་ཆོད་ཡིན” ཞེས་བརྗོད།
སྐྱ་རྡོ་དེ་སྔོན་བཞིན་ནམ་མ་ལངས་གོང་ནས་ཕྱིན་ཚར་འདུག ཁོའི་སེམས་ལ་རང་ཉིད་དང་སྐྱ་རྡོར་བཟློག་མེད་ཀྱི་ལས་སྐལ་ཡོད་ངེས་ན། ཁོང་གཉིས་བྱང་རྒྱབ་ཀྱི་སྤྱང་མོ་ཁེར་འགྲོ་ནང་བཞིན་འགྲུལ་ལམ་སྡིག་རུས་ཀྱིས་བཅད་རྒྱུ་བྱུང་ན་བསམ་པ་དང། རྣམ་པ་དེ་ནི་རི་མོའི་གཟུགས་སུ་གྲུབ་ནས་ཁོའི་སྣང་ངོར་ཡང་ཡང་འཆར།
ཞོགས་པ་དེར། གཉིད་ལས་དཀྲོགས་མཁན་ནི་འཇམ་ལ་རྩུབ་པའི་ཨ་མའི་ལག་ཟུང་མ་ཡིན་པར། ཁོ་རང་བཞིན་གྱི་གཉིད་སད་ཀྱང་། སྔས་མགོར་ཀར་ཡོལ་འབྲུག་མའི་ནང་འོ་ཇ་ཚ་སབ་སོབ་ཁྱེར་ཡོང་མཁན་ཞིག་མཐོང་ཡུལ་དུ་མ་མཆིས་པས།
”ཨ་མ་༌༌ཨ་མ་”ཞེས་སྐད་བརྒྱབས་ཀྱང་ཨ་ལན་མ་བྱུང་། འཚབ་འཚུབ་ངང་མགོ་དགྱེ་ནས་ལྟ་དུས་ཨ་མ་ཐབ་རྩ་ན་ཀུམ་ཙོག་གི་ཉལ་བསྡད་འདུག་ཀྱང་། མོའི་སྣ་ཐལ་བླུགས་སའི་ཤེལ་དམ་ཁ་ཤོར་ནས་མར་འདབ་མར་ལྷུང་འདུག
”ཨ་མ་༌༌ཨ་མ་”ཞེས་མགོ་ལ་འཐམ་ནས་ཕར་བསྒུལ་ཚུར་བསྒུལ་བྱས་ཤིང་། གནམ་ས་ལ་་ལྷུང་བ་ལྟར་སྐད་ཤུགས་ཆེན་པོས་ངུས། ཨ་མའི་འགྲམ་པ་སྔར་ལྟར་འཇམ་ལ། གདོང་པར་ལྟོས་ནའང་གཉིད་བསྡད་ཡོད་པ་དང་ཀུན་ནས་མཚུངས། མི་འདྲ་ས་ནི་ཅི་ལྟར་བོས་ཀྱང་ཡ་ལན་མི་སྤྲོད་དེ་རེད།
ཨ་གནམ་རྒན་མ༌༌༌འདི་ནི་འཆི་བ་མི་རྟག་པ་རེད་དམ། འཆི་བ་ནི་གཉིད་པའི་རྗེས་སུ་སད་རྒྱུ་མེད་པ་ཞིག་རེད་དམ༌༌༌༌༌༌༌༌༌
སེམས་སྡུག དངངས་སྐྲག སྐྱབས་རེ་ས་མེད་པ་བཅས་ཀྱིས་ཁོའི་ལུས་པོ་ཡོང་རྫོགས་སྤྲིད། སྐབས་མཚམས་ཤིག་ནས་མི་ལ་སྐད་གཏོང་དགོས་པ་དྲན། ཡིད་ལ་འཁོར་བའི་མི་ནི་ཕ་མ་ཀྲོང་ཀྲོང་གཉིས་ཡིན་པ་དང་། ཁོང་ཚང་ནས་རི་སྐོར་བར་སྤྱི་ལེ་ཁ་ཤས་ཤིག་ཡོད། མ་གཞི་ཁོ་ལ་མཚོན་ན་རང་གི་ཕ་མ་ཀྲོང་ཀྲོང་གཉིས་ལ་ཕ་མའི་འདུ་ཤེས་སྔོན་ནས་མེད།
༼ཨ་མ་༌༌ཨ་མ་་མེད་སོང་ཤིག ཨ་མ་མེད་སོང་ཤིག༽སྐད་ཤུགས་ཆེན་པོའི་ངུ་ཞོར་མདུན་དུ་བརྒྱུག་པ་དང་། འདུར་རྒྱུག་ཁྲོད་ནས་ངུ་སྐད་ཡང་ཆད་མ་འཆོལ་དུ་གྱུར།
ཕྱིར་མི་བཟློག་པའི་ལམ།
ཕ་མ་ཀྲོང་ཀྲོང་གཉིས་གཙོས། སྡེ་མི་རྣམས་ཀྱིས་ཨ་མར་འདས་ཆོས་སྒྲུབ་རོགས་བྱས་ནས་ཤུལ་གཙང་བཟོས། སྦྲ་ནག་བརྒྱུས་ནས་མཉམ་ལས་ཁང་གི་སྤྱི་ཁང་ནང་བརྩུགས། ཟོག་ལུག་ཚོ་ཕ་མ་གཉིས་ཀྱི་སྒོ་ཕྱུག་དང་བསྲེས། གཞན་ཡང་་མི་ཚང་འདིར་ཕྲུ་གུ་མིང་སྲིང་བདུན་ཡོད་ཐོག་ཁོ་རང་ཉིད་བསྣན་པའི་མི་གཅིག་མང་རུ་ཕྱིན་ཡང། དེར་ཉམས་འཇོག་བྱེད་མཁན་མ་བྱུང་།
དུས་ཚོད་ཀྱིས་ཁོའི་སེམས་ཁམས་ཅུང་ལྷོད་ལ་བབས་པ་དང་། ”ངེད་མ་བུ་གཉིས་ཀྱི་ཟོག་ལུག་ཚོ་ང་ལ་སྤྲོད་རོགས། ང་ལོག་ཀ་འདུག་གི་ཡིན” ངོ་མ་བཤད་ན། ཁོས་ཟོག་ལུག་ཚོ་བཙོང་ནས་སྒོར་མོར་བརྗེ་རྗེས་ནས་རྦད་དེ་འགྲོ་བསམ་ཡོད།
”ཨ་༌༌སྐྱག་ཕྲུག་ཁྱོས་ད་གཅིག་ཤོད” ཕ་རྒན་མ་དཀྱུལ་ནས་ཡར་ལངས་ཏེ། གཏུམ་པོ་གཡག་ནང་བཞིན་ཁོས་མདུན་དུ་སླེབས་ཤིང་། ཆང་འཁོལ་མས་བཙོས་བ་བཞིན་སྣ་རྕེ་ཡང་དམར་པོ་དམར་རྐྱང་ཆགས་འདུག བརྒྱུད་རིམ་དེ་ཕྲུ་གུ་ཞིག་ལ་བརྟེན་ནས་བྱུང་བ་རེད་ཟེར་ན་མི་རྣམས་ཡིད་ཆེ་ཐབས་དཀའ་བའི་ཚོད་དུ་ངེས།
ཁོས་སླར་ཡང་ངོ་ནག་ནས་ ”ངེད་མ་བུ་གཉིས་ཀྱི་ཟོག་ལུག་ཚོ་༌༌༌༌ ” དེ་ལྟར་ཚིག་ཟུར་ཙམ་ཐོན་མ་ཐག ཁོའི་འགྲམ་པར་བསྐྱུར་དྲི་བྲོ་བའི་འགྲམ་ལྕག་ཤིག་གཞུས་པར། མིག་ནས་མེ་རྟག་མཆེད༌པ་དང་སྣ་ཁྲག་གཤར་གཤར་ཏུ་ཐོན།
ཁོ་ལ་ཟ་ཏ་གཅིག་མ་གཏོགས་ཅི་གང་མེད། དེ་ཕྲག་ཁར་བླངས་བ་དང་ཁྱིམ་ཚང་དེ་ནས་སྒོར་བུད། ཁོ་རང་གཏན་ནས་སླེབས་མ་ཐུབ་པའི་གནས་ཏེ། རི་རྒྱུད་ཕ་གིའི་རྒྱབ་ཕྱོགས་སུ་ཁ་གཏད་ནས་ཕྱིན། རྐང་ཐང་ལ་སྤྱི་ལེའུ་བཅུ་ཙམ་ཞིག་གི་སར་དེ། ཁོང་ཚང་གི་མཚེར་ཤུལ་གྱི་ཉེ་སར་སླེབས། སྟོང་སང་སང་དང་གྲང་བཤེར་བཤེར་གྱི་མདུན་རྒྱབ་གཉིས་ནས་། ཁོ་ལ་”ཁྱོད་མ་འགྲོ་”ཟེར་མཁན་གྱི་སྒྲ་ཞིག་གོ་རྒྱུ་ཕར་ཟད། དྲང་མོར་བཤད་ན་ཁོ་ནི་ཕ་འཛོམས་མ་འཛོམས་ཀྱི་ད་ཕྲུག་ཁེར་འགྲོ་ཞིག་ཏུ་གྱུར།
ཨ་མ་ཚེ་ལས་འདས་པར་ཁོས་དེ་ཙམ་སེམས་སྡུག་མེད། རྒྱུ་མཚན་མོ་མིག་བཙུམ་པ་དང་བདེ་བ་ཅན་གྱི་ཞིང་ལ་གཤེགས་པ་དུས་མཉམ་རེད། མ་ཟད་ད་་གིན་འགྲམ་ལྕག་དེའང་དེ་ཙམ་ཀྱིས་ན་བ་མ་ཚོར། དེའི་རྐྱེན་གྱིས་ཁོ་ཁྱིམ་ཚང་དེ་ནས་ཁྱི་མཚམས་དབྱུག་པས་བཅད་པའི་དཔེ་ལྟར་གཏན་དུ་རྡོག་ཐོན་ཐུབ་པར་གྱུར་བ་རེད། དེ་མ་གཏོགས་ཁོ་ཕྱིར་ཐོན་ཐུབ་ཀྱི་ཐབས་ཤིག་རྙེད་དཀའ་བ་རེད།
ཉི་མ་ལ་ཁར་བརྒྱབས་མཚམས། ཁོ་མ་བུ་གཉིས་ཀྱི་མཚེར་ཤུལ་གྱི་ཉེ་འཁྲིས་སུ་སླེབས། ལྷས་མཐའ་ན་ནག་འབུར་གསལ་མ་གསལ་ཅིག་མཐོང་། རིམ་པས་ཉེ་སར་བཅར་དུས་ནག་འབུར་དེ་ནི་རྒྱ་སྟག་རེད། དེ་མུར་ཁོང་ཕར་རྒྱུགས་པ་དང་། རྒྱ་སྟག་ཀྱང་རྔ་མ་གཡུག་ཅིང་ཟིག་ངུ་དང་བཅས་ཚུར་རྒྱུག་ཡོང་དེ། ཁོ་གཉིས་འཐམ་ཞིང་ཐོད་པ་གཏུགས་ཏེ་ཡུན་རིང་ལྷག ཁྲེལ་གཞུང་ཅན་གྱི་རྒྱ་སྟག་གིས་ཁྱིམ་ཚང་འདི་བ་འདི་ལྟར་སྲུང་ཞིང་། ཕ་གཞིས་སྟོང་ནས་མགོ་སྦྲ་བརྒྱུས་ཚར་ཡང་། ཁོས་ད་དུང་མཚེར་ཤུལ་སྲུང་ནས་སྡུག་བསྒོམས་བརྒྱབས། ཧ་ལམ་ཁོ་ནི་ཨ་ཚོགས་ཉི་ཁྲི་ཚང་གི་ཐ་མའི་འགག་སྒོ་སྲུང་མཁན་དུ་གྱུར། རྒྱ་སྟག་ལ་ཟ་རྒྱུ་མེད་སྟབས་གྲོད་པ་བྲང་ལ་འབྱར་འདུག དེ་མུར་ཁོས་རང་གི་ཟ་ཏའི་ནང་གི་བྲོ་ཁ་དང་ཤ་སྐམ་ཏོག་ཙམ་ཡོད་པ་རྣམས་བླངས་ནས་རྒྱ་སྟག་ལ་སྤྲོད་ཞོར་མིག་ཆུ་རང་དབང་མེད་པར་ཐོར། རྒྱ་སྟག་གི་མགོ་ལ་བྱུག་བྱུག་བྱས་ནས་ཁོང་གཉིས་ཡུན་རིང་ལ་བསྡད།
”ཡ་ཨ་རོགས༌༌༌༌༌༌དོ་དགུང་གནས་ཚང་མི་འདུག་ག ད་མགོ་ཐང་ལ་ལྷག་རྒྱུ་ཉག་གཅིག་རེད༌༌༌”
ཁ་ཕྱིར་འཁོར་དུས། སྐྱ་རྡོ་ག་དུས་འབྱོར་མིན་མ་ཤེས་པར། ཁོའི་རྒྱབ་ན་ངོ་འཛུམ་དམུལ་ལར་བསྡད་འདུག
སྐྱ་རྡོས་སྔོན་ཆད་བཤད་པ་ལྟར། ཁྱིམ་ཚང་བཙོང་ནས་ཤུལ་ཀ་སོགས་གཙང་དག་བྱས་ཚར་བ་དང་། ཐག་རིང་ཐག་རིང་གི་ཡུལ་དེར་འགྲོ་རྒྱུའི་སེམས་ཐག་བཅད་ནས་ཐོན་འདུག བུ་ཆུང་ཁོས་ཀྱང་ཕུ་ཐུང་སྣེ་མོས་མིག་ཆུ་ཕྱིས་རྗེས། སྲན་ཁ་བསྡམས་ནས་ཡར་ལངས་ཏེ།
” ད་ང་ལ་འང་ཆགས་ས་བརྟེན་ས་སུ་ཡང་མེད། ངེད་གཉིས་མཉམ་དུ་འགྲོ་རྒྱུ་བྱེད”
སྐྱ་རྡོས་རྒྱབ་ཀྱི་རྡོག་ཁྲེས་ཡར་ལ་དེད་ཙམ་བྱེད་ཞོར་རི་རྒྱུད་དེར་ཁ་གཏད་དེ་གོམ་ཁ་མདུན་ཕྱོགས་སུ་སྒྱུར། ཁོས་ཀྱང་སྐེད་རགས་སྣེ་མོ་རྒྱ་སྟག་གི་སྐེ་ལ་གོན་རྗེས”འགྲོ་༌༌༌༌༌ཁྱོད་མཚེར་ཤུལ་ནས་འདུག་མི་ཉན། གསོ་མཁན་ཞིག་རག་མདོག་ཁ་བ་རེད”
མི་གཉིས་སྔ་རྗེས་བྱས་ཤིང་། ཁྱི་ཞིག་རྒྱབ་ལ་ཁྲིད་པའི་ལམ་འགྲོ་བ་གསུམ་པོ་རི་ཚོགས་ཀྱི་ཕྱོགས་སུ་བསྐྱོད། ཕྱི་དྲོའི་ཉི་ཟེར་མདུན་ནས་བརྒྱབས་པར་བརྟེན་གྲིབ་མ་རིང་ཐུང་གསུམ་རྒྱབ་ཕྱོགས་སུ་འཐེན་འདུག
སྒྱུར་མཁན་གྱི་མཆན། ངས་སྔོན་ཆད་འབྲུག་རྒྱལ་ངོ་མི་ཤེས། ཉི་མ་དེར་ཁོང་མི་ངོ་དང་རྩོམ་ངོ་མཉམ་པར་ཤེས་སོང་ལ། རྩོམ་ཡང་༼ཨ་ཚོགས་ཉི་ཁྲི་ཚང་གི་དར་རྒུད་༽ཞེས་པ་འདི་ཡིན། ཉིན་ཞིག་འབྲུག་རྒྱལ་ངེད་ཚང་ལ་སླེབས་པ་དང་། ཁོས་ལག་སྐྱེས་ཡིན་ཞེས་རྒྱ་ཆང་ཤེལ་དམ་གང་དང་། ༼མི་གཞི་༽ཞེས་པའི་དུས་དེབ་ཞིག་ཁྱེར་ཡོང་གི འབྲུག་རྒྱལ་གྱིས་ཀླུ་མཁར་བྱམས་ལ་ངས་ཁྱོད་ཀྱི་སྐོར་བྲིས་པའི་ལས་ཚན་འདིར་བཀོད་ཡོད། འགྲིག་ཡོད་མེད་དགོངས་ཚུལ་ཅིག་བརྗོད་རོགས་ཟེར། ཁོས་ཁྱོད་ཀྱིས་བཀོད་ཚར་ན་འགྲིག་ཡོད་མེད་ཀྱི་སྐད་ཆ་བཤད་ས་ཡོད་ནི་མ་རེད་ཟེར།
དེ་ནས་ཁོང་རང་གཉིས་ཀྱིས་རྒྱ་ཆང་དམ་བེའུ་དེ་འཐུང་ཞོར་ཁོ་རང་ཚོའི་བརྒྱུད་པའི་སྐྱིད་སྡུག་གི་འཚོ་བ་གླེང་འགོ་བཙུགས། སྐད་ཆ་དེ་ཚོ་ང་ལ་འབྲེལ་བ་ཆེར་མེད་སྟབས། ངས་ཟུར་ཅིག་ནས་༼མི་གཞི༽་དུས་དེབ་ལ་མིག་བཤེར་ཅིག་བྱས་ཤིང་། ཨ་ཚོགས་ཉི་ཁྲི་ཚང་གི་དར་རྒུད་ཞེས་པའི་ལས་ཚན་འདི་ཀློག་འགོ་བཙུགས། ཀློག་གིན་ཀློག་གིན་སར་འཇོག་མི་འདོད་པའི་སྣང་བ་ཞིག་ཀྱང་འཕྱུར༌༌༌༌་༌༌༌
ང་འབྲོག་ཕྲུག་མ་ཞིག་ཡིན་མོད། ཆུང་དུས་སློབ་གྲྭར་ཕྱིན་ནས་རྒྱ་ཁ་རོང་ཁར་བསྡད་པ་དང་། ཕྱིས་སུ་རང་ཡུལ་དང་གཏན་བྲལ་བྱས་པའི་དུས་ཡུན་རིང་དྲགས་པས། ད་ནི་ངའི་དྲན་ངོགས་ཀྱི་འབྲོག་པའི་འཚོ་བ་གཙོས་སྐྱིད་པའི་ཕ་ཡུལ་གྱི་དྲན་པ་རབ་རུབ་དུ་གྱུར། ཁྱད་པར་དུ་སྤྲ་ནག་དང་འབྲེལ་བའི་མིང་ཚིག་རྣམས་ནི་ཡང་སྐོར་བསྐྱར་བསྐོར་གྱིས་བསམ་བློ་བཏང་ན་མ་གཏོགས་དྲན་མི་ཐུབ་པའི་ཚད་དུ་ཐུག་འདུག རྩོམ་ཡིག་འདིས་ང་ལ་ཉེན་བརྡ་སྤྲད་པ་འདྲ་བའི་ཚོར་བ་སྦྱིན། མ་གཞི་མིའི་ཤེས་རིག་ཁྲོད་ནས་བརྗེད་དགོས་བ་དང་། བསྒྱུར་དགོས་པ་དག་འགྱུར་ནས་བརྗེད་ཆོག་མོད། སྐྱིད་ལ་སྡུག་པའི་འབྲོག་པའི་འཚོ་བ་ནི་དེ་ལྟར་འགྱུར་མི་རུང་ལ། སྦྲ་ནག་སྟེ། ངའི་གཡང་ཁྱིམ་གོར་མོ་དེ་དང་འབྲེལ་བའི་མིང་ཚིག་གཅིག་བོར་བརླག་ཏུ་ཕྱིན་ཀྱང་དེའི་གྱོང་གུད་གནམ་སར་མི་ཤོངས། མ་མཐར་ཀྱང་ངས་དེ་ལྟར་འདོད་ཀྱི་ཡོད། དེ་བས་ངས་འབྲུག་རྒྱལ་ལ་རྩོམ་འདི་བོད་ཡིག་ཐོག་ཏུ་ཕབས་ཐུབ་ན་ཡག་པོ་འདུག ངས་ཚོད་ལྟ་ཞིག་བྱས་ན་ག་འདྲ་འདུག་ཅེས་པར། ཁོས་འགྲིག་གི གཏན་འཁེལ་ན། སྒྲུང་གི་རྨང་གཞི་ཀླུ་མཁར་བྱམས་ཡིན་སྟབས་ཁྱོད་རང་གཉིས་ཀྱི་མི་འགྲིག་ས་དང་ཆད་སྐྱོན་ཡོད་སར་བསྣོན་བྲི་སྤོ་ལྕོགས་བྱས་ཆོག་ཟེར། རྩོམ་སྒྱུར་རྒྱུའི་ཆོག་མཆན་རག་སོང་མོད། ཕྱེད་ཀ་རེ་བསྒྱུར། ཕྱེད་ཀ་ནས་གཡུག་དེ་དེ་རིང་བར་དུ་ལྷག་སོང་།
འགྱུར་གྱི་གོ་རིམ་ཁྲོད་ནས་གཞི་རྩའི་སྣོན་བྲི་སྦོ་ལྕོགས་བྱས་མེད་མོད། མ་རྩོམ་ཀྱི་ཁ་བྱང་༼མཐའ་མཇུག་གི་ཨ་ཚོགས་ཁྱིམ་བརྒྱུད་༽ཡིན་མོད། ཨ་ཚོགས་ནི་ཡུལ་སྡེ་ཆེན་པོ་ཞིག་གི་སྤྱི་མིང་ཡིན་པ་དང་། དེའི་ནང་ཉམས་རྒུད་དུ་ཕྱིན་པ་ནི་ཉི་ཁྲི་ཚང་ཡིན་སྟབས། ཁ་བྱང་༼ཨ་ཚོགས་ཉི་ཁྲི་ཚང་གི་དར་རྒུད༽ལ་བཅོས། དེ་བཞིན་མ་རྩོམ་ནང་༼ཁྱི་རྒན་བཀྲིས་༽ཞེས་པ། ཀླུ་མཁར་ཚང་གི་ཁྱིའི་མིང་༼རྒྱ་སྟག་༽ཡིན་སྟབས་དེར་བཅོས། ཡང་མ་རྩོམ་ནང་༼ལུག་རྒན་ཀ་ལྡང་ར་རྡོ་སྤྲད༽ཞེས་པ། ཀླུ་མཁར་གྱིས་ར་རྡོ་སྤྲོད་ས་༼གཡག་རྒན་རོག་ལྡང་༽ཡིན་སྟབས་བཅོས་པ་དང་། ཡང་བཤད་སྟངས་ལ་རྩོམ་བསྒྱུར་ནི་གསར་གཏོད་གོ་རིམ་གཉིས་པར་བཤད་ན། དོན་གྱི་གནོད་པ་མེད་པའི་ཚིག་བརྒྱན་རེ་འགའ་ཁ་གསེབ་བྱས་ཡོད།
འབྲུག་རྒྱལ་ལ་ཀླུ་མཁར་བྱམས་གཙོས། ཁོང་གི་གྲོགས་པོ་ཚོས་༼རྒྱ༽འབྲུག་རྒྱལ་ཞེས་འབོད་པ་དང་། དེ་ནི་ཁོ་ཚོས་གྱག་གྱོག་བྱེད་སྟངས་ཤིག་རེད། རིག་གནས་ཀྱི་ངོས་ནས་བཤད་ན་འབྲུག་རྒྱ་དངོས་གནས་རྒྱ་མ་བོད་ཅིག་ཆགས་འདུག་ལ། ཐ་ན་བོད་སྐད་ཀྱང་ཏ་མ་དིག་ཅིག་ལས་བརྒྱག་ཐུབ་རྒྱུ་མི་འདུག འོན་ཀྱང་། རུས་རྒྱུད་དེད་ན་འབྲུག་རྒྱལ་ཚེ་རིང་བོད་རྣལ་མ་ཞིག་ཡིན་པ་ཙམ་མ་ཟད། དུང་ཞེན་གྱི་ཆ་ནས་ཀྱང་བོད་རྣམ་དག་ཅིག་རེད། དེའི་སྟབས་ཀྱིས་ཁོས་གོམ་ཁ་བཙན་བྱོལ་དུ་གྱུར་བ་དང་འབྲས་རྡ་ལི་ཟས་ནས་ལོ་མང་ཕྱིན། གལ་ཆེས་ཤོས་ནི་དེ་མ་ཡིན་པར་༼རྒྱ་༽འབྲུག་རྒྱལ་གྱི་སྨྱུག་ཁ་ནས་འཁྲུངས་པའི་བོད་ནི། ང་བོད་རྣལ་མ་ཡིན་ཟེར་མཁན་ཚོའི་མགོ་ལ་ཤོར་གྲབས་བྱེད་པ་འདི་རེད་ལ། འདི་ནི་སུས་སུ་ལ་གྱག་གྱོག་ཡིན་པ་བཤད་ཚོད་མི་ཐུག་པའི་ཚད།
མ་གཞི་འབྲུག་རྒྱལ་ནི་རྒྱ་ཡིག་གི་འཇིག་རྟེན་ཏེ། མཚོ་ངོགས་གཉིས་ན་སྐད་གྲགས་ཅན་གྱི་ཆེད་ལས་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོས་དེ་སྔར་༸གོང་ས་མཆོག་གི་བཀའ་རྩོམ་མང་པོ་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་མ་ཟད། ༼བཙན་བྱོལ་ཁྲོད་ཀྱི་རྩོམ་བྱུང་ལོ་རྒྱུས༽ཞེས་པའི་དེབ་ཞིག་བརྩམས་འདུག་ལ། དེ་ཐེངས་ཁོང་གིས་དངོས་རྟོག་སྤེལ་མའི་(semi fiction)འབྲི་ཚུལ་གྱི་༼ཨ་ཚོགས་ཉི་ཁྲི་ཚང་གི་དར་རྒུད་༽ཞེས་པ་འདིར། ༢༠༡༡ ལོར་ཐའེ་ཝན་གྱི་དུས་དེབ་གྲགས་ཅན་མི་གཞི་ཞེས་པའི་༼ལོ་འཁོར་ཕུལ་བྱུང་ཞལ་དགའ་༽ཐོབ་འདུག་པ་བཅས་སོ།།
རྩོམ་འདི་ནི་རྩོམ་ཡག་པོ་ཞིག་རེད་འདུག འོན་ཀྱང་། འགྱུར་དེ་ཨམ་སྐད་ཅུང་ཤུགས་ཆེ་གྲགས་འདུག རྗེས་མ་ཡིག་སྐད་དམ་སྤྱི་སྐད་ལ་ཤུགས་བརྒྱག་རོགས། གཞན་ཡང་རྩོམ་འདིའི་ཀླུ་བྱམས་ལ་ཞིབ་འཇུག་བྱེད་མཁར་ཚོར་ཟུར་བལྟའི་རྒྱུ་ཆ་ཞིག་ཀྱང་རེད།
ཀློད་སྐབས་ཅུང་མ་བདེ་བ་ཞིག་འདུག གཙོ་བ་ས་བཅད་དབྱེ་སྟངས་ཀྱིས་ཡིན་ས་རེད། གཞན་པདྨ་ཆོས་སྒྲོན་ནི་ཀླུ་མཁར་བྱམས་ཀྱི་བཟའ་ཟླ་རེད་ཟེར་དེ་བདེན་པ་རེད་དམ། ཡིན་ནའང་། འདི་རྩོམ་དང་ཁ་ཐད་གར་འབྲེལ་མེད་པའི་སྐད་ཆ་ཤིག་རེད། སྒྲུང་གི་ནང་བཀོད་པ་འདི་ཀླུ་མཁར་བྱམས་ཀྱི་བྱིས་དུས་ཀྱི་འཚོ་བའི་ཆ་ཤས་ཙམ་ཞིག་ཡིན་ན། དེ་ལས་ང་ཚོས་ཁོང་གི་སེམས་ཁམས་ལ་རོབ་ཙམ་ཚོད་དཔག་བྱ་ཐུབ་པ་འདུག
པདྨ་ཆོས་སྒྲོན་ལགས་ཀྱིས་ཡག་པོ་བསྒྱུར་འདུག་་་་་་་་་་་་ཐུགས་རྗེ་ཆེ། ཀླུ་མཁར་བྱམས་ཀྱི་མ་ཡར་གྱིས་པདྨ་ཆོས་སྒྲོན་ལ་ཚ་རུ་ཞིག་བཟོས་ཚར་འདུག་་་་་་་་་་་འོན་ཀྱང་ཀླུ་མཁར་བྱམས་ཀྱི་ཚ་རུ་ལས་ཅུང་སྤུས་ཀ་ཞན་པ་འདི་མི་བཟང་གི་་་་་་་་་་་་་་་་་་་་ཕལ་ཆེར་ཀླུ་མཁར་བྱམས་ཀྱིས་མོ་ལ་ཚ་རུ་བརྗེ་བོ་སློག་ངེས་རེད།
འགྱུར་རྩོམ་བཀླགས་ཟིན། ཨ་ཚོགས་ཉི་ཁྲི་ཚང་གི་རྩྭ་ཐང་དང་སྦྲ་ནག་ཕ་ཡུལ་དུ་ལྷག་སོང་མོད། མི་རབས་ད་དུང་བརྒྱུད་ཀྱིན་པས། འདིའང་དགའ་འོས་པའི་དོན་ཆེན་ཞིག་ཅིས་མ་ཡིན།
བཀྲིས་སྒྲོལ་མ། སྨན་ཅོ་ཐོག་མགོ་རྣ་གཅིག་རེད་ཟེར་བ་ཅིས་མ་བདེན། ཁྱོས་པདྨ་ཆོས་སྒྲོན་ལ་ངན་ཅིག་མ་སླབ་རོགས་ ཨ་ཁུ་ལོ་ལོ༌༌༌༌༌༌
ང་ནི་དེང་སྐབས་ཆོས་ཞུ་བར་བྲེལ་འདུག་པས་རྩོམ་ཡིག་ཆ་ཚང་བར་ཞིབ་ཏུ་ཀློག་ཁོམ་བྱུང་མ་སོང་། འོན་ཀྱང་པདྨ་ཆོས་སྒྲོན་གྱིས་སྔ་ཕྱི་རིམ་པར་འདི་ལྟར་རྩོམ་ཡིག་བསྒྲུར་གནང་བར་དངོས་གནས་བཀའ་དྲིན་ཆེ་ཟེར་འདོད་བྱུང་།
རྩོམ་འདི་ནི་མི་ཞིག་གི་འཚར་ལོངས་ཁྲོད་ཀྱི་སྐྱིད་སྡུག་གི་གོ་རིམ་ཙམ་མིན་པར། སྤྱི་ཚོགས་ཀྱི་འཕེལ་རིམ་དང་ལོ་རྒྱུས་ཀྱི་དར་རྒུད་ཀྱང་བརྗོད་འདུག་ལ། སྲོལ་རྒྱུན་གྱི་འབྲོག་པའི་སྤྱི་ཚོགས་ན་སྤྱོད་པའི་སྐད་ཆའི་འགྲོས་ནར་མར་བཀོད་འདུག་སྟབས། ཀློག་བདེ་ཞིང་དོན་ཟབ་མོ་ཞིག་འདུག ཡིན་ནའང་། ཡིག་ནོར་དང། དུམ་མཚམས་གསལ་པོ་ཞིག་མ་དབྱེ་བའི་གཟབ་གཟབ་བྱས་ན་མ་ཀློག་ན་གོ་བ་ཏག་ཏག་ཅིག་ལེན་མི་ཐུབ་པ་ཞིག་འདུག པདྨ་ཆོས་སྒྲོན་ཐུགས་རྗེ་ཆེ་ཞུ་དང། མུ་མཐུད་དེ་འབད་བརྩོན་བྱེད་པར་སྐུལ།
ངས་བསྒྱུར་རྩོམ་འདིའི་རྒྱབ་ལྗོངས་ལས་མཐོང་བ་ནི་ཀླུ་བྱམས་ལགས་ཀྱི་བློ་སྤོབས་དང་རྒྱལ་ཞེན་སོགས་རེད།
པདྨ་ལགས་ཀྱིས་ཡག་པོ་བསྒྱུར་འདུག
མུ་མཐུད་དུ་ཡིན་དཱ།
པདྨ་ཆོས་སྒྲོན་གྱིས་རྩོམ་ཡག་པོ་ཞིག་བསྒྱུར་བར་ཡག་བྱུང་ཟེར་རྒྱུ་ཡིན་ལ། ཀློག་པ་པོ་དག་གིས་རྩོམ་འདི་འབྲི་ཐབས་ཀྱི་ཆ་ནས་ལེགས་ཆ་ལེན་རྒྱུ་ཡང་གལ་ཆེན་པོ་རེད་སྙམ།
པདྨ་ཆོས་སྒྲོན་གྱིས་རྩོམ་ཡིག་ཡག་པོ་ཞིག་བོད་སྐད་ཡིག་གི་ཁྱིམ་གཞིས་འདིའི་གཡང་དུ་བཀུག་པར་ཡག་བྱུང་ཟེར་རྒྱུ་ཡིན་ལ། ཀློག་པ་པོ་ཚོས་རྩོམ་ཡིག་འདིའི་འབྲི་ཐབས་ཀྱི་ཆ་ནས་ལག་ཆ་བསྡུ་ལེན་བྱེད་རྒྱུ་ཡང་གལ་ཆེན་པོ་རེད་སྙམ།
(ཁྱིམ་རྒྱུད་ཅིག་གི་དུད་པ་ཆད་མི་རུང་བ་ནི། བརྩེ་བའི་ཚེ་གྲོགས་དང་བྲལ་བ་ལས་ཀྱང་གནོན་ཤུགས་ཆེ་ཞིང་། འཇིགས་སུ་རུང་བ་ཞིག་ཡིན་པ་དེ་རེད།) ང་ཚོའི་མི་རིགས་འདི་གཞན་དང་མ་འདྲེས་པར་ད་ལྟའི་བར་དུ་གནས་ཐུབ་པ་ནི་རིགས་གཞུང་འདི་རེད། ཁྱིམ་བརྒྱུད་ཀྱི་དུད་པ་ཆད་མི་རུང་བའི་རིག་གཞུང་འདི་རེད། ནམ་རྒྱུན་བསམ་ཚུལ་ཞིག་ཡོད། འདི་ལྟ་བུའི་རིགས་གཞུང་དང་སྤྱི་ཚོགས་བསམ་བློ་ཁ་ཤས་ཞིག་གིས་བོད་འདི་ཚེ་ཐག་རིང་པོ་བསྲིང་ཡོད་ཀི་བསམ།
མི་རིགས་འདི་ཆབ་སྲིད་དང་དམག་དོན་སོགས་ཀྱིས་གནའ་སྔ་མོ་ནས་སྲུང་སྐྱོབ་བྱས་མེད་ཀི རིག་གཞུང་དང་བསམ་བློ འདུ་ཤེས་རྙིང་པ་དེ་དག་གིས་སྲུང་ཡོད་ཀི དེ་བས་ན་དེང་སང་གི་མགོ་སྟོང་ཚོས་རྙིང་པ་རྩ་གཏོར་བྱེད་རྒྱུ་མཚམས་བཞག་ན་ཡག་ས་རེད་དྲན།
རྩོམ་ཡིག་འདི་གསལ་བོ་ཀློག་ཁོམ་མ་བྱུང་མོད། རགས་ཙམ་བཀླགས་པས་རྩོམ་ཡིག་འདི་ནི་ཀླུ་བྱམས་ལགས་ཀྱི་སེམས་སྟོབས་དང་འབྲེལ་དགོས་པ་དང་། དེ་འབྲེལ་གྱི་གོ་རྟོགས་གསར་བ་སྤྲོད་དགོས་པ་དེ་ཡིན་པ་འདྲ། ཐུགས་རྗེ་ཆེ།
ཁོ་རང་ཅོ་རི་ཡིན་པ་ཤེས་ར་མ་རྒན་གྱིས་ཁ་སྒྲུང་བཤད་ཡོད་བདེན་པ་འདྲ། ཆུང་དུས་ནས་ཁོའི་མིང་ལ་གླིང་ཀླུ་བྷེ་ཞེས་འབོད།
པདྨ་ཆོས་སྒྲོན་གྱིས་ཡག་པོ་བསྒྱུར་འདུག། ཐུགས་རྗེ་ཆེ།
ཀླུ་མཁར་བྱམས་གླེང་ས་ཞིག་ཡིན་ན་མཆན་ཁ་ཤས་བྲིས་རྗེས་ནག་སུབ་སེ་མཆན་སྒོ་བརྒྱབ་འགྲོ དེ་ལོས་ཡིན་མི་ཚང་མས་རུབ་བརྒྱབ་ནས་ཁྭ་ཏས་འུག་པ་མཐོང་པ་ལྟར་ཡིན་པས་རེད། དེ་ཡང་ཁག་མེད་དེ་འུག་པས་ཀྱང་འུག་པའི་ས་ནས་མ་བསྡད་པར་བྱ་ཚོགས་ཀུན་གྱི་མཐོང་སྣང་གི་ཉི་མ་ཡང་མུན་པ་རེད་ཟེར་ནས་ཨུ་ཚུགས་བརྒྱབ་པས་རེད། ད་ཡིན་ན་ངེད་ཚོས་བརྗོད་སྟངས་ལ་བརྗེས་པོ་བརྒྱབ་ནས་ཕན་ཚུན་རྩོམ་ཡིག་གི་ཁྱད་ཆོས་དང་། བསམ་བློའི་ཁྱད་ཆོས། སྤྱོད་ལམ་གྱི་ཁྱད་ཆོས་སོགས་གླེང་ནས། ད་ཐེངས་གི་རྩོམ་ཡིག་འདི་ནི་ཀླུ་མཁར་བྱམས་གླེང་གཞི་ཡིན་ན་ཡང་། མཆན་སྒོ་རྒྱག་མི་དགོས་པའི་ཐོག་ལ་གླེང་མོལ་བྱེད་ཡ།
ངས་འདི་གཞི་ནས་ཀློག་རྒྱུ་ཡིན། རྩོམ་གཞིའི་བརྗོད་གཞིའི་མི་དེ་ཡང་མགོ་སྐྲ་དང་སྨྲ་ར་ཟེང་ཟེང་། མྱི་ཁ་དང་གནོན་ཤུགས་རུབ་རུབ་ཀྱི་ཁྲོད་ནས་གསོན་པ་ངོ་མཚར་ཆེ།
དྲྭ་གྲོགས་ཚོས་མ་ཡིག་མ་ཀློག་གོང་ནས་བསྒྱུར་རྩོམ་ཡག་མིན་ལ་དཔྱད་བརྗོད་ཐུབ་པ་ནི་གང་མིན་ཚད་ཀྱི་མཁས་པའམ་སྐུ་རློན་པའི་ཐམས་བཅད་མཁྱེན་པ་ཡིན་རྒྱུ་རེད།
སྤྱིར་བཏང་མ་ཡིག་དང་བསྒྱུར་རྩོམ་གཉིས་ཀ་ལ་དཔྱད་པ་བྱས་ནས་བསྒྱུར་ཡག་མིན་གྱི་སྐད་ཆ་ཞིག་ཡོད་པ་རེད།
མ་གཞི་ནས་ང་རང་སྐྱོ་སོང་བ་ཡིན་རྒྱུ་རེད། རྩོམ་ཡིག་འདི་ཀློག་ཤེས་ཀྱི་མིན་འདུག་
རེད་ཡ། རྩོམ་ཀློག་རྒྱུ་དང་། ཁྱད་པར་དུ་རྩོམ་ཡག་པོ་ཞིག་ཀློག་དགོས་ཕྱིན། རང་ཉིད་རྩོམ་པ་པོ་ཞིག་མིན་ཡང་མ་མཐར་རྩོམ་ཀྱི་བག་ཆགས་ཡོད་མཁན་ཞིག་ཡིན་དགོས་པ་རེད། གཅིག་བྱས་ན་རྩོམ་ཡག་པོ་འདི་ལྟ་བུ་ཞིག་གོང་གི་དེང་རྡོར་འདྲ་བོའི་མིག་གི་སྤྱོད་ཡུལ་ཡིན་རྒྱུ་མ་རེད། དེ་ཁོ་རང་གིས་ཀྱང་ངེས་ལེན་བྱས་འདུག
མ་རྩོམ་དང་བུ་རྩོམ་བསྡུར་ནས་དཔྱད་པ་གནང་རྒྱུ་ནི་ཆེད་ལས་པ་ཚོའི་ལས་ཀ་ཡིན་པ་ལས་ཀློག་མཁན་ཕྱི་བྱིངས་ལ་རག་ལས་པ་ཞིག་མ་རེད། འགྱུར་རྩོམ་ཞིག་ཡིན་ཕྱིན་དང་པོ་འགྱུར་རྩོམ་དེ་ཉིད་ངོས་ནས་གོ་བརྡད་འཕྲོད་ཀྱི་ཡོད་མེད་དེ་རེད་ལ། གཉིས་པ་ནི་འགྱུར་གྱི་སྒྲ་བསྒྱུར་དང་དོན་བསྒྱུར། ཡང་ན་བསྡུས་བསྒྱུར་སོགས་བྱེ་བྲག་གི་ཐོག་འབབ་དགོས་པ་རེད། འདི་ལྟར་འཇོན་མཁན་མེད་པ་མིན་མོད། ཁ་བརྡའི་དྲ་འབུ་དང་དྲ་འདྲེ་ཚོའི་ནང་དེའི་གྲས་དཀོན་ཡ། ང་མ་ཡིན།
ེརྩོམ་མ་ཟད་ཁྱེད་རང་གི་མཆན་ཡང་ང་ལྟ་བུའི་མིག་གི་སྤྱོད་ཡུལ་རེད་མིན་འདུག མ་ཟད་བུ་རྩོམ་ཡོད་པ་གོ་མ་མྱོང་། ཕལ་ཆེར་བུ་རྩོམ་མིན་པར་སྨྱུག་འཛིན་པ་ཁྱེད་རང་འདྲ་བ་ཚོས་སྤྱོད་བཞིན་པའི་བརྐུ་བཤུས་ཡིན་གྱི་རེད།
ཁྱེད་རང་སྔོན་ལ་བརྡ་དག་ཡག་པོ་སྦྱོངས། དེ་ནས་དྲྭ་ཐོག་ཏུ་མཆན་སྤེལ་བར་ཕེབས་ན་འཚམ་པ་འདུག
ངའི་བརྡ་སྤྲོད་ལ་རྐྱོན་མེད་པ་མིན་མོད། ཁྱོད་ཀྱིས་གོ་དགོས་པ་གང་ཞིག་ཧ་ལམ་གོ་ཡོད་ཤག་རེད། ཡང་ཁྱོད་ཀྱི་སྐད་ཆའི་ནང་གི་༼ཁྱེད་རང་འདྲ་བ་ཚོས་སྤྱོད་བཞིན་པའི་བརྐུ་བཤུས་ཡིན་གྱི་རེད༽ཟེར་བ་འདི་ངོ་མ་གོ་མ་སོང་། དེར་གསལ་བཤད་ཅིག་གནོངས་དང་། ཅིག་རྐུས་ནས་བཤུས་འདུག་ལབ་པ་ཡིན་ནམ། ང་ཚོས་གང་ཞིག་ནས་ཅི་ཞིག་རྐུས་ནས་བཤུས་འདུག་གསལ་བོ་ཤོད་དང་། ངོ་མ་ཁ་ཚོད་མེད་ཀྱི་སྐད་ཆ།
དྲང་མོ་ཡིན། བརྡ་དག་ཡག་པོ་བྱས་ནས་སྦྱོངས། ང་དངོས་གནས་ཁྱེད་རང་གི་མཆན་གོ་ཐུབ་ཀྱི་མིན་འདུག
ང་རང་ལོ་རིམ་དང་པོ་གཉིས་པའི་སྦྱོང་ཚན་བཟོ་བཅོས་རྒྱག་མཁན་གྱི་དགེ་རྒན་མིན་ཙང་མཆན་འདི་རིགས་ལ་ངོ་མ་ཀློག་འདོད་མིན་འདུག རིག་གཞུང་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས་ལ་ཕན་པའི་བགྲོ་གླེང་འདྲ་་བྱ་འདོད་ཡོད་ན་སྔོན་ལ་སློབ་གྲྭར་ཡག་པོ་རྒྱུགས། གཟིམ་འཇགས་གནང་གོ
ངོ་མ་བཤད་ན་བསྒྱུར་རྩོམ་འདིའི་ནང་ན་ཨམ་སྐད་མང་པོ་འདུག དེ་ནི་ཅུང་མི་འགྲིག་པ་ཞིག་རེད་འདོད་གི དེ་མིན་ཡག་པོ་འདུག ཐུགས་རྗེ་ཆེ
སྤྱིར་ཀླུ་བྱམས་ཀྱི་ལོ་རྒྱུས་ཡག་པོ་བསྒྱུར་འདུག།སྒྱུར་མཁན་དང་རྩོམ་མཁན་གཉིས་ནས་ཀླུ་བྱམས་སྐྱོར་ཏེ་ཙོག་ཙོག་བཟོ་འདོད་པ་འདྲ།སྤྱིར་ཡིན་ན་བླ་མས་འདས་རྟགས་མ་བཞག་ན།གྲྭ་པས་བསྐྱོར་དང་མ་བསྐྱོར་མེད་མོད།ཀླུ་བྱམས་དེ་དང་མི་འདྲ།ཁྱེད་ཚོས་བསྐྱོར་དང་ཁོ་ལ་སྨྲ་བརྗོད་ཀྱི་ནུས་པ་དང་དྲང་བདེན་ད་དུང་རང་ཚུགས་བརྟན་པོ་ཡོད་པས་ཁོ་ནམ་ཡང་ཙོག་པུར་འདུག་ངེས།།
ཡག་པོ་འདུག རྗེས་སུ་ཡིད་རངས་ཡོད།