ཀླུ་སྨྱོན་ཧེ་རུ་ཀ
འདི་ནི་ཨ་རིའི་སྦ་སི་གྲོན་གྲོང་ཁྱེར་གྱི་སྲང་ལམ་དུ་སྡོད་པའི་སྤྲང་པོ་ཞིག་གི་པར་རེད།
ཁྱེད་ཅག་མང་པོ་ཞིག་གིས་ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་མོའུ་པ་སན་གྱི་ Maupassant་སྒྲུང་གཏམ་སྐད་གྲགས་ཅན་”བདག་གི་ཁུ་བོ་ཡུ་ལིས་”ཞེས་པ་དེ་བཀླགས་ཡོད་ཀྱི་མ་རེད། སྒྲུང་གཏམ་དེའི་ནང་དུ་ཧྥ་རན་སིའི་བུ་ཞིག་གི་ཁུ་བོ་ཡུ་ལིས་ཞེས་པ་འཚོ་བ་དོན་གཉེར་ལ་སྤྲོ་སྣང་མེད་པ་ཞིག་ས་གནས་གཞན་ཞིག་ཏུ་བསྐྱོད་པའི་གྲུ་གཟིངས་ཤིག་གི་སྟེང་དུ་བསྐྱལ་ནས་རྒྱང་འཕུད་ལ་བཏང་ཞིང་། ལོ་ངོ་འགའི་རྗེས་སུ་ཁོ་ཚོར་ཁུ་བོ་ཡུ་ལིས་ཀྱི་ཡི་གེ་ཞིག་འབྱོར་བའི་ནང་ཁོང་གིས་ཚོང་བརྒྱབ་ནས་ཕྱུག་པོར་གྱུར་ཡོད་ཅིང་། ཕྱིར་ལོག་ནས་ནང་མིར་ཆད་པའི་བུ་ལོན་འཇལ་རྩིས་ཡོད་ལུགས་ཀྱང་བྲིས་ཡོད་པས། ཁྱིམ་མི་གང་བོ་དགའ་བ་འབུམ་གྱིས་མྱོས་ཤིང་ཐ་ན་ནམ་རྒྱུན་ཡུ་ལིས་ལ་ཁ་རྡུང་རྒྱུན་ཆད་མེད་པར་བཏང་མྱོང་བའི་ནང་གི་ཨ་མས་ཀྱང་ཡུ་ལིས་འདི་མི་རེ་བ་ཅན་ཞིག་རེད་ཅེས་བསྟོད་བསྔགས་བཏང་། ཡིན་ན་ཡང་རྗེས་སུ་ཁོ་ཚང་གི་ཁྱིམ་མི་ཚང་མ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་གྲུ་གཟིངས་ཤིག་ལ་བསྡད་དེ་ས་ཆ་གཞན་ཞིག་ཏུ་སྐྱོད་དུས། བྱིས་པ་ཆུང་ཆུང་དེས་བསམ་པའི་ཡུལ་ལ་ཡང་མེད་པ་ཞིག་སྟེ། ཁོའི་ཁུ་བོ་ཡུ་ལིས་ཀྱིས་ཧ་ཅང་རྒས་ཤིང་འཁོག་པའི་ངང་གྲུ་སྟེང་དུ་ཉ་དང་སྡིག་སྲིན་བཙོང་སྟེ་ཉམ་ཐག་གི་འཚོ་བ་རོལ་བཞིན་པ་མཐོང་བྱུང་བས། ཁྱིམ་མི་ཚང་མ་ཧ་ལས་ཧོན་འཐོར་བྱུང་སྟེ་མྱུར་དུ་ཁོ་ལ་བྱོལ་ཐབས་ཆེད་གྲུ་གཟིངས་བརྗེས་ནས་ལོག་ཡོང་བའི་སྐོར་གྱི་སྐྱོ་སུྒྲང་ཞིག་རེད། ངའི་གྲོགས་པོ་ཨ་རི་བ་ལ་ལའི་མི་ཚེ་ཡང་ཡུ་ལིས་ཀྱི་མི་ཚེ་དང་འདྲ་བོ་འདུག་པ་འདི་ལྟ་སྟེ།
དེ་ནི་ཕལ་ཆེར་ལོ་ངོ་བརྒྱད་ཀྱི་ཡར་སྔོན་གྱི་ཉིན་ཞིག་ཡིན། ཉི་འོད་སེར་པོ་ཞིག་འཕྲོས་ཡོད་ནའང་གནམ་གཤིས་ཧ་ཅང་གྲང་བས། ལྷ་ཁང་གི་བྱ་འདབས་སྟེང་བབས་པའི་བྱེའུ་ཚོའི་ཅ་ཅོའི་སྒྲ་ཡང་འདར་ཞིང་གཅོམ་ སྐྱུང་ངང་གྲག་བཞིན་ཡོད། ལྷ་ཁང་གི་མདུན་སྒོ་ཕྱེ་བ་ན་ངས་མི་ཞིག་སྒོའི་ཕྱི་ལོགས་ཀྱི་རྐུབ་སྟེགས་རིང་ པོ་དེའི་སྟེང་དུ་ཙོག་བསྡད་ཡོད་པ་མཐོང་ཞིང་། ཁོའི་མགོ་སྐྲ་དང་སྨྲ་ར་ཆལ་ཆོལ་དུ་གཟེངས་པ་དང་ལུས་ཀྱི་གྱོན་པ་དག་ནི་ཧྲལ་ཧྲལ་ དང་དྲི་ངན་འཐུལ་བ་ཞིག་འདུག་ལ། ད་དུང་མཛུབ་མོ་དག་ཆེ་ཞིང་སྨུག་པོར་གྱུར་ཡོད་པའི་རྐང་མགོར་ལྷམ་གྱོན་མི་འདུག
ངས་དབྱིན་སྐད་ཀྱིས། གྲོགས་པོ་ཁྱེད་ཀྱིས་སུ་འཚོལ་བ་ཡིན་ཞེས་དྲིས་པ་ན། ཁོས་ཧ་ཧ་ཧ་ཞེས་གད་མོ་ཞིག་དགོད་ཞོར་ངས་སངས་རྒྱས་འཚོལ་བ་ཡིན་ཟེར། དྲི་ལན་ཐུང་ཐུང་འདི་ཐོས་རྗེས་ངའི་སེམས་ནང་ཨ་རིའི་སྐྱིད་སྣང་རིང་ལུགས་པའི་ ཚོགས་མི་དག་གི་བྱ་སྤྱོད་ཅིག་དྲན་པར་བྱས་པས། ལམ་སེང་། ཨོ། ཡག་པོ་རེད། སངས་རྒྱས་ལྷ་ཁང་ནང་ན་མེད་པར་ཁྱེད་རང་གི་སེམས་ནང་དུ་ཡོད་པ་རེད་ཅེས་པའི་ལན་ ཞིག་བརྒྱབ་པ་ཡིན་ལ། དེ་རྗེས་སྐད་ཆ་འགའི་ཁྲོད་ནས་ངས་ཁོའི་མིང་ལ་རྗོར་རྗེ་ཟེར་བ་དང་ཁོའི་ཆུང་མ་སེ་དང་མཉམ་དུ་སྐབས་རེར་ནགས་གསེབ་དང་ལན་རེར་མཚོ་ འགྲམ། ཡང་མཚམས་རེར་སྤྱི་གླིང་དང་དེ་མིན་རླངས་འཁོར་རྙིང་པ་ཞིག་ཡོད་པའི་ནང་དུ་ཉལ་ནས་འཁྱམ་ཉུལ་གྱི་འཚོ་བ་སྐྱེལ་མཁན་ཞིག་ཡིན་པ་ཤེས་སོང་།
ཉི་ མ་དེ་ནས་བཟུང་རྗོར་རྗེ་དང་ཁོའི་ཆུང་མ་གཉིས་སེ་ར་གཉིས་ང་ཚོའི་ལྷ་ཁང་གི་ནང་དུ་ ཆོས་ཞུ་བ་དང་སྒོམ་སྒྲུབ་བྱེད་པར་རྟག་ཏུ་བསླེབས་མཁན་གྱི་གྲས་ཤིག་ཏུ་གྱུར་ ཅིང་། རྗོར་རྗེ་ཡང་རིམ་བཞིན་རྐང་མགོ་ན་ལྷམ་ཡོད་པ་དང་ལུས་སྟེང་ན་དྲེགས་པ་མེད་པའི་ཨ་རིའི་མི་ རྒྱུན་ལྡན་པ་ཞིག་ཏུ་གྱུར་མགོ་ཚུགས། རྗོར་རྗེ་ནི་ཕོ་གསར་གྱི་ན་ཚོད་ཡོལ་ཙམ་པའི་མི་དར་མ་གཟུགས་སྟོབས་ཆེན་པོ་ཞིག་ ཡིན་པས། ནམ་རྒྱུན་འདི་གའི་ལྷ་ཁང་གི་གཙང་སྦྲ་དང་ཅ་ལག་དབོར་བ་སོགས་ཀྱི་ཐད་དུ་ལས་ཀ་ བྱེད་མཁན་ཡག་པོ་ཞིག་ཏུ་གྱུར་སོང་ལ། སྐབས་རེར་ལེ་ལོ་འཕར་ནས་ཉི་མ་འཁྱོལ་ཐབས་ཀྱི་ལས་ཀ་ཙམ་ལས་མི་བྱེད་པའི་དུས་ཀྱང་ ཡོད།
ལོ་ངོ་འགའི་རྗེས་སུ་རྗོར་རྗི་ཡིས་ ལྷ་ཁང་ནས་ཐག་ཉེ་སའི་ཅ་ལག་རྙིང་པའི་ཚོང་ཁང་ཞིག་ཏུ་ལས་ཀ་ཞིག་རག་རྗེས་ཨ་སྒོར་ སྟོང་ཕྲག་བཅུ་གསུམ་སྤྲད་དེ་རླངས་འཁོར་དམར་པོ་ཆེ་ཞིང་ལྗིད་ཁོག་ཚ་བ་གསར་རྐྱང་ ཞིག་ཀྱང་ཉོས་པ་དང་། ཟླ་འགའི་རྗེས་སུ་འདི་གའི་ཆོས་ཚོགས་པ་འགའ་དང་མཉམ་དུ་རྒྱ་གར་དང་བལ་ཡུལ་ལ་གནས་ སྐོར་དུ་ཡང་བསྐྱོད་སོང་ལ། ངས་ཁོར་ང་ལ་མཁོ་བའི་མཆོད་ཆས་ཁ་ཤས་ཤིག་བལ་ཡུལ་ནས་ཉོ་རྒྱུ་ཡང་མངགས་པ་ཡིན དེ་དུས་བལ་ཡུལ་ནས་བོད་པའི་མི་ཚང་ཕྱུག་པོ་ཞིག་གི་བུ་མོ་ཨ་རིར་འགྲོ་འདོད་ཡོད་ པ་ཞིག་ཁོར་ཨ་སྒོར་ཁྲི་གཅིག་སྤྲད་དེ་མནའ་མར་ལེན་རྒྱུའི་གན་རྒྱ་བཞག་ཅིང་། ཐོག་མར་ཨ་སྒོར་ལྔ་སྟོང་ཁོ་ལ་སྤྲད་པ་དེ་ཁོའི་མི་ཚེའི་ནང་ཨ་སྒོར་དེ་ཙམ་འབོར་ ཆེན་ཞིག་ལག་པར་བཟུང་པར་ཐེངས་དང་པོ་རེད་འདུག
རྒྱ་ གར་ནས་ཕྱིར་ཨ་རིར་བསླེབས་རྗེས་རྗོར་རྗེ་ཡི་གཏམ་སྤྱོད་ལ་འགྱུར་བ་ཅུང་ཟད་ཅིག་ ཐེབས་འདུག དེ་ཡང་ཁོས་ཁོ་ནི་བླ་མ་ཆེ་གེ་མོའི་ནང་མིར་གྱུར་ཚར་ཡོད་པ་མ་ཟད། ད་ཚོད་འདིར་ཁོར་གྲུབ་པ་ཐོབ་ནས་ཧ་ལམ་གནམ་ལ་འཕུར་འདོད་ཡོད་ན་འཕུར་ཆོག་ཆོག་ཅིག་ཡིན་ པ་འདྲ་བོ་ཡང་བརྗོད་སོང་། དེ་བཞིན་ཁོའི་ལག་པ་གཉིས་ཀྱི་སོར་མོའི་རྩེ་རུ་ཡང་གང་ནས་བསླེབས་པ་མི་ཤེས་པའི་ མ་བྱིན་ལེན་གྱི་གདོན་འདྲེ་ཞིག་འགོས་ནས་ཆོས་ཚོགས་པ་ཞིག་གི་ཁྱིམ་ནང་གཙང་མ་ བཟོ་དུས་བུད་མེད་ཀྱི་གྱོན་ཆས་དང་ཅ་ལག་བླུགས་ས་ཞིག་བསྔོགས་ཏེ་མགོ་མཇུག་བསློགས་ ཡོད་འདུག
ད་དུང་ཆོས་ཚོགས་ཀྱི་བུ་མོ་ལོ་ ཆུང་ཚོར་ལག་པ་འཆང་བ་སོགས་བརྙས་བཅོས་སམ་འདོད་ཆགས་ཀྱི་རྣམ་འགྱུར་སྟོན་རྒྱུ་ལ་ ཡང་འཚེར་སྣང་མེད་པ་ཞིག་ཏུ་གྱུར་འདུག་པས། རིམ་བཞིན་རྗོར་རྗེ་སྔོན་མའི་ངེས་གཏན་མེད་པའི་ལམ་ཁ་དེར་བསྐྱོད་རྒྱུར་ཐག་མི་ རིང་བ་ཞིག་ཆགས་སོང་ལ། ཟླ་འགའི་རྗེས་སུ་ཆོས་ཚོགས་ཀྱིས་ཤོག་བུ་དཀར་པོའི་སྟེང་དུ་སྣག་ཚ་ནག་པོས་རྗོར་རྗེ་ཡི་བྱ་སྤྱོད་ལ་ང་ཚོས་འགན་ལེན་མི་ཐུབ་པས། ཆོས་ཚོགས་པ་དག་གི་བདེ་འཇགས་ཀྱི་ཆེད་དུ་དམིགས་ཏེ་ད་ནས་བཟུང་རྗོར་རྗེ་ཆོས་ཚོགས་ འདིར་ཡོང་མི་ཆོག་པའི་ཡི་གེ་ཞིག་བྲིས་ཏེ་ཁོར་སྤྲད་སོང་བས། ཉི་མ་དེ་ནས་བཟུང་རྗོར་རྗེ་ཡི་མི་ཚེར་ཡང་སྐྱར་ཚོན་མདངས་མི་འདྲ་བ་ཞིག་བྱུགས་ སོང་།
དུས་ཚོད་དེ་ཙམ་ཞིག་ནས་བཟུང་སྟེ་གེགས་དང་ཆག་སྒོས་དེད་པའི་རྗོར་རྗེ་ཉེ་འཁོར་འདིར་དེ་ཙམ་མཐོང་རྒྱུ་མེད་པར་གྱུར་སོང་ལ། ཆོས་ཚོགས་པ་དག་གི་ཁ་ནས་ཀྱང་རྗོར་རྗེ་ཡི་སྐོར་གླེང་སློང་བྱེད་པ་དེ་ཙམ་ཐོས་རྒྱུ་མི་འདུག ཡིན་ན་ཡང་། དབྱར་ཁ་ཤར་ཐེངས་རེ་རེར། སྐབས་རེར་སྤྱི་ལེ་ཕྱེད་ཀ་ཞིག་གི་ས་རུ་ཡོད་པའི་མཚེའུ་ཞིག་གི་ཉེ་སྐོར་དུ་ཤིང་སྡོང་ཆེན་པོ་ཁག་ཅིག་སྐྱེས་ཡོད་པའི་གྲིབ་བསིལ་འོག་ཏུ། མཚམས་རེར་རྗོར་རྗེ་ཡིས་ཉལ་ཆས་མཐུག་པོ་རེ་གྱོན་ནས་ཉལ་བསྡད་ཡོད་པ་མཐོང་རྒྱུ་ཡོད་ཅིང་། སྐབས་རེར་ཨ་རག་གི་དྲི་མ་འཐུལ་ལེར་ལམ་ཁ་རེ་ནས་གད་མོ་དགོད་ཞོར་དང་ཁེར་ལབ་བྱེད་བཞིན་འཁྱར་འཁྱོར་ངང་འགྲོ་བཞིན་པ་མཐོང་རྒྱུ་འདུག
ཁ་སང་ནི་ཉི་འོད་རེས་དྲོ་སྤྲིན་པ་ རེས་འཐིབ་ཀྱི་ཉི་མ་ཞིག་རེད། ང་དང་ཨ་མདོའི་ཡུ་མོ་ཞིག་གིས་ལྕགས་རྟ་ཞོན་ནས་མཚོ་འགྲམ་གྱི་བྱེ་ཐང་དབྱར་ཁར་ མཛེས་མ་མང་པོས་དམར་ཧྲེང་ངང་རྐུབ་དང་མྱོས་བུམ་ཉི་མར་ལྡེ་ས་དེར་ཕྱིན་པ་ཡིན་ ཞིང་། བྱིས་པ་མང་པོས་བྱེ་མའི་ཁང་བུ་རྩེག་བཞིན་ཡོད་པ་མཐོང་ཐེངས་རེ་རེར་ངའི་སེམས་ ནང་སྤྱོད་འཇུག་ལས། བྱེ་མའི་ཁང་བུ་བརྡིབས་པ་ན། །བྱིས་པ་རྣམས་ནི་ག་ཤེད་ངུ་། །ཞེས་པ་དེ་དྲན་ཡོང་ཞིང་། ངེད་གཉིས་ཤིང་སྡོང་ཞིག་གི་འོག་ཏུ་ཡོད་པའི་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད་དེ་རྒྱ་མཚོའི་འཁྱིལ་ཁུག་དང་དེའི་ཕ་རོལ་གྱི་རི་ཚོགས། མཚོ་ངོས་སུ་གཡེང་བཞིན་པའི་གྲུ་ཆུང་དང་ཐག་རིང་རྒྱ་ནག་སོགས་སུ་སྐྱོད་བཞིན་པའི་ ཟོང་སྐྱེལ་གྲུ་ཆེན། མཚོ་འགྲམ་གྱི་མི་ཚོགས་དང་མཚོ་ཁའི་རྦ་རླབས་སོགས་ལ་མྱོང་རོལ་བྱེད་བཞིན་བསྡད་ པ་ཡིན་ཞིང་། ངེད་གཉིས་ཀྱི་སེམས་ནང་དུ་མི་གཙང་བའི་ཚོར་བ་ཅི་ཡང་མེད་པ་ནི་ལྷ་གོང་མས་སྤྱན་ གྱིས་གཟིགས་ཤིང་ཐུགས་ཀྱིས་མཁྱེན་ཡོད་པ་ཞིག་རེད།
སྐབས་ ཤིག་ལ་ངས་གློ་བུར་དུ་ངེད་གཉིས་སྡོད་ས་ནས་ཐག་མི་རིང་བའི་ས་རུ་གྱོན་པ་རྫོབ་ པོ་གྱོན་ཞིང་མགོ་སྐྲ་གཟེངས་པའི་མི་ཞིག་གིས་གད་སྙིགས་བླུག་སྣོད་རེ་རེའི་ཁ་ ཕྱེས་ནས་ལག་པ་བརྐྱངས་ཏེ་གཞན་གྱིས་གཡུགས་པའི་ཟས་ལྷག་བསྔོགས་ནས་ཅི་ཞིག་བཟའ་བཞིན་པ་མཐོང་བྱུང་ལ། ཐོག་མར་དེ་ནི་ཨ་རིར་མཚོན་ན་སྤྲང་པོ་གད་སྙིགས་སྔོགས་མཁན་དང་བཟའ་མཁའ་ཡོད་པ་ ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས་དོ་སྣང་དེ་ཙམ་མ་བྱས་ཀྱང་། ཚོར་བ་ག་གེ་མོ་ཞིག་གིས་བསྐུལ་ནས་ཡང་སྐྱར་ལན་གཅིག་བལྟས་པ་ན། ཨ་ཧོ། གད་སྙིགས་བཟའ་བཞིན་པ་དེ་ནི་ངའི་ངོ་ཤེས་རྗོར་རྗེ་ལགས་རེད་འདུག ཁོའི་གོན་པ་དྲེགས་པས་འཚོས་ཤིང་རྒྱབ་ཁུག་མདོག་ཡལ་བ་ཞིག་ཁུར་འདུག སྐྲ་དང་སྨྲ་ར་ཡང་ཁོའི་ན་ཚོད་དང་མི་འཚམས་པར་གང་འཚམ་ཞིག་དཀར་པོར་གྱུར་ཚར་ འདུག་ལ། གདོང་ལ་གཟི་མདངས་མེད་ཅིང་མིག་ལ་ཡང་འོད་སྣང་དེ་ཙམ་མི་འདུག ཁོས་ངལ་བ་མེད་པར་གད་སྙིགས་ལྕགས་སྒམ་རེ་རེ་སྔོག་བཞིན་ཡོད་པ་དང་། ཁོའི་མི་ཚེའི་བསྡུས་གཟུགས་ཧྲིལ་བོ་ཞིག་ཀླད་པའི་ནང་ཤར་ཞིང་སེམས་ཁོང་དུ་འཁྱུག་བྱུང་བས། ངའི་མིག་མཐར་མཆི་མ་འཁོར་ཞིང་ཁོ་ལ་སྙིང་རྗེ་བའི་བསམ་ཚུལ་ཞིག་འགོག་མེད་དུ་ སྐྱེས་སོང་། ཡིན་ན་ཡང་། ངས་ཁོ་ལ་ཅི་ཞིག་སྤྲོད་དམ། ངས་ཁོ་ལ་ཅི་ཞིག་བརྗོད་དམ། ་་་ ་་་
བདག་གི་ཁུ་བོ་ཡུ་ལིས་ཞེས་པའི་སྒྲུང་གཏམ་དེ་དབྱིན་ཡིག་སྟེང་ཀློག་ན་འདིར་སྣུན། བདག་གི་ཁུ་བོ་ཡུ་ལིས།
བཀུར་འོས་སྐུ་ཞབས་ཀླུ་ལགས། ཉིད་ཀྱིས་ཨ་མདོའི་བུ་མོ་ཞིག་ཁྲིད་ནས་དབྱར་དུས་མཛེས་མ་མང་པོས་དམར་རེངས་མར་རྐུབ་དང་ནུ་མ་ཉི་མར་ལྡེ་སའི་མཚོ་འགྲམ་མྱུལ་སྐོར་བཤད་རྗེས་ཡང་ངེད་གཉིས་ཀྱི་སེམས་ལ་མི་གཙང་བའི་ཚོར་བ་ཅི་ཡང་མེད་ལུགས་ནན་བཤད་བྱེད་དགོས་ཅང་ཨ་ཡོད། མི་ཁར་སྐྲག་པ་ཡིན་ནམ་ཡབ་ན་ཁ་མཆུར་འཇིགས་པ་ཡིན།
མཚོ་འགྲམ་དེ་ན་ཁྱེད་གཉིས་ད་སྐྱིད་པོ་འདུག་སྟེ་ཇོར་རྗེ་ངོ་མ་སྙིང་རྗེ།
ཡག་པོ་འདུག དེའི་སྟེང་ནས་བསླབ་བྱ་ཞིག་ལེན་ཐུབ་སོང།
ངས་མཐོང་བའི་སྤྲང་འཁྱམ་རྗོར་རྗེ་ནི།
གད་སྙིགས་བླུགས་སྣོད་བསྔོག་བགྱིན་བསྔོག་བགྱིན། །
ཟས་ལྷག་འཐུང་ལྷག་འཚོལ་བགྱིན་འཚོལ་བགྱིན། །
ལུས་གོས་དྲི་ངན་འཐུལ་བགྱིན་འཐུལ་བགྱིན། །
གྲོང་འཁྱེར་སྲང་ལམ་ཉུལ་བགྱིན་ཉུལ་བགྱིན། །
མི་ཚེ་ཡོངས་རྫོགས་སྟོང་ཟད་འགྲོ་མཁན། །
དེ་དག་མཐོང་ཚེ་འཁོར་བའི་སྡུག་བསྔལ། །
ཁྱད་པར་ཕྱི་རྒྱལ་གྲོང་འཁྱེར་རྣམས་ཀྱི། །
ཉེས་དམིགས་མངོན་སུམ་མཐོང་བགྱིན་བསམ་བགྱིན། །
རང་ཡུལ་གངས་ཅན་འབྲོག་ས་དྲན་བགྱིད། །
ཧ་ཧ། རྗོར་རྗི་ལས་ངན་པོ།
དང་པོ་སྤྲང་བོའི་གོ་ས་ནས་མི་བཞག་པར་སྤྱི་ཚོགས་ནང་གི་མི་ཕལ་མོ་ནང་བཞིན་ཆགས་པ་དེ་ཀླུ་སྨྱོན་སྙིང་རྗེ་ཅན་གྱིས་བཀའ་དྲིན་ཡིན་ལ། བར་དུ་བལ་ཡུལ་དུ་སོང་ཏེ་སྒོར་མོ་གཟུང་ནས་བོད་མོར་འཁྲིད་པ་འདི་ཡང་ཀླུ་སྨྱོན་ཉམས་མྱོང་ཅན་གྱི་གདམས་ངག་ཟབ་མོ་ཞིག་ཀྱང་རེད།
ཐ་མ་ཆོས་ཚོགས་ནས་ཕུད་དེ་རང་ལམ་རྙིང་པ་མི་ཚོལ་ཁག་མེད་བྱུང་བ་དེ་ཡང་ཀླུ་སྨྱོན་དཔྱོད་ལྡན་ཁོང་གི་མི་འདིར་རིན་ཐང་མེད་པ་ཤེས་སོང་བ་རེད།
ཡང་མཐའ་མཚོ་ཁ་དི་རུ་མཇལ་འཕྲད་བྱུང་བ་ནི་སྒྲུང་དེ་ད་དུང་མཇུག་རྫོགས་མེད་པའི་རྟགས་རེད། ཨ་ཁུ་ཀླུ་སྨྱོན་གི་རྗོར་ཇི་དང་ཨ་མདོའི་བུ་མོ་གཉིས་པོ་ཡར་ཁྲིད་སྔོན་ལས་ཀྱི་ཁོང་གསུམ་ཀ་ཡར་ཁྲིད་མར་ཁྲིད་བྱེད་སྙིང་འདོད་གི་འདུག།
སྔོན་ལས་ཡ། སྔོན་ལས་ཁྱོད་ཀྱི་རྗོར་རྗི་ལས་ངན་པོ་དང་། ཀླུ་སྨྱོན། ཨ་མདོའི་བུ་མོ་སུ་ཡང་རེ་ཞིག་གུད་ཡང་སུ་གཏོང་བསམ་གི་མི་འདུག།
རྩོམ་ཡིག་འདི་སྤྱི་ཚོགས་མེ་ལོང་གི་ཁ་ཕྱོགས་དང་མཐུན་པས་ངས་ཚགས་ཤོག་ཏུ་འགོད་ཆོག་པའི་ཆོག་མཆན་ཞིག་འབྲེལ་ཡོད་མི་སྣ་ནས་སྟེར་རོགས།
གངས་དཀར་རྒྱལ་སྲས་ལགས། ཁྱེད་ཀྱིས་རྩོམ་འདི་སྤྱི་ཚོགས་མེ་ལོང་སྟེང་དུ་སྤེལ་ན་ཆོག