ལུང་རྟོགས་རྒྱལ་མཚན།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །
རྒྱལ་བསྟན་སྐྱོང་ཕྱིར་མི་ཡི་ཚུལ་གཟུང་བ། །
རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཞེས། །
རྒྱལ་སྲས་སེམས་པ་ཆེན་པོ་ཁྱེད་ལ་འདུད།།
༼སྐུ།༽
ཞི་ཞིང་འཛུམ་མདང་འཕྲོ་བའི་ཞལ་མངའ་ཞིང་། །
སྙིང་རྗེའི་སྤྱན་གྱིས་འགྲོ་བ་ཡོངས་ལ་གཟིགས། །
དྲང་སྲོང་རྒྱལ་མཚན་སྐུ་ལ་མཛེས་པར་ཀླུབ། །
སྙིགས་དུས་ཐུབ་པའི་རྒྱལ་ཚབ་ཁྱེད་ཉིད་ཙམ།།
༼གསུང་།༽
དབྱང་ཅན་ཕྱག་སོར་གཡོ་བའི་འདུ་བྱེད་ལས། །
རྣམ་པར་བསྐྲུན་པའི་རྒྱུད་མང་སྒྲ་དབྱངས་སམ། །
ཁྱེད་ཀྱིས་འགྲོ་ལ་བརྩེ་བའི་ལེགས་བཤད་ཀྱི། །
ཆོས་ཆར་འབེབ་ཞེས་བདག་ཡིད་འཕྱང་མོ་ཉུག།
༼ཐུགས།༽
ནམ་མཁའ་མཐའ་རྒྱ་ཆེ་ཡང་སྟོང་པའི་ཆོས། །
རྒྱ་མཚོ་གཏིང་ཚད་ཟབ་ཀྱང་བེམ་པོའི་གཟུགས། །
ཟབ་དང་རྒྱ་ཆེའི་དོན་གཟིགས་ཁྱེད་ཀྱི་ཐུགས། །
འདི་དག་གིས་ཀྱང་མཚོན་པར་ནུས་མ་ཡིན།།
༼ཡོན་ཏན།༽
རྟག་ཏུ་གཞན་དོན་ཁོ་ནར་ཐུགས་གཞོལ་ཞིང་། །
དགྲ་ལའང་བུ་གཅིག་ལྟར་དུ་བརྩེ་བས་སྐྱོང་། །
རྒྱལ་སྲས་སེམས་དཔའ་ཆེན་པོའི་ཡོན་ཏན་རྣམས། །
མ་ལུས་ལུས་པ་མེད་པ་བདག་གིར་མཛད།།
༼འཕྲིན་ལས།༽
མཁྱེན་བརྩེའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་པས། །
འཁོར་ཡུག་ཆུ་ཤེལ་ཕྲེང་བའི་འཛིན་མ་ལ། །
ཕན་བདེའི་འོད་སྣང་སྦྱིན་མཛད་སྲིད་པའི་མིག།
འཕྲིན་ལས་ཚ་ཟེར་འགྲོ་བའི་རྒྱན་དུ་ཆེ།།
༼མཁྱེན་པ།༽
འཚེ་མེད་ཞི་བའི་སློབ་དཔོན་གཱན་རྡི་མཆོག།
འགྲོ་དྲུག་ཀུན་ལ་བུ་གཅིག་ལྟར་བརྩེ་ཞིང་། །
དགྲ་མཉེན་མཉམ་པར་གཟིགས་པའི་སེམས་ལྡན་ན། །
རྒྱལ་བའི་དབང་པོ་ཁྱེད་ཀྱི་མཁྱེན་པའི་ཟླ།།
༼བརྩེ་བ།༽
མགོན་པོ་ཁྱེད་ཀྱི་འགྲོ་ལ་བརྩེ་བ་ནི། །
གཅིག་པུའི་བུ་ལ་སྐྱེད་མ་ཇི་བཞིན་ཏེ། །
རྟག་ཏུ་བྱམས་པའི་སེམས་དང་དེ་དག་ཆེད། །
སྐུ་ངལ་བརྒྱ་ཕྲག་ཁྱད་དུ་སྲེད་པས་ཀྱང་།།
༼ནུས་པ།༽
སྟོབས་ལྡན་ཨ་རིའི་སྲིད་འཛིན་ཨོ་བྷ་མ། །
ཞི་དྲག་བློན་དང་དྲག་མཚོན་ལོངས་སྤྱོད་ལྡན། །
ཁྱེད་ལ་ཞི་བའི་འཁོར་ཚོགས་ཙམ་ལྡན་ཡང་། །
ནུས་པ་འདི་དང་མཉམ་མོ་གངས་རིའི་མགོན།།
དབང་མེད་ས་མཐར་འཁྱམ་པའི་གངས་རིའི་བུ། །
ཅང་མེད་སེམས་འདི་འཁྱག་པས་བཟུང་ན་ཡང་།
མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་དྲོད་ཁོལ་འོག།
འཚོ་བ་འདིས་ནི་བདག་གི་བསྐལ་བ་བཟང་།།
ཕ་བཟང་གི་བུ་ལུང་རྟོགས་རྒྱལ་མཚན་ལགས་བཀྲ་ཤིས་བདེ་ལེགས་ཞུ་སྐུ་ཉིད་ནས་༸གོང་ས་མབཆོག་ལ་བསྟོད་པ་ལྷད་མེད་པ་ཞིག་འཕུལ་འདུག་སེམས་འགུལ་ཆེན་པོ་ཐེབ་བྱུང།