དོལ་སྨྱོན།
༡༽
དགུན་གསུམ་གྱི་གཙག་རླུང་སྐྱེན་མོ་ལྡང་ཐེངས་གཅིག་གིས།
སྟོན་གསུམ་གྱི་ལྗང་ལོ་ལས་མཉེན་པའི་གྲུ་ཁ་ཞིག་ལ་ཕོག་ཐུག་ཤོར་འདུག
རྨོངས་ཞེན་དང་འཐེན་འཁྱེར་གྱི་མུན་པ་གཏུགས་པོ་ཞིག་གིས།
ཁུ་སིམ་གྱི་ཞིང་ན་ཆགས་པའི་གྲོང་ཚོ་དེའི་མགོ་རྟིང་བསློགས་འདུག
༢༽
ཡར་ཀླུང་གཙང་པོ་གྱེན་དུ་རྒྱུ་ཞིང་ཇོ་མོ་གླང་མ་ཐུར་དུ་ཟུག་པའི་དུས་ནས་བཟུང་།
ཡོད་ཚད་ལུགས་ལྡོག་ཏུ་གྱུར་བའི་འཇིག་རྟེན་འདིར།
མེ་ཏོག་གི་འདབ་མ་ཁོ་ན་ལས་ཟེའུ་འབྲུ་ལ་མི་མོས་པའི་ཁུག་རྟ་ཁྱུ་ཞིག
འདི་ལྟར་ནགས་ཚལ་གྱི་དོ་ར་གང་ཞིག་ན་འཕར་ལྡིང་བྱེད་ཀྱིན་འདུག་ཨང་།
༣༽
རླུང་ནག་འཚུབ་མའི་དུས་ཚིགས་ཀྱི་ཀྱོག་མཚམས་ཤིག་ནས།
མི་བུ་གང་ཞིག་འཇའ་འོད་ཀྱི་ཟེར་ལ་འཐམ་ནས་མི་མངོན་པའི་ཀློང་དུ་འཐིམ་ཤུལ་ན།
བུ་ཡུག་གིས་ཁྱབ་པའི་འཁོར་ཡུག་དེ་ན་སྨྲེ་ངག་དང་འོ་འདོད་ཁོ་ན་ལས།
བདེ་སྐྱིད་དང་དགོད་སྒྲ་ཞིག་ནམ་ཡང་མཐོང་རྒྱུ་མི་འདུག
༤༽
རི་འདབས་ཀྱི་ལྗོན་ལོ་ཐར་ཐོར་དག་ནི་མེད་མུག་གིས་བཅོམས་པའི་བདེན་རྟགས་རེད།
ཉེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེ་ནི་ཡོད་ཚད་མཚོན་པའི་དཔང་རྟགས་རེད།
འཐོར་ཞིག་དང་ལྷན་པ་ད་དུང་ཐིགས་འཕྲེང་རྣམས་ནི་སེམས་གཏིང་གི་ན་ཟུག་ངོ་མ་རེད།
འདི་ལྟར་ཉི་ཟེར་བུ་མོའི་འཛུམ་མདངས་ངོམས་རུང་སྐྱ་རེངས་ལྷ་མོས་འབོད་བརྡ་བཏང་རུང་།
རྨི་མི་འདོད་པའི་རྨི་ལམ་སྐྱ་བོ་ཞིག་ནམ་ཡང་སེམས་ཁོངས་ན་འཐིམ་ཚར་འདུག
༥༽
གངས་གསེང་དཀར་མོའི་གཡུ་རལ་ཉམས་ཤུལ་ནས།
དམར་གཡག་སྟག་གི་མཆེ་སྡེར་ཟད་ཤུལ་ནས།
འབུ་སྲིན་ལས་མཐུ་བའི་སྲོག་ཆགས་མང་པོ་ཞིག་འདི་ལྟར་གྲོག་ཚང་བཞིན་འཕྱུར་འོང་ནས།
རང་རང་གི་ནུས་ཤུགས་དང་བསྟུན་ཏེ་གྲོ་གར་འཁྲབ་ཚུལ་ལ་བསམ་ན།
ང་ཡི་བློ་སྙིང་བྲང་གསུམ་དེ་སུ་ཞིག་ལ་ལེགས་སྐྱེས་སུ་འབུལ་ན་འདོད་བྱུང་།
༦༽
ཉེར་གཅིག་ཚན་རྩལ་གྱི་དོ་ར་ཡངས་མོ་འདི་ནས།
མདུན་སྐྱོད་དང་འཕེལ་རྒྱས་ཀྱི་ཡོ་ལང་མྱུར་མོའི་ཁྲོད་ནས།
ང་ཚོ་ད་དུང་འཛུབ་མོ་ཁ་ནང་བཅུག་ཏེ་དལ་གྱིས་གཉིད་རན་འདུག་གམ།
ང་ཚོ་ད་དུང་འཐུས་ཤོར་དང་རྗེས་ལུས་ཁྲོད་བག་ལ་ཉལ་རན་འདུག་གམ།
༧༽
ལོངས་ཤོག་སྤུན་ཟླ་ཚོ།
ད་བར་ཟུམ་པའི་མིག་ཟུང་དལ་གྱིས་ཕྱེས་ནས་ཡངས་པའི་རྒྱལ་ཁམས་ལ་ལྟོས་དང་།
ད་བར་འགག་པའི་ཀླད་པའི་རྩ་ལམ་ལྷོད་ཀྱིས་ཕྱེས་ནས་བསམ་གཞིག་རྣལ་དུ་ཐོངས་དང་།
དུས་རབས་ཤིག་གི་ཁུག་སོ་ན་འཐིམ་ལ་ཉེ་བའི་འཇིག་རྟེན་འདི་ཉིད།
གོ་ལ་ཧྲིལ་པོ་འདི་ཡི་ཡངས་རྩེ་ན་རྟག་བརྟན་གྱི་ཚུལ་དུ་འགྲེངས་བར་འདོད་ན།
འུ་ཚོས་སྒྲུབ་དགོས་པ་དང་བྱེད་དགོས་པ་རི་རབ་ཀྱི་ལྟོས་དང་མཉམ་པ་ཞིག་མི་འདུག་གམ།
༨༽
གྲོགས་པོ་ཚོ།
དེ་རིང་གི་རྨི་ལམ་ནག་པོ་འདི་ཡི་ཕ་མཐའ་ན།
ང་ཚོར་སད་ཆོག་ཆོག་གི་སང་ཉིན་གྱི་ཉི་མ་དཀར་པོ་ཞིག་ཡོད་པས།
ང་ཚོའི་སང་ཉིན་ནི་དོན་སྙིང་འབུམ་གྱིས་གཏམས་པའི་སང་ཉིན་ཡིན་དགོས་པ་ལས།
དེ་རིང་གི་ནོར་འཁྲུལ་སང་ཉིན་གྱི་མཛེས་རྒྱན་དུ་སྤུད་ན་དེ་ཡང་ནོར་འཁྲུལ་ཡིན་པ་རྗེད་མི་ཉན།