ངས་ནམ་རྒྱུན་ལྟར་བསམ་གཞིག་གི་རི་གྲོང་དམར་པོ་ནས་སེམས་པ་འདི་ལག་ལ་བླངས་ནས་བལྟས་པ་ཡིན། དེ་དུས་ངའི་སེམས་པ་ནི་མེ་ལོང་ཞིག་དང་ཀུན་ནས་མཚུངས། མེ་ལོང་འདིའི་ངོས་གང་ལ་གཏད་ན་དེའི་ཐག་རིང་ཐུང་དང་ཚད་མཐོ་དམན། ཞེང་གི་ཆེ་ཆུང་དང་མདོག་གི་ཡག་རྩོག་སོགས་མང་བོ་མང་བོ་ཞིག་རིམ་བཞིན་དུུ་ཤར་ནས་ཡོང༌། སྐབས་དེར་རང་གིས་གང་ཐུབ་ཅི་ཐུབ་ཀྱིས་དཔྱོད་ཤེས་ཀྱིས་བལྟས་པ་ཡིན། རང་གི་བ་ཚོད་ཐུབ་ཚོད་ཀྱིས་གཟུར་གནས་ཀྱིས་བལྟས་པ་ཡིན། ཕྱོགས་མང་བོ་ཞིག་ནས་བལྟས་ཡོང་ན་དྲང་བདེན་གྱི་ལོ་རྒྱུས་སྨྲ་བ་ནི་གསར་འགོད་པ་ཆགས་དགོས་ཀྱི་འདུག དེའི་རྒྱུ་མཚན་ནི་ཁ་སང་གི་གསར་འགྱུར་ནི་སང་ཉིན་གྱི་ལོ་རྒྱུས་ཆགས་ཀྱིན་ཡོད་པས་ཡིན། གསར་འགོད་པ་ཞིག་ཡིན་ཚེས་ཁོས་ངེས་པར་དུ་གླེང་དགོས་པ་ནི སྤྱི་ཚོགས་གང་ཞིག་དངོས་ཤུགས་གང་འདྲ་ཞིག་ལ་བརྒྱུད་ནས་ཡོང་བའི་ལམ་ཡིག་ལྟ་བུ།བདེན་པ་དང་ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་རེད། མ་གཞི་ལོ་རྒྱུས་ལ་དགོས་པ་འང་དེ་མ་ཡིན་ནམ། གསར་འགོད་པ་ནི་སྤྱི་ཚོགས་ཀྱི་སྒོ་ཁྱི་ཡིན་ཞེས་པའི་ཚིག་དེ་ལ་འང་གོ་རྒྱུ་མང་བོ་ཞིག་ཡོད་པར་འདོད། ཁོས་ནམ་ཡང་ཆེ་ས་ནས་མི་རིགས་ཀྱི་གནད་དོན་དང་ཆུང་ས་ནས་མི་སྒེར་གྱི་སྤྱོད་ལས་ལ་རྟག་ཅིང་དཔྱད་ནས་དོན་དངོས་སྟེང་ལོ་རྒྱུས་ཀྱི་ཡིག་ཚང་ཞིག་སྒྲིག་བཞིན་ཡོད། མྱི་ཁ་དང་འདུར་རྒྱུག་གི་བར་ན་སྒྲིག་བཞིན་ཡོད། བདེན་པ་དང་གནས་ལུགས་གཉིས་བརྡར་ནས་སྒྲིག་བཞིན་ཡོད། གསར་འགོད་པས་ཞོགས་སྔ་ལངས་ནས་སོ་སོའི་བསམ་བློའི་ནང་ལ་འཐུ་བཞིན་འདུག ལོ་རྒྱུས་ཀྱི་བྱེ་བྲག་མང་བོ་ཞིག་འཐུ་བཞིན་འདུག ཉིན་རེ་ནས་ཞག་རེར་ཟླ་རེ་ནས་ལོ་རེར་འཐུ་བཞིན་འདུག ལོ་རྒྱུས་ཀྱི་སྤྱི་ཁོག་ཅིག་འགྲུབ་པའི་ཆེད་དུ། སྤྱི་ཚོགས་ཀྱི་ངོ་གདོང་འདི་གཙང་བའི་ཕྱིེར་དུ། ཁོ་ཚོ་ནམ་ཡང་འདུར་རྒྱུག་གི་ཀློང་ན་ཡོད། བསམ་བློ་ཞིབ་མོ་རེ་བཏང་ན་དྲང་བདེན་གྱི་ལོ་རྒྱུས་སྨྲ་པ་ནི་གསར་འགོད་པ་བྱེད་ན་འོས་པ་ཞིག་མ་རེད་དམ། ཁོ་ཚོས་ཡུལ་དུས་གང་ནས་བྱུང་བ་དེ་བདེན་པའི་ངོས་ཐོག་ནས་མི་མང་ལ་བསྒྲགས་ཀྱིན་ཡོད། གལ་སྲིད་ཁོ་རང་གི་དེ་བདེན་པ་མིན་ཚེ་སྐབས་དེའི་སྤྱི་ཚོགས་དང་མི་མང་གིས་གནད་དོན་དེར་ཁ་རྡུང་དྲག་པོ་བཏང་ནས་དེ་ལས་ཀྱང་གསལ་བོ་ཞིག་ཆགས་ཀྱིན་ཡོད། དེ་བཞིན་གསར་འགོད་པས་བདེན་ལུགས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་ལྷུ་ལག་མང་བོ་སྒྲིག་གིན་ཡོད། ཡུལ་དུས་ཀྱི་བྲེལ་འཚུབ་ཀློང་ན་སྒྲིག་གིན་ཡོད། མི་མང་གི་ཁ་རྡུང་བར་ན་སྒྲིག་གིན་ཡོད། ཡོད་ཚད་སང་ཉིན་གྱི་ཆེད་དུ། དུས་རབས་ཀྱི་ངོས་ནས་བལྟས་ཡོང་ན་གསར་འགོད་པ་ནི་ལོ་རྒྱུས་ཀྱི་ཟིན་བྲིས་པ་ཞིག་བྱེད་དགོས་པར་འདོད། དྲང་བདེན་གྱི་སྨྱུ་གུ་བཟུང་བའི་ཟིན་བྲིས་པ་ཞིག་བྱེད་དགོས་པར་འདོད། མི་མང་གི་བདེ་སྡུག་གླེང་བའི་ཟིན་བྲིས་པ་ཞིག་བྱེད་དགོས་པར་འདོད། དངོས་ཡོད་ཀྱི་ཕྱོགས་སུ་ལངས་རྒྱུ་ནི་གསར་འགོད་པའི་དམ་བཅའ་ཡིན་དགོས་ལ། རང་འདོད་དུ་བསྟོད་གླུ་མི་ལེན་རྒྱུ་ནི་ཁོ་རང་གི་དམ་ཚིག་ཀྱང་ཡིན་དགོས། དམ་བཅའ་གན་དང་དམ་ཚིག་འདི་གཉིས་ཁྱེད་ཀྱི་གོམ་འགྲོས་དང་བསྟུན་ནས་ལག་ལེན་བྱེད་ཐུབ་ཀྱིན་ཡོད་ཚེ། ད་གཟོད་ཁྱེད་ནི་དུས་རབས་ཀྱི་གསར་འགོད་པ་དང་ལོ་རྒྱུས་ཀྱི་ཟིན་བྲིས་པ་ངོ་མ་ཞིག་ཆགས་ཡོད། སེམས་པ་གནས་ལུགས་ལ་བསྙེས་ཤིང་གོམ་འགྲོས་བདེན་ལུགས་སྟེང་བགྲོད་པའི་ལོ་རྒྱུས་ཀྱི་ཉིན་ཐོ་འབྲི་མཁན་རྣལ་མ་ཞིག་ཆགས་ཡོད། འདི་ནི་ངའི་ལུས་གསེང་ན་ཚ་ལམ་ལམ་རྒྱུ་བཞིན་པའི་ཟུངས་ཁྲག་དམར་པོའི་དུངས་ཞེན་ཡིན། འདི་ནི་ངའི་སེམས་ནང་ན་ཚ་ལྷོག་ལྷོག་གདུ་བཞིན་པའི་ན་ཟུག་ཅིག་གི་འབོད་སྐད་ཡིན། ན་ཟུག་འདིའི་འཁུན་གཟུགས་མེད་ཀྱི་གློག་རླབས་བར་ནས་ཕྱི་རོལ་ལ་ཤོར་དུས་ངའི་ཕྲག་ནས་སུ་ཞིག་གིས་མནན་པ་ཅི་བཞིན་སེམས་པ་འདི་སྔར་བཞིན་ལྗིད་དུག་གེར་འགྲོ་སོང༌། གོམ་ཁ་ལ་ཡང་ལྕི་ཤོར་ནས་འགྱེད་མ་ལངས་ཀྱིས་བསམ་གཞིག་གི་རི་གྲོང་དམར་པོ་དེར་འགྲོ་སོང༌། རི་གྲོང་དེ་ནི་ངས་འདི་ལྟ་བུའི་རྨི་ལམ་མང་བོ་གཏོང་ས་ཡིན།
རྩོམ་ཡིག་གནད་ལ་འཁེལ་བ་ཞིག་བྲིས་འདུག