ཀླུ་སྨྱོན་ཧེ་རུ་ཀ
གལ་སྲིད་ང་ལ་གཟའ་བརྒྱབ་ན།
མཐའ་ཀླས་པའི་སྐར་ཚོགས་དག་གི་ཕ་སར་གྱུར་པའི་ནམ་མཁའ་སྔོན་པོ་འདི་སྔར་བཞིན་མཐོང་ཐུབ་བམ།
སྐྱེ་དངོས་གྲངས་མེད་ཅིག་ལ་བརྩེ་བས་འཁྱུད་པའི་མགོ་ཐོག་གི་ཉི་མ་སེར་པོ་འདི་སྔར་བཞིན་འཆར་སྲིད་དམ།
གྲོང་ཁྱེར་གྱི་རྩིག་སྲུབ་གང་སར་ཁེངས་བསྡད་ཡོད་པའི་རྩྭ་ལྡུམ་རྒྱ་ཡན་པ་དག་སྔར་བཞིན་སྐྱེ་སྲིད་དམ།
བྱིས་པ་ཚོས་སྔར་བཞིན་ལོ་ངོ་སྟོང་ཕྲག་གི་རྩེད་ར་རྙིང་པ་དག་ཡང་སྐྱར་སྒྲིག་སྲིད་དམ།
གལ་སྲིད་ང་ལ་གཟའ་བརྒྱབ་ན།
ཧི་མ་ལ་ཡའི་སྒལ་གཞུང་ནས་བོད་མི་སྐྱབས་བཅོལ་བ་ཚོའི་རྐང་རྗེས་ཀྱིས་ཁྲག་གི་གཏམ་རྒྱུད་འབྲི་མཚམས་འཇོག་སྲིད་དམ།
གཙང་པོའི་འགྲམ་གྱི་གྲོང་ཚོ་དེ་དག་ལས་ཞོགས་ཟས་གཡོ་སྐོལ་གྱི་དུ་ཞགས་དཀར་པོ་དེ་སྔར་བཞིན་གྱེན་དུ་འཕྱུར་རམ།
ལོ་ངོ་ས་ཡ་དུ་མའི་འགྱུར་རྡོ་དག་ལས་ལོ་རྒྱུས་ཀྱི་གཟི་འོད་བར་མེད་དུ་འཕྲོ་ཐུབ་བམ།
རི་རྩེ་རུ་རླུང་གིས་སྐྱོད་བཞིན་པའི་རླུང་རྟ་དཀར་པོའི་རྣམ་ཤེས་ཀྱིས་སྔར་བཞིན་མིའི་རིགས་ཀྱི་བདེ་སྡུག་གླུ་རུ་ལེན་སྲིད་དམ།
གལ་སྲིད་ང་ལ་གཟའ་བརྒྱབ་ན།
དྲ་རྒྱ་དང་ཚགས་པར་གྱི་གྲུ་ཟུར་ནས་འཇུར་བཞིན་པའི་ཇག་ཚོགས་དང་སྨད་འཚོང་མའི་ཚོན་རྩི་ལས་དྲི་བཟང་གི་ས་རྡུལ་འབབ་སྲིད་དམ།
སློབ་ཆེན་སློབ་མ་ཚོའི་སྐྲ་འདབས་དང་མཆན་བར་ནས་རང་དབང་དང་ཐོབ་ཐང་གི་སྐྱར་དཔར་ཡིག་ཆ་རྙིང་ཧྲུལ་འགའ་ས་རུ་འཐོར་སྲིད་དམ།
ཚན་རིག་པ་དག་གིས་མིག་ཤེལ་གྱི་སྟེང་དུ་མིག་ཤེལ་བརྩེགས་ཏེ་དམག་འཁྲུག་ལ་ཇུས་འགོད་བྱེད་སྲིད་དམ།
དྭངས་གཙང་ཆུ་བོའི་བཞུར་རྒྱུན་ལས་ཉ་དང་སྡིག་སྲིན་གྱི་རྣམ་ཤེས་ལ་སྔར་མེད་པའི་ངལ་གསོ་ཞིག་ཐོབ་ཐུབ་བམ།
གལ་སྲིད་ང་ལ་གཟའ་བརྒྱབ་ན།
ངའི་རུས་པ་དག་ལོ་ངོ་སྟོང་ཕྲག་གི་རིང་ས་རྡུལ་དང་མཉམ་དུ་རང་ཉིད་ཀྱི་སྐྱེས་ས་དེར་འཐོར་སྲིད་དམ།
ངའི་སྐྲ་ལོ་དཀར་པོ་དག་མེ་ལྕེས་གཞོབ་ཐུལ་དུ་བསྲེགས་ཏེ་སྦྲིད་སྨན་ལྟ་བུའི་སྙན་ངག་གི་བརྗོད་བྱར་འགྱུར་སྲིད་དམ།
ངའི་དཔེ་དེབ་རྙིང་པ་དག་གི་གསེབ་ནས་ཨ་སྒོར་བརྒྱ་ལོར་འགའ་ངོ་མི་ཤེས་པའི་དཔེ་མཛོད་བདག་གཉེར་བ་ཞིག་ལ་ཐོབ་སྲིད་དམ།
ངའི་ཉལ་ཆས་ཀྱི་ལྟེབས་ཁུག་རེ་ཟུང་ནས་མཛེས་མ་ཞིག་གི་དྲི་བཟང་འཐུལ་བའི་གསང་དོར་ཁྲ་ཁྲ་ཞིག་ཕྱིར་མངོན་སྲིད་དམ།
གལ་སྲིད་ང་ལ་གཟའ་བརྒྱབ་པ་ཡིན་ན།
ངས་ཡུན་རིང་ཟས་ལྷག་གིས་གསོས་པའི་གྲོག་མ་ཉམ་ཆུང་དེ་ཚོ་རེ་རེ་བཞིན་བཀྲེས་ལྟོགས་ཀྱིས་འཆི་སྲིད་དམ།
ང་རང་ཟ་མ་ཞིམ་པོའི་མགྲོན་དུ་ཐེངས་མང་བོས་མྱོང་བའི་ཨ་མདོའི་ཞི་མོ་དེས་མིག་ཆུ་ཐིགས་པ་འགའ་གཏོར་སྲིད་དམ།
ལོ་ངོ་དྲུག་གི་རིང་བོད་ཡིག་བསླབས་སའི་ཞི་མོ་ཆུང་ཆུང་དེའི་མིག་ལམ་ནས་ངའི་རྒྱབ་གཟུགས་དེ་ཡལ་སྲིད་དམ།
རྩོམ་གྲོགས་འདང་ཆེན་རེ་འགའ་མཉམ་དུ་འཛོམས་ནས་ངའི་འདྲ་པར་སྐྱ་བོ་ཞིག་ལ་གདུང་མཆོད་ཀྱི་སྤྲ་ཚིལ་སྒྲོན་མེ་ཞིག་སྦར་སྲིད་དམ།
དྲ་གྲོགས་ཀླུ་སྨྱོན་རིན་པོ་ཆེ།
ཁྱེད་མེད་ན་ཀུན་ལ་ཁྱབ་པའི་སྙན་ངག་གི་ནམ་མཁའ་འདི་སུ་ཡིས་སྟོན།
ཁྱེད་མེད་ན་མཛེས་སྡུག་ལྡན་པའི་སྙན་ངག་གི་སྐྱེལ་ཚལ་འདི་སུ་ཡིས་སྲུང་།
ཁྱེད་མེད་ན་བཟོ་བཞིན་པའི་སྙན་ངག་གི་རྩེ་རྡོ་སུ་ཡིས་བསྒྲིག
ཁྱེད་མེད་ན་དགའ་སྡུག་གི་ཚོར་བ་རྣོ་བའི་སྙན་ངག་གི་འབྲི་མཚམས་སུ་ཡིས་སྐྱོང་།
ཁྱེད་མེད་ན་དྭངས་གཙང་ཆུ་བོ་ལྟ་བུའི་སྙན་ངག་གི་བཞུར་རྒྱུན་ལ་རོལ་བའི་ཉ་ལྕོང་ཚོར་བདེ་སྐྱིད་ཀྱི་ངལ་གསོ་སུ་ཡིས་སྟེར།
ཁྱེད་མེད་ན་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་སྙན་ངག་གི་རུས་པ་གང་དུ་འཇོག
ཁྱེད་མེད་ན་མགོ་ལུས་ལ་ཁྱབ་ཐུབ་པའི་སྙན་ངག་གི་སྦྲིད་སྨན་སུ་ཡིས་སྟེར།
ཁྱེད་མེད་ན་སྲོལ་རྒྱུན་དང་དེང་རབས་ཀྱི་སྙན་ངག་ལ་གོང་ཚད་སུ་ཡིས་རྒྱག
ཁྱེད་མེད་ན་གསང་སྔགས་བདེ་ཆེན་ཀྱི་དགའ་བ་གསང་མཚན་མེ་ཏོག་གི་དཔེ་རུ་སུ་ཡིས་འདྲེན།
ཁྱེད་མེད་ན་ཞིམ་མངར་གྱི་བྲོ་བ་ལྡན་པའི་སྙན་ངག་གི་རོ་བཅུད་སུ་ཡིས་སྟེར།
ཁྱེད་མེད་ན་མཛེས་འཛུམ་གྱི་ལང་ཚོའི་སྤུད་པའི་སྙན་ཚིག་གི་མཆོད་འབུལ་སུ་ལ་བྱེད།
ད་དུང་ཁྱེད་ཀྱི་སྙན་ཚིག་པད་དཀར་གྱི་ཕོན་པོ་མཐོང་ན་འདོད།
ད་དུང་ཁྱེད་ཀྱི་སྙན་ངག་མུན་སེལ་གྱི་སྒྲོན་མེ་འབར་ན་འདོད།
ཁྱེད་འདི་ལྟར་གློ་བུར་ཐོག་བབ་ཀྱི་ཚུལ་དུ་ཞིང་ཁམས་ལ་འདུན་པ་གཏད་ག་རུང་།
ཐོག་མ་རང་མོས་སྙན་ངག་དར་སྐབས་༼གལ་ཏེ༽ཟེར་བའི་རྩོམ་མང་བོ་བྲིས།དེ་ནས་ལོ་མང་རྗེས་འགྱུར་བ་མང་བོ་ཐེབས་ཚར་རེད། ཀླུ་སྨྱོན་ད་དུང་༼གལ་ཏེ༽རེད་འདུག
གཙང་རིགས་ལ་ཐུགས་རྗེ་ཆེ།
ཟླ་ཆོས་ལགས། ང་ཚོ་ཕལ་མོ་ཆེའི་མི་ཚེ་ཡོད་ཚད་”གལ་ཏེ”་ལ་ལན་མ་རྙེད་གོང་ནས་རྫོགས་འགྲོ་གིན་མེད་དམ།
ཡ་ཆོས་གྲོགས། ད་ཁྱོད་རང་ཁ་གཏེགས་ཀི་མ་འདུག གལ་ཏེ་ཁྱེད་ལ་གཟའ་བརྒྱབ་ན་བོད་ཀྱི་སེ་ར་ནས་ཐོན་པའི་༼སེ་ར་རྟ་མགྲིན་ཡང་གསང་གི་སྒོ་ནས་སྒྲུབ་པའི་མང་འདུས་རིལ་ནག་ཆེན་མོ༽ཟེར་བ་ཞིག་འདུག དེ་ཐུན་གཅིག་ཙམ་འཐུང་ན་སངས་སེ་དྲག་འགྲོ་གི་རེད། ཁྱེད་ལ་མ་རེག་ན་ཡང་། ང་རང་ཐབས་ཤེས་ཡོད་བསྡད་པ་རེད། ཆོས་གྲོགས་གཅིག་བུ་བལྟས་བལྟས་ལ་ཨ་བ་གླང་མགོར་ཁྲིད་འཇུག་ནི་མ་རེད། ང་འདི་ཁ་ངན་ཙམ་ཡོད་ན་ཡང་གྲོགས་ཕྱི་ཐག་ཅན་ཞིག་ཡིན་ནོ་གསལ་བོ་དག་པོ་ལོས་ཡིན།
ད་རུང་འཆི་མི་ཉན། རང་གི་འཆི་ཆོས་རྗེས་ནས་བཅའ་དགོས། ཕ་མའི་དགེ་རྩ་རྗེས་ནས་བཅའ་དགོས། སྤུན་ན་ཟླ་ཆ་བོར་ངོམ་སོ་རྗེས་ནས་རྒྱག་དགོས།
དྲ་གྲོགས་ཀླུ་སྨྱོན་ལགས་།
དབྱངས་ཅན་ལྷ་མོའི་རྒྱུད་མང་གི་དབྱངས་རྟ་མ་འགགས་བར་དུ།
འཇམ་པའི་དབྱངས་ཀྱི་ཤེས་རབ་ཀྱི་རལ་གྲི་མ་ཟད་ཀྱི་བར་དུ།
ཁྱེད་ལ་གཟའ་བརྒྱག་མི་སྲིད།
སྨན་གྱི་བླ་མའི་བདུད་རྩིའི་ཐིགས་པ་མ་རྫོགས་བར་དུ།
ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱི་ནུས་པ་མ་ཉམས་བར་དུ།
ཁྱེད་ལ་གཟའ་བརྒྱག་མི་སྲིད།
ཁ་བརྡ་དྲ་བའི་དོ་ར་ཡངས་མོ་མ་འཐོར་བའི་བར་དུ།
བརྩེ་འདང་ལྡན་པའི་དྲ་གྲོགས་དག་ཕྱི་མའི་ལམ་བོར་མ་འགྲིམས་བར་དུ།
ཁྱེད་གཟའ་བརྒྱག་མི་སྲིད།
སྙན་ངག་དང་སྙན་ཚིག་ཅེས་པའི་ཐ་སྙད་འདི་མ་རླག་པའི་བར་དུ།
ལོ་རྒྱུས་དང་རིག་གཞུང་ཞེས་པའི་ཡིག་འབྲུ་འདི་དག་མ་སྟོང་བའི་བར་དུ།
ཁྱེད་ལ་གཟའ་བརྒྱག་མི་སྲིད།
ང་ཡི་ཚེ་སྲོག་རྟ་རྔ་ཙམ་འདི་མ་འགག་བར་དུ།
ང་ཡི་འཛུབ་མོ་བྱ་སྡེར་འདྲ་འདི་མ་ཆད་བར་དུ།
ཁྱེད་ལ་གཟའ་བརྒྱག་མི་སྲིད།
ང་ཡི་སྙན་ངག་ལ་རང་དབང་གི་སྲོག་རྩ་མ་རྒྱས་བར་དུ།
ང་ཡི་མཐོང་སྣང་ལ་དབྱངས་ཅན་ལྷ་མོས་མ་ཁྱབ་བར་དུ།
ཁྱེད་ལ་གཟའ་བརྒྱག་མི་སྲིད།
གཏན་ནས་མི་སྲིད།
རང་ང་ཞབས་བརྟན་འདི་བྱས་ཕུལ་དང་ན་སྐུ་མི་བཞུགས་ཟེར་རྒྱུར་ངོ་ཚ་ནས་འབར་ཐལ།
ཀླུ་སྨྱོན་ལགས།
ཁྱེད་ཀྱིས་ཅི་ཞིག་གསུངས་ཀྱིན་ཡོད་ངས་ཧ་གོ་མ་སོང་།
དྲ་བའི་མདུན་ངོས་སུ་ཡོད་པའི་ཕྲན་གྱི་སྙན་ངག་དེ་ལ་ཚར་གཅིག་གཟིག་ནས།
ཞན་ཆ་དང་འཐུས་ཤོར་ཐད་ལ་བསམ་ཚུལ་ཞིག་གསུངས་རོགས།
ངས་རེ་སྐུལ་ཡིན།
ངས་ཨམ་སྐད་ཅིག་བརྒྱབ་པས་བླ་རྒན་མགོ་འཐོམས་པ་འདྲ། དགོངས་དག
རྒན་ཀླུ་སྨྱོན་ལགས། གལ་སྲིད་ཁྱེད་ལ་གཟའ་བརྒྱབ་ན། ཁྱོད་ལ་ཁྱོད་ཀྱི་ཚོད་ཀྱི་ཚོད་ཀྱི་མྱ་ངན་དང་སྡུག་སྨྲེ་འདོན་མཁན་གྲངས་མེད་ཡོད་རྒྱུ་རེད། ང་དང་ང་འདྲ་བའི་དྲ་གྲོགས་ཚོས་ཀྱང་སྙན་ངག་ཚིག་རྐང་ཁ་ཤས་ཀྱིས་གདུང་མཆོད་ལོས་ཞུ་ཡིན།
གལ་ཏེ་་ཁྱོད་ལ་ གཟའ་མ་བརྒྱབ་ན་ཨ་མདོའི་ཞི་མོ་དེ་ཐར་པར་གཏོང་སྲིད་དམ
གལ་སྲིད་ཁྱེད་ལ་གཟའ་བརྒྱབ་ན་བུ་ངའི་ཁྱེད་ལ་རོགས་པ་གང་ཐུབ་བྱེད་ཕྱོགས་།