གཡུ་དྲུག་དཀར། རྡ་ས།
འཛམ་གླིང་འདིར་ཆེས་རྔམ་བརྗིད་ལྡན་པ་ནི་འགྱུར་བ་ཞེས་པ་འདི་ཡིན་ལ། ལྷག་པར་དུ་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་དཀྱོག་མཚམས་སུ་འཁེལ་བའི་འགྱུར་བ་ནི་གཞན་ཅི་ཡིས་ཀྱང་ཚབ་བྱེད་དཀའ་བ་ཞིག་རེད་ཨང་།
འོན་ཀྱང་། ད་ལོའི་ལོ་འདི་ནི་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་འགྱུར་བ་འདིའི་ཚ་རླབས་ཤིག་དང་ལྷན་དུ་འགོ་བརྩམས་པ་རེད་ལ། འདས་བའི་ཟླ་ངོ་ལྔ་ཙམ་གྱི་རིང་ཤར་ནུབ་གང་སར། མི་མང་གིས་སྲིད་གཞུང་མགོ་རྟིང་བསློགས་ཏེ་བླ་ན་མེད་པའི་འགྱུར་བ་གང་མཚམས་ཤིག་བྱུང་དང་འབྱུང་བཞིན་བདོ་བ་བཅས་གྱིས། ད་ལོ་ནི་བླ་ན་མེད་པའི་འགྱུར་བ་འདི་ཡི་ལོ་ཞིག་ཡིན་པ་མངོན་བསྒྲགས་བྱེད་མུས་སུ་མཆིས་མོད། དེ་དག་ཐམས་ཅད་ལས་ཀྱང་ཆེས་བླ་ན་མེད་པའི་འགྱུར་བ་ཞིག་བྱུང་བ་ནི། ང་ཚོ་བཙན་བྱོལ་བོད་མིའི་དབུ་ཁྲིད་ཀྱིས་སྲིད་དབང་མི་མང་གིས་ཡར་རྩོད་མ་དགོས་པར་མར་གནང་པའི་འགྱུར་བ་འདི་རེད་གདའ།
ཁ་སང་དེ་རིང་ང་ཚོ་སྟེ། ཡུལ་གྱར་བའི་སྡུག་ཡུས་ལྕི་མོ་ཐོད་ལ་བཏེགས་ནས་ལོ་རྒྱུས་ཤིག་གི་གཡུལ་ས་རུ་མགོ་འབུར་འབུར་དང་རྣ་ཅོར་ཅོར་བྱས་ཏེ། སོ་ལྟ་དང་གཟབ་ཉན་གྱིས་དཔུང་འཇུག་བྱེད་ཀྱིན་པ་དག་གི་ཁྲོད་དུའང་། འགོ་ཁྲིད་དང་མི་དམངས། རྒན་གཞོན་དང་སྐྱ་སེར། ཕོ་མོ་དབྱེར་མེད་ཀྱིས་༸གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་གི་ཁྲི་སྟེགས་ལས་ཁོང་ལ་བདག་པའི་སྲིད་དབང་ཆ་ཚང་མི་དམངས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་པའི་འགྱུར་བ་འདི་གླེང་གིན་ཡོད།
ང་ཚོས་འགྱུར་བ་འདི་གླེང་ཕྱོགས་ལ་ཉན་ན་འགྱུར་བ་འདིའི་དགེ་མཚན་གླེང་མཁན་མི་ཉུང་ཤོས་དང་འགྱུར་བ་འདིའི་ཉེན་ཁ་གླེང་མཁན་མི་མང་ཤོས་རེད་གདའ་ཞིང་། དོན་ངོ་མར་ང་ཚོ་ཡོངས་རྫོགས་ཀྱི་སེམས་སུ་འགྱུར་བ་འདི་དང་ལེན་བྱེད་པའི་སྤོབས་པ་དང་གདེང་ཚོད་ཡེ་ནས་མི་འདུག་པ་མ་ཟད། མི་འགའ་ཤས་ཀྱིས་གླེང་གཞི་ལྟར་ན་བསམ་གཟས་ནས་འགྱུར་བ་འདི་འདྲ་ཞིག་གཏོང་མཁན་གྱི་༸གོང་ས་མཆོག་ལ་མཚོན་ནའང་། ད་ཐེངས་ཀྱི་འགྱུར་བ་འདི་ད་ལྟའི་བོད་ཕྱི་ནང་གཉིས་ཀའི་གནས་བབ་དང་མ་འོངས་པའི་བོད་མི་རིགས་ཀྱི་སྐྱིད་སྡུག་གི་ཕུགས་རྒྱང་ལ་དགོངས་པ་ཆེར་བཞེས་ཀྱིས་ མི་བྱེད་ཀ་མེད་དུ་གྱུར་བ་ཞིག་ལས། ཁོང་ལའང་མཛད་དཀའ་ཞེ་དྲགས་བྱུང་ཡོད་པ་རེད་ཟེར། ང་རང་ཉིད་ལ་མཚོན་ནའང་རྒྱལ་བ་རིན་པོ་ཆེས་བོད་དོན་གྱི་ཕུགས་རྒྱང་ལ་དགོངས་པ་ཞིག་ཡིན་པར་སྨོན་ཟེར་བ་ཙམ་ལས། སེམས་བསམ་པའི་གཏིང་ནས་ད་ཐེངས་ཀྱི་འགྱུར་བ་འདི་དགའ་བཞིན་སྤྲོ་བཞིན་དུ་ཡག་བྱུང་ཟེར་རྒྱུ་ཧ་ཅང་དཀའ་སེ་གདའ། གྲོགས་པོ་ཚོ་མཉམ་དུ་འཛོམས་ནས་ད་ཐེངས་ཀྱི་འགྱུར་བའི་སྐོར་གླེང་དུས་ཀྱང་ཁ་ནས་རྒྱལ་བ་རིན་པོ་ཆེ་ཧང་སང་ཡ་རེད་ཅེས་སྦོམ་བཤད་བྱེད་པ་ཙམ་ལས། གདོང་གི་ཉམས་འགྱུར་དང་ཤུགས་རིང་འཕེན་ཚུལ་སོགས་ལ་བརྟག་ན་འགྱུར་བ་འདི་ཧྲིལ་གྱིས་དང་ཡོངས་སུ་ཁས་ལེན་བྱེད་ཐུབ་ཀྱིན་མེད་པ་ཤུགས་རྟོགས་སུ་གྱུར་འདུག
འདི་ལྟར་མང་མང་གི་ལག་ཟུང་གིས་འགྱུར་བ་འདི་ལ་དགའ་བསུ་ཞུ་མ་ཐུབ་རྐྱེན། ང་ཚོའི་གནམ་སའི་མཚམས་སུ་རང་བྱུང་གི་མེ་རི་ལྟ་བུའི་འགལ་ཟླ་ཞིག་ཀྱང་རིམ་གྱིས་འཕར་བྱུང་། དེ་ནི་འགོ་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་གཉིས་གཙོ་བྱས་པའི་ལས་གནས་དང་ཐོབ་ཐང་འདྲ་མིན་གྱི་མི་སྐོར་ཞིག་དང་རང་དབང་གི་རྩོམ་པ་པོ་སྐོར་ཞིག་གཙོ་བྱས་པའི་མཐོ་དམན་བར་གསུམ་གྱི་མི་སྐོར་ཞིག་སྟེ། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིར་ལྟོས་བཅས་ཀྱིས་སྐོར་ཁག་ཆེན་པོ་གཉིས་བར་གྱི་འགལ་ཟླ་ཡིན་ལ། འགལ་ཟླ་འདིའི་ཁྲོད་ནས་ང་ནི་ཕྱོགས་སུ་མ་ལྷུང་བའི་མི་དེ་ཡིན་ཨང་། ངས་ཁོང་ཚོའི་དབར་གྱི་འགལ་ཟླ་དེ་ལ་ཞིབ་ཏུ་བལྟས་ཤིང་ལྷོད་ཀྱིས་ཉན་ཏེ། རང་གི་རྣམ་རྟོག་གི་སྒོ་མོ་འབྱེད་ཐབས་བྱས་མོད། ཁོང་ཚོའི་འགལ་བའི་མེ་དཔུང་ལྟ་བུའི་རྣོ་ངར་ཅན་གྱི་སྐད་ཆ་ལ་ཉན་ཚེ། ཕྱོགས་གཅིག་གིས་ནང་ཁུལ་དཀྲུག་པ་རེད། ཁོ་སོ་སོས་དབུ་མ་ཚོས་པ་རེད། མི་དེ་ཚོར་རྒྱ་ཡིས་སྐད་ཆ་དེ་འདྲ་ཤོད་དུ་འཇུག་པ་རེད་སོགས་གྲོས་ཚོགས་དང་ཚོགས་འདུ། བགྲོ་གླེང་རིམ་པའི་སྡིངས་ཆའི་སྟེང་ན་སྒམ་ཉམས་ཀྱིས་སྒྲོག་ལ། ཕྱོགས་གཞན་དེ་ཡིས་ཀྱང་རྒྱ་ནག་ལ་མགོ་འདོགས་པ་རེད། བཀའ་སྤྱི་གཉིས་ཀྱི་ནག་ཉེས་རེེད། བོད་རྒྱལ་ཁབ་བསྐྱལ་བ་རེད་སོགས་དྲ་ལམ་དང་བརྒྱུད་ལམ་ཁག་ཅིག་ན་ངར་ངར་གྱིས་བརྗོད་ཀྱིན་འདུག་པས། འགལ་ཟླ་འདིས་སུ་ཞིག་གི་རེ་བར་ཕན་འདོགས་སྲིད་དམ།
འདི་ལྟར་བསམ་ཞིང་འདི་ལྟར་བལྟས་ན། གཞན་གྱིས་ཚབ་བྱེད་དཀའ་བའི་འགྱུར་བའི་མདུན་ན་ཧ་ཅང་ཉམ་ཆུང་བའི་མི་ནི་ང་ཚོ་ཡིན་འདུག་ཨང་།།
དོན་བཙན་བྱོལ་བོད་གཞུང་འདི་དགའ་ལྡན་ཕོ་བྲང་གཅིག་པུའི་དབང་འཛིན་འོག་ཏུ་སྡོད་རྒྱུ་མཇུག་བསྒྲིལ་ནས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་གཅིག་མཐུན་གྱི་གཞུང་ཞིག་ཏུ་འགྱུར་བ་དེ་དགའ་འོས་པ་ཞིག་རེད། དགའ་འོས་པའི་གནས་ཚུལ་དེ་དང་ལྷན་དུ་གསབ་དཀའ་བའི་གནད་དོན་མང་པོ་ཞིག་ཀྱང་ཡོད་ངེས་མོད། གནད་དོན་དེ་དག་ལ་གདོང་ལེན་གྱིས་གཅིག་གྱུར་གྱི་གཞུང་འདིའི་ཚེ་སྲོག་རྒྱུན་གནས་ཡོངས་ཐབས་ཤིག་བྱུང་ན་ཧ་ཅང་ཕན་པར་མཐོང་།
དྲྭ་གྲོགས་དབང་འདུས་ལགས་ནས་དགའ་འོས་པ་ཞིག་དང་། གསབ་དཀའ་བའི་གནད་དོན་མང་པོ་ཞིག་ཀྱང་ཡོད་ངེས་མོད་ཞེས་གསུངས་འདུག་ཀྱང་གུས་པས་དགའ་འོས་པ་མ་མཐོང་ལའང་། གསབ་དཀའ་བའི་གནད་དོན་མང་པོ་ལྷག་ཡོད་ཟེར་སྙིང་དྲོ་སོང།
ཉིད་ཀྱི་གསུང་པ་ལྟར་མི་མང་གཅིག་སྒྲིལ་གྱི་གཞུང་ཞིག་ཡོད་ན་དགའ་འོས་ཀྱང་ད་ཆ་བོད་པ་ཚང་ལ་གཞུང་ཞེས་པ་ཞིག་མེད་པ་འཛམ་གླིང་ཡོངས་གྲགས་ཆགས་ཟིན་པ་རེད།
འོང་ཀྱང་ང་ཚོས་མང་གཙོའི་ཐོབ་ཐང་ལོངས་དཔྱད་དེ་མ་འོངས་པར་གཞུང་ཞིག་དགོས་མི་དགོས་མི་མང་གི་ཐུགས་བསམ་བཞེས་ནས་ཐག་གཅོད་བྱེད་དབང་ཡོད་པ་ཞིག་ཆགས་སྲིད་ལ་སྐབས་དེ་དུས་སྲིད་དབང་འགན་འཛིན་ནམ་སྒྲིག་འཛུགས་འགན་འཛིན་གྱིས་ཀྱང་མི་མང་གི་མངོན་འདོད་ལྟར་མ་གྲུབ་ན་འཕོ་འགྱུར་བཏང་མཆོག་ལའང་།
དེ་བས་ཀྱང་མི་མང་རྣམས་རྨོངས་གཉིད་ལས་སློང་རྒྱུ་ནི་དོན་གྱི་དམ་པ་ཞིག་ཏུ་མཐོང་།
ད་ནི་བར་དོའི་འཇིག་རྟེན་དུ་འཁྱམས་པ་ལྟ་བུའི་ཡར་རྒྱལ་ཁབ་ཀྱང་མེད། མར་རྒྱལ་ཁབ་གཞན་གྱི་མི་ཁུངས་སུའང་མི་ཚུད། དེ་སྔོན་བོད་རྒྱལ་ཁབ་མིང་ཙམ་ཡོད་ཀྱང་དེ་ཡང་རང་སར་ཐོར་ཤིག་ཏུ་ཕྱིན། འཇོན་ཐང་ཅན་དང་མི་དྲག་དག་ནི་རྒྱལ་ཁབ་གཞན་གྱི་ལག་ཁྱེར་བཟོ་ཟིན། འཇོན་ཐང་མེད་མཁན་རྣམས་ནི་R.C ཡང་བཟོ་མི་ཐུབ། གསར་འབྱོར་དག་ལ་ཕྱིན་ཆད་R.C མི་ཐོབ་ཟེར། ད་ནི་དངོས་གནས་བོད་པ་རྣམས་སྙིང་རྗེ། དེ་སྔོན་རྒྱ་ནག་གིས་བཙོན་བྱོལ་གཞུང་ནི་ཁོ་རང་ཚོས་གཏོར་ཀྱི་རེད་ཟེར། དོན་དུ་བདེན་པ་ཆགས་སོང་། ཨ་ཁ་དེ་འདྲ་སྐྱོ་བ་ལ།
དྷ་ས་བོད་མིའི་མེགྷན་དེ། ཅ་ཨི་ན་ཊྰ་འོན་བཟོ་བཞག་ན་རྙོག་ཁྲ་ལྷག་ཡོད་མ་རེད། ཅེས་ཟེར་འདོད་དམ། ཧ་ཧ།
ཕྱི་ལོ་་༢༠༡༡་ལོ་འདིར་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད་ལ་དམིགས་བསལ་མི་གཅིག་དབང་འཛིན་པའི་རིང་ལུགས་ཆེད་མང་ས་ཨ་ཕེ་རི་ཀ་དང་། ཨ་རབ་ཀྱི་ཡུལ་ལུང་ཁག་ཏུ་མི་མང་རྣམས་རྨོངས་གཉིད་ལས་བསད་དེ་གདུག་རྩུབ་ཆེ་བའི་དབང་འཛིན་པ་རྣམས་ལ་རྒོལ་ནས་རང་དབང་མང་གཙོའི་ལས་འགུལ་གྱི་མཐོ་རླབས་ཕྱུར་བཞིན་པ་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་ལ་རྒྱ་དམར་གྱི་འགོ་འཁྲིད་རྣམས་ཀྱང་སྙིང་རྩ་འཕར་བ་བཟོས་ཡོད། རང་རེ་བོད་པ་ལ་མཚོན་ན་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་ལ་ཐུགས་བློས་བྱིང་འགེལ་གྱིས་སྐུ་དབང་མི་མང་ལ་རྩིས་སྤྲོད་གནང་ཡང་མི་རབས་གསར་པས་ལས་དོན་གྱི་དང་པོ་དེ་བཙན་བྱོལ་བོད་གཞུང་གི་མིང་དེ་མེད་པ་བཟོས་པ་སོགས་འགྱུར་བ་མང་བའི་ལོ་ཞིག་ཡིན།
རྩོམ་ཡིག་ཟེར་ན་འདི་འདྲ་དགོས་ཀྱི་ཡོད་པ་རེད།