(དྲ་ཐོག་ནས་འདྲིས་ཤིང་སེམས་ཐག་ཉེ་བའི་བུ་མོ་ཞིག་དང་གླེང་མོལ་བྱས་རྗེས།)
འགར་ཚེ་རྒྱལ་གྱིས།
སྐྱོ་བའི་མུན་པ་ཁེབས་སུ་གཡོགས་པའི།།
ཕྱི་ཡི་ཡུལ་འདི་རི་མགོའི་བ་ཁ།།
སེམས་ཀྱི་བརྩེ་བ་བཅོལ་སའི་མི་ཞིག།
བཙལ་བའི་ཡི་ག་གཏིང་ནས་ལོག་ཡོད།།
སེམས་ཀྱི་སྐྱོ་ངལ་སངས་ཐུབ་མེད་པར།།
ལོ་དང་ཟླ་བ་ག་ཚོད་འདས་ཀྱང༌།།
རྫ་དང་ལུང་ཁའི་དར་ལྕོག་འདྲ་བའི།།
མཛའ་བའི་གྲོགས་ཤིག་ང་ལ་མི་དགོས།།
འདྲིས་འདྲིས་འདྲ་བའི་ངོ་གདོང་དེ་ཚོར།།
བརྩེ་བའི་ཕྱི་ཐག་སྟོན་ཐུབ་མི་འདུག།
བདེན་མ་རྫུན་གྱི་འཛུམ་མདངས་དེ་ལ།།
སེམས་ཀྱི་ཁོ་ཐག་གཏིང་ནས་ཆད་ཡོད།།
རྒྱུས་མེད་ས་མཐའི་ཁྱིམ་གཞི་འདི་ཚོར།།
དྲོད་ཁོལ་འཛོམས་པའི་སྣང་བ་མི་འདུག།
འགྲོ་ལ་ཁད་ཀྱི་སྐྱ་ཡ་དེ་ཡིས།།
རེ་བའི་གསང་བ་གཞན་ཞིག་སྒོམ་འདུག།
ཞག་གཅིག་རིང་གི་ཉལ་རོགས་འདྲ་འདྲའི།།
ས་མཐའི་བཟའ་ཚང་བྱེ་མའི་ཆངས་བུ།།
ཆར་དང་རླུང་གི་བར་ཆད་མེད་ཀྱང༌།།
སྐད་ཅིག་ཡུན་ནས་ཡལ་ཡལ་འདྲ་རེད།།
གཡོ་དང་སྒྱུ་མའི་བསླུ་ལ་མཁས་པའི།།
འཁྱམ་ཉུལ་བུ་མོ་རྐྱལ་སྟོང་ཞིག་གིས།།
འདོད་པའི་ཟུར་མིག་ལན་བརྒྱར་འཕངས་ཀྱང༌།།
སེམས་པའི་དྲོད་ཁོལ་སྦྱིན་ཐུབ་མི་འདུག།
ཕྱུག་པོའི་རྒྱུ་དང་ནོར་གྱི་དབུས་ན།།
རྫིག་རྫིག་ཉམས་ཀྱིས་ཁེངས་དྲེགས་འབར་བའི།།
འབྱོར་ལྡན་བུ་མོའི་དཀར་ནག་གདོང་ལ།།
རེ་བའི་རྨི་ལམ་ནམ་ཡང་མི་གཏོང༌།།
ཡག་དང་མོ་སྒོ་ལྷ་མོ་འདྲ་འདྲའི།།
སྒེག་ལྡན་མཛེས་མ་སྟོང་གིས་ཅི་བྱེད།།
སེམས་དང་སྤྱོད་པ་བལ་དཀར་འདྲ་བའི།།
གཤིས་འཇམ་བུ་མོ་ཞིག་ལ་སྒུག་ཡོད།།
ཁ་དང་ཁོག་པ་ཕྱི་ནང་མེད་པར།།
དུང་བའི་སེམས་གཏམ་དྲང་མོར་བརྗོད་པའི།།
སྙིང་གི་མཛའ་མོ་གང་དུ་ཡོད་མེད།།
ངས་ཀྱང་ད་དུང་ཁོ་ཐག་མི་ཆོད།།
མཆོག་གསུམ་ལྷ་ལ་བསླུ་བ་མེད་པར།།
སྔོན་གྱི་ལས་འཕྲོ་རྫོགས་མེད་ཡིན་ན།།
ཚེ་གཅིག་གཏན་གྱི་མི་དེར་མཇལ་བའི།།
ལས་བསོད་བསྐལ་བ་ཡོད་ཡོད་བསམ་ཡོད།།
ནམ་ཞིག་སེམས་ཀྱི་མཛའ་བ་མོ་ལ།།
མཇལ་བའི་རྨི་ལམ་སྨིན་རྒྱུ་བྱུང་ན།།
ཤ་དང་མཆིན་པའི་དྲོད་ལ་འཁྱིལ་བའི།།
འདང་བརྩེ་དྭངས་མ་གཏད་ན་འདོད་ཡོད།།
ས་མཐའི་ཕོ་མོ་སེམས་ཀྱིས་འབོར་དུས།།
མཐོང་སྣང་ཐམས་ཅད་མག་མོག་འདྲ་ཡང་།།
སྣང་བ་རྣམ་རྟོག་དབྱིངས་ནས་བཅོམ་ན།།
འཇིག་རྟེན་མི་ཡི་བྲོ་བ་མྱང་ཐུབ།།
གྲོགས་ཁྱེད་སོར་མོ་འཁྱུག་པའི་གར་ལ།།
འགྲན་པའི་ཟླ་ཡིས་བོར་དོགས་དེའང་།།
དགྲ་བཅོམ་འདུལ་འཛིན་ནགས་ཀློང་འགྲིམས་པས།།
མྱང་དགོས་ཡིན་པ་མིག་ལ་གྲུབ་འདུག།
ཉེ་རྒྱང་གོམ་པས་གཞལ་བའི་ཁྲོད་ནས།།
བློ་རྩེ་གཏོད་ས་རྙེད་དུ་མེད་མོད།།
མི་ཡི་ལུས་ལ་ལན་གཅིག་སྐྱེས་པས།།
མི་ཡི་གར་ལ་མི་ཞུགས་ན་ལོས་དགའ།།
ཤོ་ལོ་ཀ་མཐའ་མའི་ནང་མི་ལྷག་མ་ཞིག་བྲིས་འདུག
མི་ཡི་གར་ལ་ཞུགས་ན་ལོས་དགའ།།