ཉེ་ཆར་ ནུབ་གླིང་གི་བོད་ ཅེས་པའི་གསར་འཕྲིན་ཞིག་ཐོན་འདུག གསར་འཕྲིན་ནི་ བོད་ཀྱི་དུས་བབ་གསར་ཤོག་དང་ཆེ་ཆུང་གཅིག་ཡིན་པ་དང་། ཤོག་ངོས་བཞི་འདུག འདོན་ཐེངས་དང་པོ་དེ་ལ་ ༢༠༡༡ ལོའི་དཔྱིད་ཀའི་འདོན་ཐེངས་ཞེས་འཁོད་པ་དང་། ཁྱོན་བསྡོམས་རྩོམ་ཡིག་དྲུག་འཁོད་འདུག དེ་དག་ཀྱང་བོད་ཀྱི་ཆབ་སྲིད་ལ་འབྲེལ་བའི་གནས་ཚུལ་གཉིས། བོད་དོན་ལས་འགུལ་ལ་འབྲེལ་བའི་གནས་ཚུལ་གཉིས། བོད་རིག་པ་ལ་འབྲེལ་བའི་གནས་ཚུལ་གཉིས་བཅས་རེད་འདུག ཤོག་ངོས་བཞི་པའི་གཤམ་དུ་གསར་འཕྲིན་འདིའི་དམིགས་ཡུལ་ངོ་སྤྲོད་སྐབས། འདི་ནི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དར་སྤེལ་དང་། དེ་བཞིན་ནུབ་གླིང་གི་བོད་དང་འབྲེལ་བའི་གནས་ཚུལ་ངོ་སྤྲོད་ལ་དམིགས་པ་ཞིག་ཡིན་ཞེས་འཁོད་འདུག གསར་འཕྲིན་དུ་འཁོད་པའི་གནས་ཚུལ་ལྟར་ན། གསར་འཕྲིན་འདི་རྒྱ་གར་ཧི་མ་ཅཱལ་མངའ་སྡེར་དཔར་བསྐྲུན་བྱས་འདུག་ལ། འདོན་ཐེངས་འདིའི་སྦྱིན་བདག་ནི་ ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་བོད་ཀྱི་ཚོང་ཁང་དང་བཀྲ་ཀོ དཔལ་ལྡན་རྒྱལ། ཉི་ཟླ་རྒྱལ་བཅས་ཡིན་འདུག གསར་འཕྲིན་འདི་མངགས་ཉོ་བྱེད་པའམ་ཡང་ན་རྩོམ་ཡིག་བསྐུར་སྐབས་འབྲེལ་བ་བྱེད་སའི་ཁ་བྱང་ནི།
Tibet in the Western World
430 Irving St, NW #101
Washington DC 20010
USA
གློག་འཕྲིན་གྱི་ཁ་བྱང་ནི།
tibetinwest@gmail.com
ནུབ་གླིང་གི་བོད་མི་སྐུ་ཞབས་ཚེ་རིང་དོན་གྲུབ་ལགས་ཀྱིས་རང་གི་དུས་ཚོད་དང་འགྲོ་སོང་སོགས་བཏང་ནས་འདི་འདྲའི་གསར་འཕྲིན་ཞིག་བཏོན་པ་ནི་ཧ་ཅང་བསྔགས་འོས་ཤིག་རེད། ཨིན་ཇིའི་གཏམ་དཔེར། གང་ན་འདུན་པ་ཡོད་པ་དེ་ན་མདུན་ལམ་ཡོད། ༼Where there’s a will there’s a way ༽ ཅེས་པ་ལྟར། སྐུ་ཞབས་ཚེ་རིང་དོན་གྲུབ་ལགས་ཀྱི་འདུན་པ་དང་འདུན་པ་དེས་དྲངས་པའི་འབད་བརྩོན་འདིས་ བོད་ཀྱི་སྐད་ཡིག་ལ་ ལམ་གསར་པ་ཞིག་བཏོད་འདུག་ཅིང་། ལམ་འདི་ལ་བརྟེན་ནས་ རྩོམ་སྒྲིག་པའི་དམིགས་ཡུལ་ལྟར། ནུབ་ཕྱོགས་སུ་བོད་དང་བོད་ཡིག་གི་རླུང་རྟ་དར་བར་འགྱུར་བ་ནི་གདོན་མི་ཟའོ། དགེ་རབ་ཀྱིས་ངོ་སྤྲོད་ཀྱི་ཚུལ་དུ་བྲིས།
སྤྱིར་ཕྱིར་བསྡོད་བོད་རིགས་ཡིན་ན་བོད་ཡིན་པ་རེད་བོད་མའི་རིགས་གཞུང་བདག་པོ་རྒྱབ་དགོས་པ་ཞིག་རེད་ཡིན་ཡང་འདི་ནི་འོས་བའི་བྱ་བ་ཞིག་ཡིན་དུས་དེ་ལ་བསམ་ཚུལ་ཞིག་འབྲི་ཁུར་བྱས་ན་དེ་ནི་མི་རིགས་ཞིག་གི་ལར་གཞེན་ཟེར་ན་བོད་མི་རིགས་ཀྱི་ལས་དབང་འདི་གལ་ཆེན་འཛིན་མཁན་ཞིག་ཡིན་ང་ཚོས་ཡིད་རིང་བྱེད་ལས་གཞན་མེད་ཐུགས་རྗེ་ཆེ།
དངོས་གནས་ཡག་པོ་རེད་ཐུགས་རྗེ་ཆེ། ང་ཚོ་ཕྱི་སྡོད་བོད་མི་ཚོའི་བོད་ཡིག་ཡར་རྒྱས་ལ་འགྲོ་བར་ཕན་ཐོག་ངེས་ཅན་ཡོད་པ་རེད། མ་ཚད་ནུབ་གླིང་གི་གསར་འགྱུར་གལ་ཆེན་དང་མཚར་སྣང་ཅན་དེ་ཚོ་བཀོད་ན་དེ་བས་མངག་ཉོ་བྱེད་མཁན་མང་དུ་འགྲོ་བར་ཕན་པ་འདྲ།
ངོ་མ་ཡག་པོ་རེད་ཡ་་་ཁོང་ལྟ་བུ་མང་པོ་ཞིག་ནུབ་གླིང་ན་ཡོད་ན་ཇི་མ་རུང་་་་དེ་མིན་ནུབ་གླིང་དུ་ཡོད་པའི་བོད་མི་རེ་ཟུང་ནས་བོད་ཡིག་ཀློག་པ་དང་བོད་ཡིག་གི་ལས་ཀ་བྱེད་མཁན་དེ་ཚོ་ནི་ལྐུག་པ་ལྟ་བུར་བརྩི་བཞིན་པ་དེ་ཚོར་བརྡ་ཞིག་སྤྲད་འདུག་མོད་་་་་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུ་
ནུབ་གླིང་གི་བོད་ཀྱི་གསར་ཤོག་སོགས་བོད་ཀྱི་གསར་ཤོག་དང་། སྐད་ཀྱི་རིག་གནས་་ཡར་ངོའི་ཟླ་བ་བཞིན་དུ་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག
བོད་ཤར་ནུབ་ལྷོ་བྱང་དབུས་གང་གི་སྐད་དུ་འབྲི་བ་དང་གསར་ཤོག་སོགས་འདོན་པ་ན། བོད་སྤྱིའི་སྐད་དང་མཐུན་དགོས། འབྲི་མཁན་སོ་སོའི་ལུང་སྐད་ཤུགས་ཆེ་ཚེ། ལུང་པ་གཞན་པའི་མིས་གོ་མི་ཐུབ། སྐད་རྒྱབ་པ་ན་ཡང་ཆོས་སྐད་དེ། རིག་གཞུང་སྐད་དང་བསྟུན་ན། གཞན་གྱིས་གོ་སླ། ང་རང་ལ་ལོ་རྒྱུས་ཀྱི་ཉམས་མྱོང་ཞིག་ཡོད། དང་པོ་གཙང་ལ་༡༩༥༠ ནས་༥༧བསྡད་ནས་གཙང་སྐད་དང་ཆོས་སྐད་འདྲེས་མར་སྦྱངས། དེ་ནས་ལོ་མང་རྗེས་༡༩༨༧ལོར་བོད་ལ་སླེབས། བསམ་ཡས་སུ་བཙུན་ཆུང་ཞིག་གིས། མི་འདི་སྔ་མོ་ནས་ཕྱི་ལོགས་ལ་ཕྱིན་ནས་ད་ལྟ་བོད་སྐད་མི་འདྲ་བ་རྒྱབ་འདུག ཅེས་གཞན་དག་གིས་ལབ། ཅེས་བཤད། དེ་ནས་ལྷོ་ཁ་གྲ་ཕྱི་ལ་ཕྱིན། དེར་མི་བཞོན་པ་ཞིག་གིས་ཁྱེད་ཀྱི་སྐད་དེ་བོད་སྐད་མ་རེད་དེ། ཡིན་ན་ཡང་གོ་བདེ་བོ་ཞིག་འདུག་ཅེས་དང་། དེ་ནས་༢༠༠༦ ལོར་ཨ་མདོ་བིས་བདུན་གྲོང་ཡུལ་ཞིག་ཏུ་ཕྱིན། དེར་ང་ཡི་སྣེ་ལེན་པའི་ནང་གི་མ་དེས་ཁྱེད་ཀྱི་སྐད་གོ་སླ་བ་འདུག། བདག་གི་མཁྱིམ་མཚེས་པའི་མོ་ཡི་སྐད་དེ་ངས་ད་ལྟ་ཡང་ཧ་གོ་བ་མི་འདུག་ཅེས་བཤད་སོང་། མོ་རྒན་མོ་དེ་བོད་སྟོད་ནས་ཡིན་པ་བལ་ཡུལ་དུ་བྲོས། དེར་ཁྱོ་ག་ཨ་མདོ་བིས་བདུན་པ་ཞིག་དང་ཟ་ཚང་བྱས་ཁྱོ་གའི་ལུང་པར་སོང་སྟེ་ལོ་ཉི་ཤུ་ལོན་འདུག
བདག་གི་སྐད་བོད་ལུང་པ་གཞན་གྱི་མིས་གོ་ཐུབ་པ་ནི་ཆོས་སྐད་དང་བསྟུན་པའི་འབྲས་བུ་ཡིན། གལ་ཏེ་བདག་རང་གི་ལུང་པའི་སྐད་རྒྱབ་པ་ཡིན་ན། ལུང་པ་གཞན་དག་གི་མིས་གོ་དཀའ་བ་ཡིན་པ་ལ་ཐེ་ཚོམ་ཅི་དགོས། དེས་ན་གསར་ཤོག་དང་དུས་དེབ་སོགས་འདོན་པ་པོ་ཚང་མས་བོད་དང་བོད་ཀྱི་རིག་གཞུང་ལ་བཅོས་མ་མ་ཡིན་པའི་ཐུགས་གཅེས་ཡོད་པ་མཁས་པའི་དབང་པོ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་ཞབས་ཀྱི་གཤམས་གསལ་བཀའ་སློབ་དེ་ལ་རང་ཅག་ཚང་མས་གཅེས་སྤྲས་བྱེད་དགོས་པར་མཐོང་ནས་ཁ་བརྡ་སོགས་སུ་ཡང་ནས་ཡང་དུ་དགོད་པར་བྱ་དགོས་ཏེ། འདི་ལྟར།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབས་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འགྲོ་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་ལྟ་བུ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
ལྷ་ས་ཧོར་ཁང་སྤར་མ། ཤོག་གྲངས། ༣༢
ནུབ་གླིང་བོད་ཀྱི་གསར་ལས་པ་དང་དམིགས་བསལ་ལ་དྭགས་བློ་བཟང་མཆོག་ལ་བཀའ་དྲིན་ཞུ།
ལེགས་སོ།
ནུབ་གླིང་གི་བོད་ཅེས་པའི་གསར་ཤོག་དེ། བོད་གཞུང་དམངས་ཚོགས་ཆེན་ཐེངས་གཉིས་པའི་སྐབས། གངས་ཅན་སྐྱིད་གཤོངས་ནས་མཐོང་སོང་། འདོན་མཁན་གྱི་ངོས་ནས་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་དང་ལྷག་བསམ་རྣམ་དག་རེད། ཡིན་ནའང་། འགྲིམ་སྤེལ་བྱ་སའི་ཁོར་ཡུག་མེད་པས་ཡུན་རིང་གནས་ཐུབ་པ་ཁག་པོ་ཡིན་འགྲོ།
ཆོས་སྐད་དང་མཐུན་པའི་ཁ་སྐད་གཅིག་ཡོད་དམ་མེད། མེད་ན་མེད་དགོས་དོན་གསུངས་རོགས་གནོངས། ཡོད་ན་དེ་ཅི་འདྲ་ཞིག་རེད། ཡུལ་གང་དུ་དར་ཡོད། དེང་སང་སུའི་ཁ་སྐད་ཡིན་ནམ། དགེ་ཆོས་ལགས་དང་ལ་དྭགས་བློ་འཇམ་ལགས་གཉིས་ལ་འདྲི་འདོད་བྱུང་ལགས།
ནུབ་གླིང་བོད་ཅེས་ནུབ་བོད་གསར་འཕྲིན་ཞིག །
གསར་དུ་འདོན་སྤེལ་བྱས་པ་དགའ་བའི་གནས། །
གནས་དང་འཁོར་ཡུག་ཆུང་བ་བདེན་མོད་ཀྱང་། །
བདེན་པའི་གནས་ལུགས་བརྗོད་ལ་བདག་ཡི་རངས། །
ཆོས་སྐད་ཕལ་སྐད་ཡིག་སྐད་གང་། །
ག་མད་སུམ་བཅུའི་སྦྱོར་ལ་བརྟེན། །
དོན་གྱི་རང་བཞིན་དངོས་བརྗོད་ན། །
བརྡ་སྤྲོད་ངག་ལ་ཁྱད་པར་ཅི། །
རི་གཟར་རྦབ་རྡོ་གཡང་ལ་འགྲིལ་བ་བཞིན། །
བོད་དང་བོད་ཀྱི་རིག་གཞུང་ཡོད་ཚད་ཀུན། །
མར་ངོ་ཟླ་ལ་འགྲན་པའི་དུས་སུ་ནི། །
འདི་ནི་ཆུ་ཆེན་འགོག་པའི་རགས་དང་མཚུངས། །