བསམ་གླིང་ཚེ་རིང་ལྷ་མོ།
ཀ་བཞི་གདུང་བརྒྱད་བརྗིད་ཆགས་ཕོ་བྲང་འདྲེན་བྱེད་ཡུལ་དུ་འཆར་བས་ན།།
ཁ་བ་ཅན་གྱི་སྔར་སོང་གཏམ་རྒྱུད་སྙིང་དང་སོར་མོའི་རྩེ་ནས་བཞུར།།
ག་བཏང་གོ་ཆོད་དཔའ་སྟོབས་ལྡན་པའི་སྟོང་བཙན་ཐུ་མི་ལ་སོགས་པའི།།
ང་ཅག་བོད་ཀྱི་མཛངས་བློན་དབུས་སུ་སྲོང་བཙན་སྒམ་པོའི་གཟི་འོད་འབར།།
ཅ་ཅོ་ཟང་ཟིང་ཆེ་བའི་གླིང་འདིར་བོད་ཅེས་བྱ་བའི་རྒྱལ་ཁབ་བཙུགས།།
ཆ་ལུགས་བཟང་པོའི་རྒྱལ་ཁམས་ཡུག་ཅིག་འཇམ་དར་དཀར་པོས་ཁྱབས་པར་མཛད།།
ཇ་ཆང་ཞིམ་པོའི་ཟས་ལ་དགའ་བའི་ལེ་ལོའི་སྤྱོད་ངན་མིང་གིས་དབེན།།
ཉ་ཆུའི་བརྩེ་བ་ཟབ་པའི་རྒྱལ་འབངས་རང་ཡུལ་སྐྱོང་ལ་དམ་ཚིག་མཐུན།།
ཏམ་བུ་ར་ཡི་སྒྲ་དབྱངས་མངར་སྐྱུར་མཐོ་སྒང་གངས་རིའི་རྩེ་མོར་བསྒྲགས།།
ཐ་གྲུའི་ལེགས་ཚོགས་ཤུགས་ཀྱིས་བསྡུ་བས་འབངས་རྣམས་སྐྱིད་པའི་གླུ་སྒྲས་ཁེངས།།
དེ་སྔའི་སིལ་པོའི་དུས་རབས་བསྐྲད་དེ་ཆིག་སྒྲིལ་བཙན་པོའི་རྒྱལ་ཁམས་བཏབ།།
ན་ཁ་རྒྱ་ཆེའི་མེ་ཏོག་དབུས་སུ་དཀར་པོའི་གུར་གྱི་སྤྲིན་དཀར་མཛེས།།
པ་ཕ་ཨ་མའི་སེམས་ཀྱི་མདོ་རར་ཁྱིམ་ཆུང་སྐྱོང་རྒྱུ་ཙམ་མིན་པར།།
ཕ་ཡུལ་བོད་ཁམས་ཀུན་ལས་རྒྱལ་བའི་གཏམ་བཟང་ལང་ཚོའི་དཔལ་ལ་ཆགས།།
བ་གམ་ཁང་བཟང་ས་ལ་འཕོས་འདྲའི་ལྷ་ཁང་ཕོ་བྲང་བརྗིད་ལྡན་སྐྲུན།།
མ་མེས་མཛངས་མའི་ཡོན་ཏན་ཤུགས་ཀྱིས་མཐའ་བཞིའི་རྒྱལ་ཕྲན་ཟིལ་གྱིས་གནན།།
ཙི་ནའི་རྒྱལ་ཁམས་ཆམ་ལ་ཕབ་ཅིང་རྒྱལ་པོའི་སྲས་མོ་སྟོབས་ཀྱིས་བསུས།།
ཚ་ཚ་འུར་འུར་དམག་དོན་བཀོད་ཁྱབས་གསེར་གྱི་རི་བོའི་ལྗིད་དང་མཉམ།།
ཛ་དྲག་དམག་རོལ་གཏོང་ཐེངས་རེ་ལ་རྒྱལ་ཁའི་དཔའ་སྐད་ཆད་མྱོང་མེད།།
ལྦ་ལེར་དཔོན་དམག་མཛད་རྗེས་བཟང་པོར་ལེགས་དར་འཐེན་སྲོལ་དེ་བས་མཛེས།།
ཞ་གོས་ཆ་ལུགས་རྫིག་རལ་རྔམ་བརྗིད་འདམ་སེང་གཏུམ་པོ་འགྱིང་དང་མཚུངས།།
ཟ་འོག་ཁྲི་གདན་དབུས་སུ་བརྗིད་པའི་བཙན་པོ་རྒྱལ་བློན་དགྲ་ཐབས་མཁས།།
འ་འུར་དམག་དུང་གཏོང་བའི་དུས་སུ་སྟག་གཟིག་ལྟོགས་པ་བཞིན་དུ་རྔམ།།
ཡ་མེད་དྲག་རྩལ་གཡུལ་འགྱེད་སྐབས་སུ་མཐའ་བཞིའི་རྒྱལ་ཁམས་བླ་ཡང་འཁྱར།།
རལ་གྲི་ཞགས་པ་ལྕགས་ཀྱུ་ཨ་ལོང་དྲག་པོའི་མཚོན་གྱིས་འབྲུག་སྐད་ལྡིར།།
ལ་ལུང་ཁྲི་འབུམ་དུ་མ་བཙན་པོའི་མངའ་འབངས་སྟོབས་ཀྱིས་རྒྱ་སྐྱེད་མཛད།།
ཤ་ཁྲག་གཅིག་གི་བོད་འབངས་དགའ་བའི་རྒྱལ་མཚན་ནམ་མཁའི་དབྱིངས་སུ་གཡོ།།
ས་འཛིན་གཉིས་གསུམ་དབང་བའི་དཔའ་བོའི་གད་རྒྱངས་མཐོ་ནས་མཐོ་རུ་འདེགས།།
ཧ་ཅང་རྒྱས་པའི་བཙན་པོའི་མངའ་ཐང་རྒྱལ་རབས་དེབ་ཕྲེང་སྦྲང་རྩིའི་རོ།།
ཧ་ལམ་བོད་འབངས་ཀུན་གྱི་ངོ་གདོང་དགའ་སྤོབས་སྤྲོ་བས་ཡོངས་སུ་ཁེངས།།
ཨ་རིའི་སྟོབས་ལ་སྨོན་དགོས་མེད་པ་ང་ཅག་གདོང་དམར་སྲིན་བུའི་ཡུལ།།
ཨ་སྔོན་དབྱིངས་ཀྱི་རྟ་བདུན་བཞིན་དུ་ཀུན་གྱི་མགོ་བོའི་ཐད་དུ་བཀུར།།
ཚེ་ལྷས་སྙན་རྩོམ་ལ་གོ་རྒྱུ་ཆེན་པོ་འདུག ངོ་སོ་བསྟོད། མུ་འཐུད་དུ་ཡིན་ཨྰ།
མ་བཟང་བུ་ལོས་གངས་དཀར་སེམས་ནས་ཕ་བཟང་གཏམ་རྒྱུད་འཕྱོ་ལ་སྨད།།
དཔོན་ངན་གཉའ་བ་རངས་བའི་སྟབས་ཀྱིས་ངན་འབྲས་སྲིད་པའི་མཐའ་ལས་བརྒལ།།
ད་དུང་རེ་བ་རྦད་དེ་ཤི་མེད་ཤི་འཕྲོ་སླར་ཡང་ལངས་མཁན་ཡོད།།
བསམ་གླིང་བསམ་དོན་ཡིད་གཞིན་འགྲུབ་ལ་བསམ་པ་རྣམ་དག་མཆོད་པ་འབུལ།།
དར་རྒུད་ཆོས་ཅན་འཁོར་བའི་ཆོས་ཉིད་བདེན་ན་ཐང་མོད་འཁུར་འདོད་མེད།།
ཁ་བ་ཅན་གྱི་རྒྱལ་ཁབ་འདི་ཡི་ཁ་ལས་རེ་ཞིག་སྒུར་ནའང་།།
ལ་རྒྱ་ཅན་གྱི་གདོང་དམར་བ་ཚང་ལ་ཐོད་གཏན་དུ་མ་ཟགས་པར།།
ཡབ་མེས་ཞབས་རྗེས་ཞབས་ཏོག་སྒྲུབ་ན་ལས་མཐའ་གསལ་ལ་ཡུན་མི་རིང་།།
མ་བཟང་བུ་ལོས་གངས་དཀར་སེམས་ནས་ཕ་བཟང་གཏམ་རྒྱུད་འཕྱོ་ལ་སྨད།།
དཔོན་ངན་གཉའ་བ་རངས་བའི་སྟབས་ཀྱིས་ངན་འབྲས་སྲིད་པའི་མཐའ་ལས་བརྒལ།།
ད་དུང་རེ་བ་རྦད་དེ་ཤི་མེད་ཤི་འཕྲོ་སླར་ཡང་ལངས་མཁན་ཡོད།།
བསམ་གླིང་བསམ་དོན་ཡིད་གཞིན་འགྲུབ་ལ་བསམ་པ་རྣམ་དག་མཆོད་པ་འབུལ།།
དར་རྒུད་ཆོས་ཅན་འཁོར་བའི་ཆོས་ཉིད་བདེན་ན་ཐང་མོད་འཁུར་འདོད་མེད།།
ཁ་བ་ཅན་གྱི་རྒྱལ་ཁབ་འདི་ཡི་ཁ་ལས་རེ་ཞིག་སྒུར་ནའང་།།
ལ་རྒྱ་ཅན་གྱི་གདོང་དམར་བ་ཚང་ལ་ཐོད་གཏན་དུ་མ་ཟགས་པར།།
ཡབ་མེས་ཞབས་རྗེས་ཞབས་ཏོག་སྒྲུབ་ན་ལས་མཐའ་གསལ་ལ་ཡུན་མི་རིང་།།
ཁྱེད་ཀྱིས་ལོ་རྒྱུས་ལྡན་པའི་སྙན་རྩོམ་ཡག་མོ་ཞིག་བྲིས་འདུག་པར་དགའ་བསུ་ཞུ།
ལྷག་པར་དུ་ཚིག་གི་ཟུར་ཞིག་ནས་ཕྲན་གྱི་མིང་ཡང་ལྷམ་མེར་ཐོན་འདུག་པས་ཤིན་ཏུ་དགའ་བྱུང་།
སྔར་གྱི་དུས་སུ་བོད་ཅེས་འཛམ་གླིང་གསུམ་གཉིས་དབང་བསྒྱུརད་ཀྱང་། །
ད་ལྟའི་དུས་སུ་ཙག་ཀྲ་སྒམ་ཆུང་རྐང་འཁོར་བཟོ་ལ་དཀའ་ངལ་ཕྲད། །
སྔར་གྱི་དུས་དུ་༸རྒྱལ་དབང་༸པཎ་ཆེན་གསེར་ཁྲི་མཐོན་པོར་མངའ་གསོལད་ཀྱང་། །
ད་ལྟའི་དུས་སུ་༸རྒྱལ་དབང་ཕྱིར་འབུད་༸པཎ་ཆེན་བཙོན་འོག་ཤོར་འདི་སྐྱོ། །
སྔར་ཡོད་ཡོད་རབས་བཟང་རབས་བཤད་ཀྱང་ཅི་ལ་ཕན།
མ་འོངས་ཡོང་འགྱུར་ཡོད་རབས་བཤད་ལ་ཅི་ཕྱིར་བརྩོན།
ངོ་མ་ཡོད་ན་ད་ལྟ་བ་འདི་གཙོ་ཆེ་བས།
བསམ་གླིང་མ་ཁྱོད་ལས་དོན་བྱེད་ལ་ཅིའི་མི་བརྩོན།
ཐོག་མར་རྡོར་དབང་ལགས་སུ་ཐུགས་རྗེ་ཆེ་ཞུ།
པད་མ་དགེ་སར་ལགས། གོ་རྒྱུ་ཞིག་བྱུང་འདུག་ན་འགྲིག ཕེབས་པར་མཚམས་འདྲི་ཞུ། མུ་འཐུད་སེམས་གཏམ་གསུངས་བར་སྒུག་ཡོད།
བཀུར་འོས་སློབ་གྲོགས་ཀླུ་མཁར་བྱམས་ལགས། སྙན་ཚིག་གི་ལེགས་སྐྱེས་ཤིག་གནང་བར་ཐུགས་རྗེ་ཆེ།
ཡངས་པའི་ས་འཛིན་སྨུག་ཞག་ཁྲོད་ནས་མེས་པོའི་ཞབས་རྗེས་འཚོལ་ཁུལ་བྱས།།
དར་རྒུད་ཆོས་ཅན་འཁུར་འདོད་མེད་ཀྱང་སྣང་བ་དག་པས་ཅི་ལ་ཕན།།
བཀུར་འོས་སྙན་ངག་མཁན་པོ་དོལ་སྨྱོན་ལགས། ཉིད་ཀྱི་སྙན་རྩོམ་གྱི་ཟུར་ལའང་དོ་ཟླ་མ་བཟོད་ཀྱང་གུས་མོའི་སྙན་རྩོམ་གྱིས་སྐུ་ཉིད་སྙན་པོ་བྱུང་ཡོད་ན། ཁོ་མོའི་བསམ་འདུན་གྲུབ་སོང་ལགས། དོན་དངོས་ཉིད་ཀྱི་མིང་ངོ་མ་གསུངས་ན་ཅིས་མ་ལེགས།
ཐུགས་སེམས་སྐྱོ་སྐྱོ་མ་གནང།།
བཀུར་འོས་སློབ་དཔོན་ཀརྡོ།།
ཙག་སྒྲ་རྐང་འཁོར་ཚོད་དེ།།
ཉིད་ཀྱིས་གསུངས་པ་བདེན་ཀྱང།།
དེང་དུས་ཕྱི་རྒྱལ་ཡུལ་གྲུར།།
བོད་མིའི་ལག་རྩལ་ཐོག་ལ།།
མ་ཤེས་སྣ་གཅིག་མེད་ལ།།
འགྲན་ཟླ་མི་འདུག་ཟེར་གྱིས།།
རྒྱལ་དབང་བསྟན་སྲིད་དོན་དུ།།
མཛད་འཕྲིན་རྒྱས་པས་ཅི་སྐྱོ།།
པན་ཆེན་བཙོན་ལ་ཚུད་པ།།
སྐྱོ་ཤས་ཆེ་བ་ལོས་བདེན།།
འབྲོང་བུ་སོག་ཚ་ལགས།
སྔར་ཡོད་བཟང་པོའི་ཡོད་རབས་བཤད་པས་བོད་མིའི་སྤོབས་སེམས་གོང་དུ་འདེགས།།
མ་འོངས་འབྱུང་འགྱུར་ཡོད་རབས་བཤད་པར་ད་ལྟའི་འཇོན་ཐང་རག་ལས་སོ།།
ངོ་མ་ཡོད་པའི་ད་ལྟའི་མི་རབས་ཇི་ལྟར་ཡིན་མིན་ཁྱེད་ཀྱིས་མཁྱེན།།
བསམ་གླིང་མ་ང་ཁྱེད་དང་མཉམ་དུ་དུས་རབས་རྗེས་སུ་རྒྱུགས་བཞིན་ཡོད།།
ཀུ་རེ་ཡིན།
འགའ་རེས་བྱུང་རབས་འཇོན་རབས་བཤད་ནས་རང་སེམས་གསོ།
ལ་ལས་མེད་རབས་མུག་རབས་བཤད་ནས་སྡུག་ཡུས་འདོན།།
གྲོགས་དག་ལན་བརྒྱར་བགད་དམལན་སྟོང་ངུས་གྱུར་ཀྱང་།
རེ་ཞིག་སྒང་བ་བོད་པའི་བསྐོས་ཐང་འདི་ཙམ་ཞིག
སྔོན་བྱུང་གཏམ་ལ་མིག་འཕང་གཏད་ནས་ཡབ་མེས་ཞབས་རྗེས་འདི་ནས་འཚོལ།།
མ་འོངས་ཡོང་འགྱུར་བློ་ལ་བཞག་ནས་མདུན་སྐྱོད་ལམ་ཁར་འདི་ནས་སྙེག།
ད་ལྟའི་གནས་སྟངས་ཡིད་ལ་ངེས་བཞིན་ཕན་ཚུན་ལག་རྡང་གཅིག་ཏུ་སྦྲེལ།།
ཡོད་རབས་ཡོང་རྒྱུ་གླེང་ན་ཕན་པས་ང་དང་ཁྱོད་ཚོས་འདི་ལྟར་གླེང་།།
བཀུར་འོས་གནམ་ལྕགས་ལགས་ཕེབས་པར་འཚམས་འདྲི་ཞུ།
རིགས་དྲུག་སེམས་ཅན་ཐམས་ཅད།
སྐྱིད་ན། བདེ་སྐྱིད་ཀྱིས་ནམ་མཁའ་འགངས་བ་ཤོག
སྡུག་ན། སྡུག་བསྔལ་གྱི་རྒྱ་མཚོ་སྐྱེམ་པ་ཤོག
སྐྱེད་ཚལ་གཅིག་ལ་མཉམ་དུ་བཞད་པའི་དཔྱིལ་ཟླ་ར་བའི་སློབ་གླིང་ནས།།
རྒྱུ་སྐར་ཕྲེང་བ་གོས་སུ་བཀླུབས་ནས་དམར་ཆུང་སེམས་ཀྱི་ལྡིང་ཁང་དུ།།
ལོ་རབས་ཅིག་འཁང་ར་མ་གཏོག་ལང་ཚོ་གཏན་དུ་བརྗེད་གྱུར་བའི།།
ན་མཉམ་དུས་ཀྱི་འཚར་རོགས་མོ་ཁྱོད་དྲ་བའི་འབྲེལ་ཐག་སེམས་ནས་འཐེན།།
གཡར་བའི་ལུས་གོག་གནས་པོར་བཅོལ་ནས་རེ་བ་རི་བོའི་རྒྱབ་ལ་ཕྱོགས།།
མཁོ་བ་སྣ་དགུའི་འགབ་ནས་བཙུགས་ཀྱང་ཡ་སོས་མ་མཆུ་བསྡམས་གྱིར་ནས།།
དེ་རིང་ཐོག་ལ་སེང་ཉིན་བཞགས་པ་ཆོས་དཔལ་གྱི་ལྷ་ས་རུ།།
ལྷན་འཛོན་ཡོང་བའི་རྨི་ལམ་རིང་མོ་མི་ཐོག་འདི་ཡི་སྙིང་ནད་དེ།
ཁྲ་ཞིང་ལྡེམ་པའི་ཁྱེད་ཀྱི་ལངས་ཚོ་ནག་པང་ངོས་ཀྱི་ས་སྨྱུག་ལ།།
འཐམ་ནས་འཐུམ་པ་སོན་རྩའི་ལོས་ཤེས་ན་མཉམ་ཁྲོད་ཀྱི་རྒྱུ་སྐར་མ།།
བྱ་སྤྲེལ་གཏན་རྒྱུད་མངོན་པོར་འཁྲབ་སའི་རི་ངོགས་རྡ་སའི་གར་སྟེག་ཐོག།།
སྨོན་པ་ཤོར་པས་ཆ་འཕྲིན་གླུ་ཆུང་ཐ་ལ་དྲུག་འགྱུར་ངག་གིས་དྲངས།།
དུས་འགྱུར་བཤད་ཁ་རླུང་ལ་ཞོན་ནས་སྲིད་པ་མགོ་རྟིང་སློགས་ཀྱང་རུང་།།
འདོད་ཡམས་དུག་ཆུས་ཚ་བླབས་ཁྲོད་ནས་ཕ་སྤུན་ནང་འཁྲིག་བརྒྱབ་ཀྱང་ཆོག།།
རྡ་སའི་གླིང་ལོག་ཟླ་བ་མར་ངོ་མོག་པོར་གྱུར་བའི་སྔ་བལྟས་བཅས།།
གནམ་ས་ཆ་ལངས་ཅི་ལྟར་བརྡབས་ཀྱང་སེམས་འདི་འཕྱོངས་རྒྱས་བང་སོར་དབང་།།
དེ་རིང་ཐོག་ལ་སེང་ཉིན་བཞགས་པ་ཆོས་༼ འཁོར་ ༽དཔལ་གྱི་ལྷ་ས་རུ།། ཞེས་བཅོ་རོགས། འདི་ནས་༼འཁོར་ཆད་འདུག
དྲ་གྲོགས་རྣམ་པ་ལགས། ཉིན་འདི་འགར་གནམ་ལྩགས་ཞེས་པའི་མིང་ཐོག་ནས་མཆན་བུ་འདེབས་མཁན་ཞིག་སླེབས་ཀྱི་ཡོད་པ་དེ་སྔོན་མའི་ཡོངས་གྲགས་ཀྱི་གནམ་ལྕགས་ང་རང་མིན་པའི་གསལ་བསྒྲགས་ཞུས་པ་ཡིན། ཡོངས་གྲགས་ཀྱི་གནམ་ལྕགས་ངའི་མིང་འདི་ལོ་ངོ་བཅུ་གཅིག་གི་ཡར་སྔོན་ཏེ་ང་རང་བོད་ན་ཡོད་དུས་ནས་བེད་སྤྱོད་བཏང་བ་ཡིན་ན། དྲ་གྲོགས་མང་བོ་ཞིག་གིས་ཀྱང་ཤེས་ཀྱི་ཡོད། དེ་གཞན་གྱིས་ངེས་མེད་དུ་བེད་སྤྱོད་བྱ་འདོད་ན་ཏོག་ཙམ་མི་གཅིག་པའམ་ས་མིང་ཁྱིམ་མིང་ཞིག་མཉམ་དུ་སྦྱར་ཏེ་འབྲི་རོགས། མདོར་བསྡུས་ན་འུ་གཉིས་ལ་དབྱེ་བ་ཞིག་ཡོད་པའི་རྟགས་ཤིག་འབྲི་རོགས་ཞུ་རྒྱུ་ཡིན།
གནམ་ལྕགས་སམ་ལྷ་ཆབ་སྦྱིན་པས།
དྲ་གྲོགས་རྣམས་པ་ཚོར་གུས་མོས་དུས་ཐོག་སླེབས་མ་ཐུབ་པར་དགོངས་གལ་མེད་པ་ཞུ།
བཀུར་འོས་ཆོས་གྲུབ་ལགས་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
བཀུར་འོས་ཀླུ་གར་བྱམས་ལགས། ཉིད་ཀྱིས་སྙན་རྩོམ་སྙན་པོ་ཞིག་ལེགས་སྐྱེས་གནང་འདུག་པར་ཐུགས་རྗེ་ཆེ།
བཀུར་འོས་ལྷ་ཆབ་སྦྱིན་པ་ལགས། ཉིད་ཀྱིས་གང་གསུངས་པ་རྟོགས་སོ། ཐུགས་རྗེ་ཆེ།
བོད་རིགས་ཀྱི་གཅེས་ནོར་ནི།
འཛམ་གླིང་འདི་ཡི་ནང་ལ། །
ཆོས་དང་རིག་གཞུང་ཡང་རྩེར། །
ཡོད་པའི་བོད་རིགས་ན་གཞོན། །
སེམས་ཤུགས་ཆག་དགོས་མེད་ཀྱང་། །
ཆོས་དང་སྐད་ཡིག་ཉམས་ན། །
བོད་རིགས་ཡོངས་རྫོགས་ངོ་ཚ། །
ཡ་རབས་ཁོར་ཡུག་ཉམས་ན། །
བོད་དང་འཛམ་གླིང་ཉམས་པ། །
ཀརྡོ་ང་ཡིས་འདོད་ལགས།
འདི་ལོ་ནས་ཤེས་ཡོན་སྲིད་ཇུས་ལག་ལེན་སྟར་རྒྱུ་དེ་ཤུགས་ཇེ་ཆེ་རེད་འདུག
མ་ཟད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཤེས་ལྡན་པ་མང་པོས་ཤུགས་སྐྱོན་བཞིན་འདུག་པས་སྐྱོན་རང་ཨེ་ཡོད་ལགས།
ཕ་ལོ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་གྲུ་འཛིན་ཞིང་གི་ལྷ་ཡི་རྒྱུད།།
མ་ལོ་བྲག་གི་སྲིན་མོར་འབོད་པ་ཤ་ཁྲག་རོལ་བའི་གཏུམ་པོའི་རྒྱུད།།
ལྷ་དང་སྲིན་མོའི་གཉེན་བསྡེབས་བར་ནས་འཛིན་མ་ཆེན་མོའི་ལ་ཡི་རྩེར།།
གདོང་དམར་པ་ཞེས་དཔའ་ཞིང་འཛངས་པའི་སྤྲེལ་སྲིན་རྒྱུད་ཀྱི་སྙན་པ་འབར།།
བཀུར་འོས་ཨ་འདུས་མིག་ཆུ་ལགས།
སྐུ་ཉིད་ཕེབས་པར་ཐུགས་རྗེ་ཆེ།
ཉིད་ཀྱི་ཟིན་བྲིས་སྟེང་ནས་ཆ་ཚང་མཇལ་བ་ཡིན་ལ་ཧ་ཅང་སྙན་པོ་བྱུང།