ང་ཡི་མི་ཚེ་ནས་བཞུད་ཟིན་པའི་མཛའ་མོ་ཞིག་ལ་ཕུལ།
དོལ་སྨྱོན།
མེ་ཏོག་ལྟ་བུའི་འུ་གཉིས་ཀྱི་འཇིག་རྟེན་ལ།
མི་འདོད་པའི་སད་སེར་ཕོག་པ་ནས་བཟུང་།
ང་ཡི་འཇིག་རྟེན་ལ་ཆག་གྲུམ་ཤོར་མགོ་བརྩམས་ཞིང་།
ང་ཡི་འཁོར་ཡུག་ལ་ཐན་ལྟས་ལང་མགོ་བརྩམས་སོང་།
སྐྱིད་སྡུག་འདྲེས་མའི་ས་མཐའ་འདི་ནས།
འགྱུར་ལྡོག་སྐྱེན་པའི་འཁོར་ཡུག་འདི་ནས།
ང་ཡི་འཇིག་རྟེན་ལ་ཉི་མ་དམར་པོ་ཤར་དུས།
ངས་སེམས་གཏིང་ནས་ཁྱོད་དྲན་བཞིན་འདུག
མེ་ཏོག་ལས་མཛེས་པའི་ང་ཡི་སེམས་ཁམས་མཉེན་མོ་ལ།
སུ་ཞིག་གིས་སེན་མོས་དམར་འབྲད་བྱེད་དུས།
སྦྲང་རྩི་ལས་མངར་བའི་ང་ཡི་བརྩེ་དུང་ཟབ་མོ་ལ།
སུ་ཞིག་གིས་བྱིས་པའི་རྩེད་ཆས་སུ་སྤྱོད་དུས།
ངས་སེམས་གཏིང་ནས་ཁྱོད་དྲན་བཞིན་འདུག
འཇིག་རྟེན་འདིའི་ཡོད་ཚད་གཅིག་པ་མིན་ཞེས།
ཁྱོད་ཀྱིས་ང་ལ་ཡང་ཡང་གསུང་མྱོང་ལ།
བུ་མོ་ཡོད་ཚད་ཀྱི་སེམས་ཁམས་ཀྱང་གཅིག་པ་མིན་ཞེས།
ཁྱོད་ཀྱིས་ང་ལ་ཡང་ཡང་གདམས་མྱོང་།
དེ་དུས་ངས་ཁྱོད་ཀྱི་སྐད་ཆའི་དོན་སྙིང་མ་རྟོགས་ཀྱང་།
ད་ལྟ་བསམ་དུས་ཅི་འདྲའི་ལེགས་བཤད་ཀྱི་ཚོམ་བུ་ཞིག་རེད་ཨང་།
ཆ་མི་སྙོམས་པའི་གཅོང་རོང་གི་འཇིག་རྟེན་འདི་ནས།
ང་ཡི་བློ་སྙིང་བྲང་གསུམ་མོག་པོར་གྱུར་དུས།
རྒྱུ་འབྲས་མེད་པའི་མུན་ནག་གི་འཁོར་ཡུག་འདི་ནས།
ང་ཡི་ལུས་ངག་ཡིད་གསུམ་ཚལ་བར་འཐོར་དུས།
ངས་སེམས་གཏིང་ནས་ཁྱོད་དྲན་བཞིན་འདུག
ང་ཡི་ཆེད་དུ་ཅི་ཡང་བྱེད་ནུས་ཤིང་།
ང་ཡི་དོན་དུ་གང་ཡང་འདོར་ཕོད་པའི།
ཁྱོད་ཀྱི་ཆེས་རྣམ་དག་གི་བརྩེ་དུང་དང་།
ཆེས་བརྟན་བརླིང་གི་ཆོད་སེམས་དག
ངས་སེམས་གཏིང་ནས་སྒོམ་ཞོར་མཛུབ་རྩེ་ནས་བགྲང་ཞོར།
ངས་སེམས་གཏིང་ནས་ཁྱོད་དྲན་བཞིན་འདུག
སྐྱིད་སྡུག་འདྲེས་མའི་ས་མཐའི་འཚོ་བའི་ཁྲོད་ནས།
ང་ཡི་ཡོད་ཚད་ལ་ནད་དང་མུ་གེ་ཕོག་ཅིང་།
ཉམ་ཐག་པའི་དུས་ཚིགས་ཀྱི་ཀྱོག་མཚམས་དཀྱིལ་ནས།
ང་ཡི་ཡོད་ཚད་ལ་བྱུར་དང་ཐན་པས་གདུང་དུས།
ངས་སེམས་གཏིང་ནས་ཁྱོད་དྲན་བཞིན་འདུག
མེ་ཏོག་ལས་མཛེས་པའི་ཁྱོད་ཀྱི་བྱ་སྤྱོད་དག་སེམས་ལ་སྒོམ་ཞོར།
བུ་རམ་ལས་མངར་བའི་ཁྱོད་ཀྱི་བརྩེ་དུང་དག་ཡིད་ལ་དྲན་ཞོར།
ངས་མུན་ནག་གི་གཏིང་རུམ་ཟབ་ས་ཞིག་ནས།
དུས་རྟག་ཏུ་ཁྱོད་དྲན་བཞིན་འདུག།
སྙན་མོ་དགའ་རབ་འདུག ཡིག་ནོར་རེ་ཟུང་འདུག འདི་ལྟར་མུ་མཐུད་ན། སྙན་ངག་མཁན་དུ་འགྱུར།
ཀླུ་སྨྱོན་ལགས།
ལམ་སྟོན་དང་སེམས་ཤུགས་སྤར་གནང་བར་ཐུགས་རྗེ་ཆེ།
ངས་ཁྱོད་བླ་རྒན་ཞིག་ཡིན་བསམས་སོང་། ཡིན་ན་གཟན་ཤམ་འོག་ནས་འཛག་སྐྱིད་རྒྱག་ན་འདོད་དམ།
བུ་རྒོད་པོ། ནོར་མི་འདུག
།བརྩེ་དུང་གི་དྲན་ནད་ཕོགས་པའི་ཁྱེད་རང་། །ནམ་ཡང་མི་རྗེད་པའི་གཟུངས་ཐོབ་པའི་འཕགས་པ་བཞིན།
།རང་གི་ཆེས་དགའ་སའི་མཛའ་མོ་འདིའི། །ཡོད་ཚད་དུས་གསུམ་དུ་ཁྲ་ལེམ་མེར་འཛུམ་གཤིག་གཤིག་གི་མཇལ་ཤིང་།
དགའ་ལྷང་ལྷང་གི་ཕྱིར་དྲན་རེའི་ཁྲོད་ནས་ཁྱེད་ཀྱི་སྙན་ངག་རེ་བྲིས་དུས་ཁྱེད་ནི་ད་གཟོད་ངས་བརྩེ་དུང་གི་ཕྱུགས་བདག་ཞིག་ཡིན་པ་ཤེས་ལ། དགའ་མོ་འཁྲིད་ལ་མེད་པའི་སེམས་གཅོང་ཅན་ཞིག་ཡིན་པའང་ཤེས། འཚོལ་་་་་འཚོལ་་་་་་མུ་མཐུད་་་་་ནས་་་
ཆེས་དགའ་ས་དེ་་་་་་་་་
སྙེ་ལྷའི་ཐུགས་སྲས་ལགས།
འདི་ལྟར་ཡུལ་དུས་རྐྱེན་དབང་གི་འགྱུར་ལྡོག་ཁྲོད།
ནམ་ཡང་མུན་པའི་ཟབ་ས་ཞིག་ན་འཐིམས་དུས།
རང་ལ་ཞེ་གཏིང་ནས་བརྩེ་བའི་མཛའ་མོ་དེ་འདི་ལྟར་མི་དྲན་རང་དྲན་རེད།
དོལ་སྨྱོན་ལགས།
སྐྱེས་མཐའ་འཆི་དང་འདུས་མཐའ་བྲལ་བ་དང་།།
བསགས་མཐའ་འཛད་དང་མཐོ་མཐའ་ལྷུང་བ་སྟེ།།
སྙིང་པོ་མེད་པ་འཁོར་བའི་ཆོས་ཉིད་འདི།།
ཐུགས་ལ་བཅིང་ནས་སེམས་ཉིད་ངལ་གསོ་ཞུ།།
ཉི་མ་གཞོན་ནུ་ལགས།
ཡོད་ཚད་མུན་པར་གྱུར་བའི་དུས་ཚིགས་འདིར།།
སེམས་ཀྱི་ཟབ་སར་འཐིམ་པའི་ན་ཟུག་འདིས།།
ལུས་སེམས་གཉིས་པོ་བྲན་དུ་བཀོལ་བ་ན།།
སེམས་པ་ལྷོད་ལ་བབས་པའི་སྒོ་སྐབས་བྲལ།།
མེ་ཏོག་ལྟ་བུའི་དྭངས་གཙང་སེམས་པ་འདི།།
ཕྱག་དར་ཁྲོད་ཀྱི་གསེབ་ཏུ་ལྷུང་བ་ན།།
འཆི་མེད་ལྷ་ཡི་བདུད་རྩི་བུམ་པས་ཀྱང་།།
དག་པར་བྱེད་པའི་སྒོ་སྐབས་ཡོངས་མ་མཆིས།།
འདི་ལྟར་རྒྱུ་དང་རྐྱེན་དབང་སྣ་ཚོགས་ཀྱིས།།
སེམས་པ་བདེ་བའི་སྒོ་སྐབས་བྲལ་ནས་བཟུང་།།
འདི་ལྟར་བྱམས་དང་བརྩེ་བས་སྐྱོང་མཁས་པའི།།
སྙིང་སྡུག་བུ་མོ་མི་དྲན་རང་དྲན་རེད།།
རི་བོང་བློ་ལྡན་བློ་གྲོས་ཆེན་པོ་སྟེ།།
བརྗོད་བྱ་རྗོད་བྱེད་གང་ནས་བལྟས་ན་ཡང་།།
དོལ་སྨྱོན་ཁོང་དང་ཁྱད་པར་མ་མཆིས་པས།།
ཁྱེད་གཉིས་གཅིག་སྙམ་བདག་ཡིད་འཕྱང་མོ་ཉུག།
རི་བོང་བློ་ལྡན་བློ་གྲོས་མི་ཆེ་རུང་།།
དོལ་པོ་སྨྱོན་པའི་རྗེས་འཇུག་རྣལ་མ་ཡིན།།
སྙན་ངག་མཁན་པོའི་བྱིན་རླབས་ཅུང་ཟད་ཅིག།
བདག་གི་འཛུབ་རྩེར་འཕོས་སྙམ་འཕྱང་མོ་ཉུག།
དོལ་སྨྱོན་བརྒྱུད་འཛིན་ཁྱེད་ཉིད་ཡིན་ངེས་ན།།
རང་བྱུང་སོར་ལྔའི་བདེ་བའི་བསྟན་བཅོས་ཀྱི།།
དབང་ལུང་གདམས་པ་ཚང་ལ་མ་ནོར་བ།།
ཐོབ་ནས་ཉམས་ལེན་བརྩོན་སྙམ་འཕྱང་མོ་ཉུག།
ཧ་ཧ་ཧ། གྲོགས་པོ་ལགས་ལ་ཀུ་རེ་ཞུས་པ་ཡིན།
ཉི་མ་གཞོན་ནུ་ལགས།
མེ་ཏོག་ལྟ་བུའི་སེམས་ཁམས་མཛེས་པོ་འདི།།
ལྡུམ་ར་གང་འཕྱེན་པའི་དུས་ནས་བཟུང་།།
མི་འདོད་སད་སེར་དྲག་ཆར་སྣ་ཚོགས་ཀྱིས།།
རབ་ཏུ་བཅོམས་པའི་སེམས་འདི་ཐང་རེ་ཆད།།
ཡུལ་དུས་གནས་སྐབས་རྐྱེན་དབང་སྣ་ཚོགས་ཀྱིས།།
འདི་ལྟར་མནར་ཞིང་གཟིར་བའི་དུས་ནས་བཟུང་།།
རང་ལ་ཤིན་ཏུ་བྱམས་ཤིང་བརྩེ་བ་ཡི།།
བཞུད་ཟིན་མཛའ་མོ་དྲན་པའི་ཀློང་ན་རྒྱུ།།
ཉི་མ་གཞོན་ནུའི་ཁ་བརྡ་སེམས་ལ་འཇོག།
རི་བོང་བློ་ལྡན་སྐད་ཆ་དོན་དང་མཐུན།།
དོལ་པོ་སྨྱོན་པའི་སེམས་ཁམས་མུ་གེས་བཅོམས།།
ཡོད་ཚད་ཕྱིར་དྲན་ཀློང་ན་འདར་ཞིང་གཟིར།།
ནོར་བཅོས།
ལྡུམ་ར་གང་ལ་འཕྱེན་པའི་་་་ཞེས་བཅོས་རོགས།
མེ་ཏོག་མདའ་ལྔ་ཁྱོད་ཀྱི་སྙིང་ལ་ཟུག །
འདོད་པའི་བསྟན་བཅོས་ཁྱོད་ཀྱི་སྐྱོ་རོགས་ཏེ། །
སེམས་ཀྱི་ཚོར་འདུ་མཛེས་མའི་ཁང་བཟང་ཉིད། །
འདོད་པའི་མི་ལ་སུན་མེད་མཛའ་བརྩེ་མཁོ། །
མིག་བརྒྱད་པ་ལགས།
བརྩེ་བའི་མདའ་མོ་སྙིང་ལ་ཕོབ་ནས་བཟུང་།།
སྙིང་ཆུང་དམར་མོ་ལ་ཁའི་དར་ལྕོག་བཞིན།།
སེམས་ཀྱི་ཚོར་འདུ་བྲལ་བའི་དུས་ཚིགས་འདིར།།
སེམས་སོང་བུ་མོའི་བརྩེ་འཛུམ་སྙིང་ནས་དྲན།།
དོལ་སྨྱོན་ལགས།
ཁྱོད་ནི།
ཤེས་རིག་མེ་ཏོག་དགོན་པའི་འདབས་ནས་བཏུས།།
སེམས་ཀྱི་བགྲོད་བྱེད་ཐར་བའི་ལམ་དང་མཐུན།།
མི་རྟག
འདོད་པའི་མཛའ་བརྩེ་གར་ལ་ལྟ་དང་མཚུངས།།
བུ་མོའི་ལང་ཚོ་སྟོན་ཁའི་མེ་ཏོག་འདྲ།།
།།
མིག་བརྒྱད་པ་ལགས།
ལང་ཚོའི་མེ་ཏོག་དགོན་པའི་འདབས་ནས་ཟད།།
སེམས་ཁམས་མཉེན་མོ་སློབ་གྲྭའི་ཟུར་ནས་ཡལ།།
སྙིང་སྡུག་བུ་མོ་འཇིག་རྟེན་གཞན་ལ་འཆས།།
ང་ཡི་ཡོད་ཚད་དྲན་པའི་ཀློང་ན་འདར།།
དོལ་སྨྱོན་ལགས།
མི་རྟག་དུས་ཀྱིས་ཟོས་བའི་ལང་ཚོ་མས།།
གྲོགས་ཀྱི་མཛའ་བརྩེ་གོར་མོའི་རྡོ་ལ་བརྡབས།།
དྲན་པའི་ངོགས་ན་འཆར་བའི་སྙིང་སྡུག་མ།།
མི་རྟག་ཆོས་ལ་སྐུལ་བའི་མེ་ཏོག་རེད།།
མིག་བརྒྱད་པ་ལགས།
ཡོད་ཚད་རྡོ་ལ་བརྡབ་པའི་ཉིན་མོ་ནས།།
སེམས་ཆུང་དམར་མོ་རླུང་གསེབ་མར་མེ་བཞིན།།
གྲུ་ཁ་གང་ན་ངེས་མེད་གཡོ་བའི་ཚེ།།
སེམས་སོང་བུ་མོ་སེམས་ཀྱི་གཏིང་ནས་དྲན།།
དྲན་འཛིན་དབང་པོར་ཁྱོད་ཀྱིས་ཁྱབ་ནས་བཟུང་།།
ང་ཡི་ཡོད་ཚད་ཁྱོད་ཀྱི་ཀློང་ན་འཐིམ།།
འོན་ཀྱང་དུས་དང་ལས་ཀྱི་རྐྱེན་དབང་གིས།།
འདི་ལྟར་མུན་པའི་ཟབ་སར་ཡོངས་སུ་ལྷུང་།།
བརྩེ་དུང་མདུད་པས་ལུས་ངག་ཡིད་གསུམ་བསྡམས།།
དྲན་པའི་ཕོ་ཉས་འབོད་པ་ཐེངས་གསུམ་བསླེབས།།
སེམས་ཀྱི་ཆུ་བོ་མི་སྡོད་ཤུགས་ཀྱིས་བཞུར།།
འཇིག་རྟེན་འཚོ་བའི་ཁྲོད་ཀྱི་འཁྲེངས་ཞེན་གཅིག།
མིག་བརྒྱད་པ་ལགས།
སེམས་ཀྱི་ཞེན་ཆགས་གངས་རི་དཀར་པོར་བཅོལ།།
གངས་རིའི་རང་མདངས་ངམ་ནག་སྨུག་པས་བཏུམས།།
ཆ་མི་སྙོམ་པའི་དུས་ཀྱི་ཀྱོགས་མཚམས་ནས།།
སྨྱོན་པ་ང་ཡི་ཡོད་ཚད་གནམ་ལ་མཆོད།།
རླུང་གསེབ་ཁྲོད་ཀྱི་སྟོན་ལོ་སེར་པོ་བཞིན།།
དམར་ཆུང་སེམས་ཀྱི་ནུས་ཤུགས་ཟད་པ་ནས།།
ཡོད་ཚད་སྒྱུ་མ་མཁན་གྱི་ཟློས་གར་བཞིན།།
རྟག་བརྟན་མེད་པའི་དཀྱིལ་ནས་འདར་ཞིང་གཟིར།།
བརྩེ་སེམས་འོ་ཆུ་འདྲེས་བའི་སྙིང་སྡུག་མའི།།
ཞལ་རས་འཛུམ་དཀར་རྒོད་པ་དྲན་ཐེངས་རེར།།
འགྲོགས་འདྲིས་ལུས་པོའི་སྐྱོ་གཞས་ཐོས་ཐེངས་རེར།།
སེམས་ཀྱི་གཏད་སོ་བྱ་སྤུ་རླུང་གིས་ཁྱེར།།
སྙིང་སྡུག་སྙིང་གི་ལྷ་མོའི་ཞལ་རས་དེ།།
སྒྱུ་སྐར་ཁྲོད་ཀྱི་བཅོ་ལྔའི་དུང་ཟླ་བཞིན།།
འདི་ལྟར་དགུང་སྔོན་དབྱིངས་ནས་གཡོ་བའི་ཚེ།།
ང་ཡི་ཡོད་ཚད་ཁྱོད་ཀྱི་ཕྱོགས་སུ་ཕུར།།
སྙིང་ཆུང་རྐུན་པོར་ནད་ཅིག་ཕོག་ནས་བཟུང་།།
ང་ཡི་ཡོད་ཚད་མུན་པའི་ཀློང་དུ་འཐིམ།།
ནམ་ཡང་མུན་པའི་ཟབ་སར་ལྷུང་བའི་ཚེ།།
ང་ཡི་མདུན་རྒྱབ་ང་རང་ཁོ་ན་ཡིན།།
སྙིང་སྡུག་ཞལ་རས་ཅི་ཙམ་མཛེས་གྱུར་ཀྱང་།།
སྙིང་སྡུག་ལང་ཚོ་ཅི་ཙམ་ཡག་གྱུར་ཀྱང་།།
སྙིང་སྡུག་བརྩེ་དུང་ཅི་ཙམ་ཆེ་གྱུར་ཀྱང་།།
ང་ལ་མཚོན་ན་ནམ་མཁའི་འཇའ་མཚོན་འདྲ།།
ཡོད་ཚད་ཐོབ་བྱར་འདོད་པའི་ཉིན་མོ་ནས།།
ང་ཡི་ཡོད་ཚད་སྟོང་འདང་དབྱིངས་ན་གྱར།།
ད་ནི་མུན་པའི་གྲུ་ཁ་སྟུག་པོ་ནས།།
སེམས་ཆུང་མཉེན་མོར་ངལ་ཞིག་གསོ་ན་འདོད།།
འཇིགས་རུང་སྲིད་པ་མུན་པའི་ཐང་ཆེན་ལས།།
སེམས་ཀྱི་རྟ་རྒོད་ཁ་ལོ་གཅུན་པའི་ཕྱིར།།
ནད་དེ་དབྱངས་ཅན་ལྷ་མོས་ཁྱོད་ལ་བྱིན།།
མི་འགྱུར་དགའ་མགུའི་ཐར་བའི་ལམ་དུ་ལོངས།།
སྙིང་སྡུག་སྙིང་གི་ལྷ་མོའི་ཞལ་རས་དེ།།
ངག་དབང་དབྱངས་ཅན་ལྷ་མོའི་ཞལ་དང་མཚུངས།།
ཡིད་འོང་སེམས་སོང་བུ་མོའི་གསུང་སྐད་དེ།།
དྲི་ཟའི་བུ་མོའི་གཏམ་བུ་ར་ལས་སྙན།།
སེམས་སོང་བུ་མོ་སེམས་ལ་འཛུལ་ནས་བཟུང་།།
དབྱངས་ཅན་ལྷ་མོའི་ཞལ་རས་མཇལ་དང་མཚུངས།།
འདི་ལྟར་དྲན་འཛིན་ཀློང་ན་གཡོ་བའི་ཚེ།།
སྙན་ཚིག་སྙན་མོ་རྒྱུད་མང་འཁྲོལ་དང་མཚུངས།།
སྙན་ངག་ཆང་གིས་བཟི་བའི་སྨྱུག་རྩེ་ན།།
འཁྱུག་པའི་རི་མོ་དབྱངས་ཅན་ཞལ་རས་ཟླ།།
ལྟ་བས་མི་ངོམས་དགའ་མགུའི་འཛུམ་ཟེར་སྤྲོ།།
དད་པའི་མེ་ཏོག་མ་རྙིངས་ཉམས་སུ་ལོངས།།
རྣམ་ཤེས་རྟ་རྔ་ཙམ་འདི་མ་འགག་བར།།
སེམས་སོང་བུ་མོ་བརྗེད་པའི་སྐབས་མི་སྲིད།།
མཛུབ་མོ་བྱ་སྡེར་འདྲ་འདི་མ་འཐོར་བར།།
སྙན་ཚིག་རི་མོར་སྤེལ་བ་ཡལ་ཐབས་མེད།།
དག་པ་ལྷ་ཡི་ཡུལ་དུ་སླེབས་ཀྱང་རུང་།།
མ་དག་གཤིན་རྗེའི་ཡུལ་དུ་འཕོས་ཀྱང་རུང་།།
སེམས་སོང་བུ་མོའི་ཞལ་རས་མཛེས་པོ་དེ།།
ནམ་ཡང་སེམས་ཀྱི་ཀློང་ནས་ཡལ་བ་མེད།།
སྲོག་འཛིན་རླུང་གི་རྦ་རླབས་ཆེས་བསྐྱོད་པའི།།
རིགས་དྲུག་སྒྱུ་མའི་གྲོང་གི་དོ་ར་ན།།
འཕེལ་འགྲིབ་མེད་པའི་འོད་གསལ་སྤྱིལ་བུ་ནས།།
དགའ་མགུའི་གཏེར་བརྒྱ་བརྡོལ་ཅིག་དབྱངས་ཅན་མ།།
དགུ་ཚིག་རྩོམ་གྱི་ཟིལ་མངར་འཐོར་བ་ན།།
སྙན་ངག་དབྱངས་ཅན་གློག་གི་གར་དང་ཟློས།།
མི་ཤེས་རབ་རིབ་བྲལ་བའི་མཚོ་མོ་ལ།།
སྒྲ་དབྱངས་ཡབ་ཡུམ་འཛོམ་པའི་རྟེན་འབྲེལ་ཞུ།།
ལུས་ཟུངས་བདུན་གྱི་འཁོར་བསྐྱོད་ཡངས་མོ་ན།།
དོན་སྙིང་ལྔ་ཡི་དོ་ར་མཛེས་པོ་ན།།
འགྱུར་ལྡོག་བྲལ་བའི་སྙིང་སྡུག་མཛའ་ན་མོའི།།
ལང་ཚོའི་མེ་ཏོག་དཔྱིད་ཀྱི་དཔལ་ལས་མཛེས།།
དམར་ཆུང་སེམས་ཀྱི་ལྡུམ་ར་མཛེས་པོ་ན།།
ཟབ་གསལ་ཀླད་པའི་སྤང་གཤོངས་མཉེན་མོ་ན།།
ཕྱེ་ལེབ་གཞོན་ནུ་འཕུར་ལྡིང་གཡོ་བའི་ཚེ།།
བུང་བ་གཞོན་ནུ་གླུ་གར་ལེན་ལ་བྲེལ།།
མུན་པས་ཡོངས་སུ་བཏུམས་པའི་དོ་ར་ན།།
སེམས་ཀྱི་ཟབ་སར་འཐིམ་པའི་ན་ཟུག་འདི།།
རྡོ་རྗེའི་བྲག་ལ་རི་མོ་བརྐོས་པ་བཞིན།།
ཡ་ཆུང་སྙིང་གི་དཀྱིལ་ན་ཟུག་བཞིན་འདུག།
ཡིད་འོང་དབྱངས་ཅན་ལྷ་མོའི་ཞལ་རས་དང་།།
གཉིས་སུ་མེད་པའི་སྙིང་སྡུག་ཞལ་མཛེས་པོ།།
ནམ་ཡང་དྲན་འཛིན་ངོས་སུ་ཤར་བ་ན།།
སེམས་ཆུང་དམར་མོ་ལ་ཁའི་དར་ལྕོག་བཞིན།།
ཡོད་ཚད་སུན་པའི་གྱུ་རུ་གྱུར་ན་ཡང་།།
ད་དུང་རེ་བའི་ལྷག་མ་ཆུང་ངུ་ཞིག།
རླུང་གསེབ་ཁྲོད་ཀྱི་མར་མེ་གསོན་པོ་བཞིན།།
ད་ལྟ་གྲུ་ཁ་གང་ན་གཡོ་བཞིན་འདུག།
ཡོད་ཚད་རྟག་བརྟན་འགྱུར་མེད་མ་ཡིན་པས།།
སེམས་ཀྱི་མུན་པ་ཐམས་ཅད་རབ་ཞི་ནས།།
ནམ་ཞིག་མཚོ་བྱུང་ལྷ་མོའི་ཞིང་ཁམས་སུ།།
ལྷན་ཅིག་འཛོམས་པའི་ཉི་ཤར་བར་ཤོག།
ཉི་མ་ཞེས་བཅོས་རོགས།
དོལ་སྨྱོན་ལ་བཀྲ་ཤིས་བདེ་ལེགས་ཡོད།
རི་བོང་བློ་ལྡན་ལགས།
ཉིན་ཤས་རིང་སྐུ་ཉིད་དྲ་རྒྱར་རིགས་རྒྱུ་མི་འདུག
འཁོར་བའི་གཡང་སར་འཁོར་བ་མིན་ནམ།
གཟབ་གཟབ་བྱོས་ཨ།