བསམ་གླིང་ཚེ་རིང་ལྷ་མོ།
དབེན་འཇགས་རི་ཁུག་མི་མིན་མདོ་ར་འདྲ།།
ཕྱེ་ལེབ་འཕུར་ལྡིང་ལྷ་འདྲེའི་སྤྲུལ་པར་འཁྲུལ།།
ལྗོན་པའི་གྲིབ་བསིལ་ཀླུ་བཙན་ཕོ་བྲང་བཞིན།།
གཤོག་འགྲོའི་ཅ་ཅོ་མཁའ་འགྲོའི་གླུ་དང་མཚུངས།།
བསིལ་རླུང་དྭངས་མས་འགྲམ་པར་བྱིལ་བྱིལ་བྱེད།།
ཡལ་འདབ་ལྡེམ་བུས་མགྲོན་པོ་བསུ་བ་བཞིན།།
ཕོ་རོག་སྐད་སྒྲ་སྒོ་ཁྱི་ངར་མའི་སྤུན།།
རི་ཁུག་དབེན་པོར་དགའ་སྐྱོའི་རམ་འདེགས་མང།།
ལྗོན་པའི་ཁྲོད་ནས་ཁང་བཟང་ཐར་ཐོར་མངོན།།
རོལ་ཆའི་སྒྲ་དབྱངས་སིང་སིང་རྣ་བས་ཐོས།།
རྩྭ་ལྗང་ལོ་མ་ནེ་ཙོའི་གཤོག་པ་ལྟའི།།
ནགས་ཁྲོད་ལྗོངས་རྒྱུ་སྐྱོ་སངས་ངོ་མ་ཡིན།།
བསེར་བུས་བསྐུལ་བའི་ལོ་ལྗང་ལྡེམ་པའི་ཁྲོད།།
མཇུག་སྒྲོ་རིང་བའི་བྱ་བྱིའུ་སྣ་ཚོགས་ཀྱིས།།
སྐད་སྙན་སྒྲོགས་ནས་ཅི་ཞིག་བརྗོད་པའི་ཚུལ།།
མགྲིན་པ་སྐྱོག་ནས་ཡང་ཡང་ལྟ་བར་བྱེད།།
རྒྱང་རིང་སོམ་སྡོང་རྒྱ་མཚོའི་རླབས་དང་མཚུངས།།
སྔོ་སངས་ནམ་མཁར་སྤྲིན་གསར་ལང་ལོང་ཕྱུར།།
ལྷུན་སྟུག་རྩེ་མོས་དགའ་མ་ན་བུན་གྱི།།
འགྲམ་ཆང་འཐུང་བའི་སྣང་བརྙན་ཇི་བཞིན་ཨང།།
སྦྲང་ཆར་སིལ་མས་ཚ་བའི་ངད་པ་སེལ།།
རི་འདབས་རྡོ་གཡམ་སྣུམ་གྱིས་བཀྲུས་པ་འདྲ།།
ཆུ་ཕྲན་དཀར་པོ་དར་དཀར་འཐེན་པའི་སྤུན།།
ལྗོན་པའི་ཚོགས་ནི་སྦྲང་ཆང་མངར་མོས་མྱོས།།
མཛེས་ལྡན་མེ་ཏོག་ཚང་ཚིང་སེང་ནས་འཛུམ།།
རྟ་བདུན་དབང་པོས་ནམ་མཁའི་གླང་པོ་ཆེའི།།
འོག་ནས་དལ་བུར་མགྲིན་པ་འཁྱོག་ནས་ནི།།
སྙིང་གི་སྡུག་གུར་ཡང་ཡང་ལྟ་དང་མཚུངས།།
གྲོག་རོང་ཆུ་ཕྲན་སྐད་སྒྲ་ཤང་ཤང་སྒྲོགས།།
ལྗོན་པའི་ཡལ་འདབ་ཆུ་ཐིགས་འཁུར་གྱིས་ལྕི།།
མཛའ་བོ་དྲན་པའི་གདུང་བས་མནར་བ་ཡིས།།
མཆི་མ་མུ་ཏིག་ཕྲེང་ཐག་ཆད་པར་འགྲན།།
དེ་ལྟའི་གནས་མཆོག་དབེན་པའི་རི་ཁྲོད་ན།།
མཛེས་སྡུག་བལྟ་བས་མི་ངོམས་བུ་མོ་ཞིག།
ལག་པ་ཐོད་པར་བཀབ་ནས་རྐྱང་རིང་གི།
མཛའ་བོར་སྒུག་པ་ལྟ་བའི་སྣང་སྙན་འབར།།
འཁྲི་ཤིང་རྐང་པར་འཁྲི་བའི་རྩེ་མོ་ན།།
བཞིན་རས་པད་འདབ་ལྷུག་པོར་འཁྲོལ་བའི་འདབ།།
མུ་ཏིག་དོག་པ་ལྟ་བུའི་མཆི་མའི་རྒྱུན།།
དྭངས་གཙང་སེམས་ཁམས་གཞན་ལ་ངོམས་པ་འདྲ།།
ཕྱག་གཉིས་མཁའ་དབྱིངས་སྤྲིན་གྱི་དྲ་བ་ན།།
ཟླ་བར་བྱིལ་བྱིལ་བྱེད་པའི་ངང་ཚུལ་གྱིས།།
མཚན་མོའི་མགྲོན་པོ་མཁའ་འདིའི་ངོས་དག་ཏུ།།
ལོ་ཟླ་འཁོར་མོ་ཡུག་ཏུ་བཏགས་སྙམ་བྱེད།།
ཀེམ་ཀེམ་གཡོ་པའི་རྫི་མའི་ནང་ཀླུང་ན།།
སུམ་སུམ་འཕུར་ལྡིང་རོལ་བའི་སྤྱན་གཉིས་པོ།།
མཛེས་མཛེས་སྨན་ལྗོངས་འདི་ལ་ཆགས་པ་ལྟའི།།
ནགས་ཀྱི་ལྷ་ཡང་ཏིང་འཛིན་གཉིད་ལས་སློང་།།
ཐོག་མར་བཀུར་འོས་རྡོར་དབང་ལགས་སུ་ཐུགས་རྗེ་ཆེ་ཞུ་བ་ཡིན།
བཀུར་འོས་གཞོན་ནུ་ཟླ་མེད་ལགས་ཀྱི་སྙན་རྩོམ་དེ་ཀློག་དུས། ཡིད་འོང་མ་དེ་ཡང་བཀོད་ལེགས་འོད་སྣང་དུ།
དྲན་པའི་གདུང་བས་མནར་ནས་བཞུགས་རྒྱུ་རང་རེད་འདུག ཐུགས་རྗེ་ཆེ།
ཨེ་མ། ཕ་མཐའ་མི་མངོན་སྟུག་པོའི་ནགས་ཀློང་ཏུ། །ཉི་་ཟླའི་སྤྱན་རས་གཡོ་བའི་སྟོབས་ལྡན་བུ། །དྲག་པོའི་རྐན་སྐྲ་སྒྲོགས་པའི་ཐོག་མདའ་དང་། །བརྗིད་པའི་གོམ་སྒྲས་ཡངས་པའི་ས་ཆེན་འདར། །དགྱེས་པའི་བཞད་སྒྲ་འབྲུག་སྟོང་གྲགས་པའི་ཟླ། །དམར་བཟླུམ་ཟུར་མིག་གློག་ཞགས་འཁྱུགས་པའི་སྤུན། །བརྗིད་པའི་སྐུ་ལུས་རི་རབ་ལྷུན་པོ་ལ། །མཁྲེགས་པའི་དཔུང་བ་ལྕགས་ཀྱི་སྡོང་པོར་རྩོད། །བརྙས་པས་མི་ནོན་དབུ་འཕང་ཀུན་གསལ་རྒྱན། །འབྱོར་བས་མི་ཁེངས་དམན་འགྲོ་གཅེས་པའི་སྙིང་། །རྒན་པར་གུས་ཤིང་ཡོན་ཏན་ཅན་ལ་བརྟེན། །དཔའ་བོ་ཆེན་པོས་ཚངས་པ་ཟིལ་གྱིས་གནོན། །ཕ་རྒྱུད་གསེར་རིའི་ཕྲེང་བ་ལྷུན་ཆགས་ཤིང་། །མ་རྒྱུད་རྨ་ཀླུང་བདུད་རྩིའི་གཞུང་མ་ཆད། །རང་སྒོ་ཆོས་ནོར་ཐབས་ཀའི་དཔལ་འབར་བར། །འབུམ་ཕྲག་ལྷ་མོ་རྩི་དང་སྦྲང་མ་བཞིན། །
བཀུར་འོས་དྲི་མེད་ལྷག་བསམ་ལགས།
མ་འདྲིས་སེམས་པ་མཐུན་པའི་དྲ་གྲོགས་ལགས།།
རབ་ཡངས་འཇིག་རྟེན་སྲིད་པའི་འཁོར་བ་འདིར།།
ཁ་བརྡ་དུས་བབ་ཀུན་གསལ་ཡངས་པའི་ངོར།།
ཤེས་ལྡན་ཉི་ཟླ་རྒྱ་སྐར་ཨེ་མ་མཚར།།
ཀ་ཡེ་བརྡ་འཕྲིན་ནམ་མཁའི་གོ་ལའི་ཁྱོན།།
ཁ་བརྡའི་འཁོར་ཡུག་ལྷ་ཡི་སྐྱེད་ཚལ་འདྲ།།
ག་བུར་ཟེགས་མ་ལྟ་བུའི་ངག་རིག་ཁྲོད།།
ང་ལ་འཕྲོད་པ་བསམ་གཏན་ཁང་བཟང་གླིང་།།
ཅ་ཅོ་མ་ཡིན་དབྱངས་ཅན་ཏམ་བུ་ར།།
ཆ་ཆོལ་མ་ཡིན་ཞིལ་དུལ་ཉེ་བར་འཁོར།།
ཇ་ཡུན་ཙམ་ལ་ཞི་བདེ་རོལ་མྱོང་གིས།།
ཉ་རྒྱས་ཟླ་བའི་བསིལ་བ་ཐོབ་པར་གྱུར།།
ཏ་ལེ་ཤིང་གི་ལོ་མ་འདབ་ཡངས་ངོས།།
ཐ་སྙད་ཚིག་གི་ཕྲེང་པ་བཀྲམ་པ་ལྟར།།
ད་ལྟ་ཕྱོགས་སུ་འཁྱམ་པའི་དྲ་གྲོགས་ཚོ།།
ན་མཉམ་བགྲོ་གླེང་བྱེད་པའི་དོ་རར་འཛོམས།།
པ་སངས་ལྟར་དཀར་ལྷག་པའི་བསམ་པ་ཡིས།།
ཕ་མེས་རིག་གཞུང་ཟབ་མོའི་ཤུལ་ལམ་དུ།།
བ་མོའི་འགྲོས་ཀྱིས་ནུར་ཞིང་བསྐྱོད་པ་ནི།།
མ་རིག་མུན་པའི་ཁྲོད་ཀྱི་སྒྲོན་མེ་ཉིད།།
ཙཱ་ཊི་ངག་གི་སྒྲོན་མེ་ཁྱོད་ཅག་གིས། །ཚ་གྲང་ཁྱད་དུ་བསད་བཟོད་པའི་གོ་བགོས་ཏེ། །ཛ་ཡའི་བསྟན་དང་འགྲོ་ལ་སྨན་པའི་ཕྱིར། །ཝ་རྗེས་མ་བསྙེགས་གངས་སེང་རང་མདོག་སྟོན། །ཞྭ་ཡི་ཁ་དོག་རྩོད་པའི་ཆོས་ར་དང་། །ཟ་ཚོད་ས་ཞིང་རྩོད་པའི་ཁྱིམ་པའི་སྡེ། །འ་འུར་གྲགས་པའི་རྗེས་འབྲངས་ཆབ་སྲིད་པ། །ཡ་རབས་མེས་དབོན་དམ་པའི་བསླབ་བྱར་ཉོན། །ར་རྫི་ལུག་རྫིགང་ཞིག་ཡིན་ཀྱང་རུང་། །ལ་རྒྱ་བསམ་དཀར་ཡིན་ན་དེ་གས་ཆོག །ཤ་ཁྲག་གཅིག་པའི་དྲ་གྲོགས་སུ་ཡིན་ཀྱང་། །ས་ལའི་སྨན་ལྗོངས་རིག་གཞུང་དར་སྤེལ་མཛོད། །ཧ་ལམ་གླེང་སྟེགས་འདིར་འཁོད་གྲྭ་བ་སྟེ། །ཨ་ནེ་ཇོ་སྔགས་རིགས་ཀྱང་མི་ཉུང་ཙམ། །ཨ་མདོ་ཁམས་པ་གཉིས་ཀ་དེ་ཡི་ཕྱེད། །ཧ་ཅང་མདོར་བསྡུས་གླུ་དབྱངས་དེ་ཙམ་མོ། །
ཨེ་མ་དབེན་པའི་ཡོན་ཏན་བསམ་ཡས་གླིང་། །
རང་བྱུང་དོན་གྱི་ཏིང་འཛིན་རྒྱས་པའི་གནས། །
ཚེ་རིང་ལྷ་མོ་དགྱེས་པའི་གར་སྟེགས་སུ། །
དྲི་མེད་ལྷ་རེག་དཀར་པོས་མཆོད་སྤྲིན་སྤྲོ། །
ཐོས་པའི་སྒྲ་འཛིན་བག་ཡངས་རྒྱུ་བའི་ལྗོངས། །
བསམ་པའི་ཏིང་འཛིན་ངང་གི་འཁྲུངས་པའི་ཞིང་། །
སྒོམ་པའི་བདེ་གསལ་མི་རྟོག་སྤེལ་བའི་ལྕམ། །
དབེན་གསུམ་དོན་གྱི་རྒྱལ་མོ་ཨེ་མ་ཧོ། །
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
ཡིད་འོང་དཔག་བསམ་ལྗོན་པ་གང་གི་རྩེར།།
གང་འདོད་འབྲས་བཟང་ཅི་ཡང་རབ་ཏུ་སྨིན།།
བཅུད་ལྡན་འབྲས་བུས་མཆོག་གསུམ་མཆོད་པ་བཞིན།།
ཀ་ལིའི་དབྱངས་ཀྱིས་སྐྱེ་བོའི་ཡིད་དབང་འཕྲོག
བཀུར་འོས་དྲ་གྲོགས་དྲི་མེད་ལྷག་བསམ་ལགས།
རབ་ཡངས་ཤེས་བྱའི་སྐྱེས་ཚལ་ཡངས་མོ་འདིར།།
མི་རིགས་གཅིག་དང་ཆོས་ལུགས་གཅིག་གི་སྤུན།།
བླ་མ་གཅིག་དང་དད་པའི་སྟོབས་ཤུགས་གཅིག
ཕན་ཚུན་འདྲིས་གཤིབ་ལ་རྒྱའི་གདུང་བ་ཟབ།།
བཀུར་འོས་དྲ་གྲོགས་དཔལ་གྱེས་པ་རྡོར་རྗེ་ལགས།
མ་མཇལ་ཡིད་ཀྱི་སྦྲེལ་ཐག་ཟབ་མོས་བཅིངས།།
མ་བསམ་གྲོགས་བཟང་དྲ་རྒྱའི་ཞིང་ནས་མཇལ།།
མ་བཤད་སྙིང་གཏམ་སྙན་རྩོམ་རིན་ཆེན་ཕྲེང།།
མ་ལུས་དྲ་གྲོགས་ཀུན་ལ་ཡིད་ཀྱི་དཔྱིད།།
བསམ་མཐུན་ཡིད་འོང་གླིང་ན་ཚེ་རིང་གི་ལྷ་མོ། །གཞོན་ནུ་ཟླ་མེད་སྙན་གླུའི་འགྱུར་ཁུག་དང་རྩེན་ཅིང་། །རྨི་ལམ་དབང་ཕྱུག་དགྱེས་པའི་ཤིས་ཚིག་གིས་བསུས་པར། །དྲི་མེད་དར་དཀར་འབུལ་བ་དུས་ཚོད་དང་འབྲེལ་བ། །
ན་མོ་གུ་རུ། །རྒྱ་མེད་གནམ་འཕང་གཅོད་པ་ཁྱུང་ཆེན་གྱི་སྤུན་ཟླ། །ཐོལ་བྱུང་སྙན་གླུར་མཉེས་པའི་རྨི་ལམ་གྱི་དབང་ཕྱུག །བསམ་གླིང་ལྷ་མོའི་སྙན་རྩོམ་གྲུ་ག་ལ་ཕེབས་ཤིང་། །གཞོན་ནུར་སྐྱལ་རྩལ་འགྲན་པའི་རོལ་སྟོན་དེར་མཉེས་སམ། །ང་ཡི་ཡིད་འཛིན་འོ་མའི་མཚོ་ཆེན་གྱི་ཀློང་ཏུ། །མཉེན་ལྡེམ་ཟུར་མིག་ཉ་མོའི་འཁྱུགས་རྩལ་ལ་བྲེལ་ཡང་། །འདུན་མའི་མཁའ་དབྱིངས་བརྒལ་བའི་ཤེས་རབ་ཀྱི་རྟ་བདུན། །ད་དུང་དབང་ཕྱོགས་མཁའ་གླིང་ལྟོ་བ་རུ་མནལ་འདུག །བརྩེ་ཆེན་པདྨོ་བཞད་པར་དོན་མཐུན་གྱི་སྦྲང་བུ། །སྡེ་བཞིའི་སྦྲང་རྩིའི་དཔལ་ལ་བག་ཡངས་སུ་སྤྱོད་གྱིན། །སྣ་ཚོགས་སེམས་ཀྱི་འཆར་སྒོ་གླུ་དབྱངས་སུ་གྱེར་བ། །ས་མཐའི་མཚོ་བ་རོལ་བའི་ཐབས་ཀ་ཞིག་ལགས་སོ། །
ལྗང་མདོག་གོས་སུ་ཀླུབ་པའི་ཡུལ་ལྗོངས་ཀྱི་ངོས་སུ།།
མཛེས་འཛུམ་ལྗོངས་རྒྱུར་བསྐྱོད་པའི་ཁེར་རྐྱང་གི་བུ་མོ།།
བསམ་གཏན་དཀྲོགས་ཡོང་བསམ་ནས་ཁ་ཁེར་ལ་བཞག་དུས།།
དྲི་མེད་ལྷག་བསམ་དཀར་པོ་ར་མདའ་བཞིན་རྒྱུགས་པ།།
གཞོན་ནུ་བཞིན་བཟང་ང་འདྲ་ཕྲག་དོག་གིས་བཟི་ནས།།
རྐང་གཉིས་འཁྱར་འཁྱོར་འཐག་ཁྲིའི་སྒྲ་གདངས་དང་འདྲ་བར།།
ཡང་གཅིག་ཚིག་གི་ཉམས་འགྱུར་ཅུང་ཟད་ཅིག་ངོམས་ནས།།
ཁ་ཡག་ཚིག་གི་ཕྲེང་པ་འདི་འདྲ་ཞིག་སྤེལ་ལོ།།
བསམ་གཏན་བསམ་པའི་དཔལ་ཡོན་བཞིན་རས་བཞིན་མཛེས་པ།།
གླིང་བཞི་གླིང་ཕྲན་དང་བཅས་གྲགས་སྙན་གྱིས་ཁྱབ་པ།།
ཚེ་ལྷས་ཚེ་རབས་ཀུན་ཏུ་སྐྱབས་འོག་ཏུ་བཟུང་པ།།
རིང་ན་གནས་ཀྱང་རིག་བྱེད་ལྷ་མོ་དང་འདྲ་བ།།
ངག་རིག་ཅ་ཅོ་དྲ་རྒྱའི་སྟེགས་བུ་ནས་དཀྲོལ་ཚེ།།
ཡིད་ཀྱི་བརྟན་པ་ས་ཕྱོགས་དེ་ག་ལ་ཤོར་སོང་།།
འཛུམ་པའི་ཞལ་རས་དྲི་མེད་ལྷག་བསམ་ལ་སྟོན་ན།།
ཡིད་སྲིབས་མདའ་མོ་བདག་གི་བྲང་དཀྱིལ་དུ་ཟུག་འགྲོ།
ཁ་དང་ཚིག་གི་ཆུ་བོ་ཕྱོགས་དེ་ལ་དྲང་ནས།།
སེམས་པའི་མིག་ཟུར་ཕྲ་མོ་འདིའི་ཕྱོགས་ལ་འབྱོར་ན།།
ང་ཡི་རྐང་པའི་རྗེས་སུ་ང་བཞིན་དུ་འཚང་པའི།།
དགྱེས་པ་རྡོར་རྗེ་ཁོང་གི་རེ་བ་ཡང་འགྲུབ་སྙམ།།
དྲ་གྲོགས་དྲི་མེད་ལྷག་བསམ་ལགས།
དེང་དུས་སྲིད་པའི་བདེ་སྡུག་འདུ་ལོང་རང་ཆེ་ཞིང།།
འཛམ་གླིང་ཡུན་གྱིས་བསྐོར་བའི་དུས་རབས་ལ་སླེབས་ཀྱང།།
རང་ཅག་གངས་ཅན་པ་རྣམས་ས་མཐར་རང་གྱར་དུས།།
སྐྱིད་སྡུག་རེས་མོས་གླེང་ས་འདི་རང་ལ་ཕེབས་ཤིག
བདག་ཀྱང་དྲན་འཛིན་དབང་པོ་འཁྱག་རེངས་ལ་ཐེབས་ཤིང།།
ཡིད་ངོགས་སྡུག་གིས་ཁེངས་པའི་རྨི་ལམ་དང་ཐུག་ཚེ།།
གྲོགས་མེད་ཁེར་རྐྱང་འཚོ་བར་དགོས་མཁོ་རང་ཆེ་བའི།།
ཁ་བརྡ་ཟིན་བྲིས་དག་ནི་གྲོགས་མོ་ཡི་མཆོག་འགྱུར།།
མ་བརྗེད་ཡིད་ཀྱི་དཀའ་བ་རང་ཡལ་དུ་སོང་ཞིང།།
མ་སླེབས་ས་ཐག་རིང་པོའི་རོལ་དབྱངས་ལ་ཉན་ཞོར།།
མ་བྲིས་སེམས་ཀྱི་རི་མོ་དབང་མེད་དུ་ཤོར་དུས།།
མ་བསམ་གྲོགས་ཀྱི་སེམས་གཏམ་སྦྲང་རྩི་ལས་མངར་བ།།
དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
གཞོན་ལུས་ལང་འཚོའི་ཆ་ཤས་མེ་ཏོག་ལྟར་རྫོགས་ཤིང།།
ནུ་འབུར་རབ་ཏུ་སྨིན་པའི་ཆུ་འཛིན་རང་གཡོ་ལ།།
ཟླ་བ་འབུམ་གྱིས་མཛེས་པའི་སྐྱེས་གཟུགས་དང་ལྷན་དུ།།
མེད་བརླག་སྡུག་གསུམ་བྲལ་བའི་མཚོ་འབྱུང་མར་བསྟོད་དོ།།
ཅ་ཅོ་ཟང་ཟིང་ས་འཛིན་མེ་ཏོག་གིས་དབུས་སུ།།
སྦྲང་མའི་ཟིར་ཟིར་གླུ་སྒྲ་བར་མེད་རང་བསྒྲོག་པའི།།
སྤང་ལྗོངས་ལུ་གུ་ཐར་ཐོར་རེའུ་བེའུ་ཡི་དབུས་སུ།།
བྱིས་པ་དགའ་སྤྲོའི་རྩེད་ཇོར་རོལ་པ་ཡང་དྲན་བྱུང།།
མཐའ་ཡས་སྤང་ཐང་དྲི་ཞིམ་མེ་ཏོག་གིས་ཁེངས་དུས།།
དངས་གཙང་བྱིས་པའི་སེམས་ཁམས་དགའ་སྤྲོ་ཡིས་ཉིས་ཤིང།།
ཕན་ཚུན་ལག་འཇུ་བྱས་ཤིང་སྐད་གསེང་རང་མཐོན་པོས།།
དགའ་སྐྱིད་གླུ་རུ་ལེན་པའི་སྣང་བརྙན་ཡང་འཆར་བྱུང།།
དགའ་སྤྲོ་ཡིས་ཉོས་ཤིང།། ལ་བཅོས་རོགས།
སོར་རྟོགས་རིག་མ་དགྱེས་པའི་ཚངས་དབྱངས་དོ་ཧ། །
ན་མོ་ཌྰཀྐི་ནི། །
རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་མཛེས་ལྗོངས་ཀྱི་དཀྱིལ་འཁོར། །
རང་བྱུང་བསམ་ཡས་ལྷུན་གྲུབ་བདེ་མཆོག་གི་ཕོ་བྲང་། །
མ་འོས་མགྲོན་དུ་ཁུགས་པའི་ཚེ་རིང་གི་ལྷ་མོས། །
སྒྱུ་འཕྲུལ་སྙན་པའི་བརྡ་གླུ་ཁུ་བྱུག་ལ་སྙན་སོང་། །
ས་མཐའི་གྲོང་མཐར་ཉུལ་བའི་མདོ་མེད་ཀྱི་སྤྲང་པོ། །
རྨི་ལམ་ཞིང་ཁམས་མཇལ་བའི་རྟོགས་ལྡན་གྱི་རྣལ་འབྱོར། །
ཡིད་མཐུན་ལྷ་ལྕམ་ཕེབས་པའི་ལྗོངས་རྒྱུ་རུ་འོང་ནས། །
དགའ་བདེ་བཅུ་དྲུག་སྨྱོས་པའི་གླུ་བྲོ་རེ་ཁྲབ་ཡ། །
དབེན་གསུམ་ཏིང་འཛིན་རྒྱལ་པོའི་ཐུགས་དམ་དེ་སད་པས། །
འཇམ་མཉེན་ཕྱག་རྒྱའི་གར་སྟབས་ཅི་དགའ་རུ་བསྒྱུར་ནས། །
ཨེ་ཝྃ་ཐོལ་བྱུང་དོ་ཧ་གང་དགའ་རུ་བླངས་པས། །
གནས་གསུམ་མཁའ་འགྲོ་དགྱེས་པའི་ཚོགས་གྲལ་ཕེབས་འགྲོ། །
མི་འཇིགས་རྡོ་རྗེའི་གར་གྱི་དཔའ་རྫོང་གི་དབང་ཕྱུག །
བདེ་ཆེན་པདྨ་དགྱེས་པའི་རྩལ་དྲུག་གི་དཔུང་ཤུགས། །
དབུས་རྒྱལ་ལྷུན་པོའི་གཡོ་འགུལ་བྱེད་པ་དེ་མཐོང་ངམ། །
ལྷ་མིན་དམག་ཚོགས་འཇོམས་པའི་གཡུལ་ངོ་རུ་ཆས་ཐལ། །
བྱམས་བརྩེའི་སྤྲིན་ཆེན་འཁྲིགས་པའི་དུང་ཁང་གི་དཀྱིལ་ནས། །
སྙིང་ཐིག་བདུད་རྩིའི་ཆར་ཆེན་འབད་མེད་དུ་འཇོ་བས། །
འདོད་ཡོན་རྒྱན་དུ་འཆར་བའི་རིག་མ་འདྲ་ཡོད་ན། །
གང་འདོད་ལོངས་སུ་སྤྱོད་པའི་མཆོད་སྦྱིན་དུ་འབུལ་ལོ། །
ཆགས་མེད་ཆགས་པ་ཆེན་པོ་དབང་ཆེན་གྱི་རང་མདངས། །
རྟེན་གཡོའི་སྣང་སྲིད་སོར་རྟོགས་ཡེ་ཤེས་ཀྱི་ཉི་མོར། །
འཁོར་འདས་ཀུན་ཁྱབ་རིག་པའི་རྟུལ་ཞུགས་ཀྱི་འོད་སྣང་། །
བདེ་སྟོང་རང་བྱུང་མཆོག་གི་ལོངས་སྤྱོད་ལ་རོལ་ཤོག །
དྲི་མེད་ལྷག་བསམ་དཀར་པོའི་སེམས་བསྐྱེད་ཀྱི་དྭངས་མ། །
མ་ལུས་སེམས་ཅན་རྒྱུད་ལ་འབད་མེད་དུ་འཕོས་ནས། །
ཞི་བདེ་རྒྱ་མཚོ་ཆེན་པོ་མྱང་འདས་ཀྱི་རྒྱལ་ཁམས། །
དག་རྫོགས་སྨིན་པའི་དགའ་སྟོན་ལོངས་སྤྱོད་འདི་ཨ་ཧོ། །
ཞེས་པའང་དྲི་མེད་ལྷག་བསམ་གྱིས་བསྐུལ་བ་ལྟ་བུས་སྦས་གསང་མེད་པར་ཤྲྰི་སྨྱོན་པས་པུནྱེ་དེ་ཝི་ལ་སྤྲིངས་པ་དགེའོ། །
ཨོ་ཨོ། མཁན་ཆེན་རྡོ་རྗེ་འཆང་གི་བསམ་གླིང་ཚེ་རིང་ལྷ་མོ་ཁབ་ཏུ་བཞེས་རྒྱུ་ཡིན་པ་འདྲ། ཡིན་ན་ཡང་བསྟོད་སྔ་སོང་ནི་རེད། ཨ་ནེ་ལོག་སོང་བ་ཞིག་ཡིན་པར་གོ་ཐོས་ཡོད། པུ་གུ་གཅིག་གཉིས་སྐྱེ་ཚར་ནི་རེད། ད་བཟའ་བར་མ་སྐྱེབ་ན་སྲ་ནི་རེད། པདྨས
ཨོ་ཨོ། མཁན་ཆེན་རྡོ་རྗེ་འཆང་གིས་བསམ་གླིང་ཚེ་རིང་ལྷ་མོ་ཁབ་ཏུ་བཞེས་རྒྱུ་ཡིན་པ་འདྲ། ཡིན་ན་ཡང་བསྟོད་སྔ་སོང་ནི་རེད། ཨ་ནེ་ལོག་སོང་བ་ཞིག་ཡིན་པར་གོ་ཐོས་ཡོད། པུ་གུ་གཅིག་གཉིས་སྐྱེ་ཚར་ནི་རེད། ད་བཟའ་བར་མ་སྐྱེབ་ན་སྲ་ནི་རེད། པདྨས
སྙན་རྩོམ་གྲིབ་བསིལ་ཚལ་དུ་ངལ་གསོ་བའི། །བསམ་གླིང་ལྷ་ཡི་བུ་མོ་ལུས་ཕྲ་མར། །རིགས་ཀྱི་མྱུ་གུ་བལྟར་བ་བདེན་སྲིད་ན། །གངས་ལྗོངས་མི་རིགས་འཕྭེལ་བའི་ཆེ་བ་ཉིད། །བདེན་རྫུན་ཕྱེད་མའི་དྲ་བའི་དོ་ར་རུ། །མཁས་པའི་བགྲོ་གླིང་རོལ་མོ་འཁྲོལ་བ་ལ། །ཁྱིམ་དུ་བུ་ཚའི་ཕྱྭ་གཡང་འཁོར་ཞེས་པ། །དྲ་གྲོགས་རྣ་བའི་གླིང་བུར་སྔར་ལས་འཇེབས། །
བཀུར་འོས་དྲ་གྲོགས་དཔལ་དགྱེས་པ་རྡོར་རྗེ་ལགས་སུ།
མི་རིགས་ཀྱི་གཟི་བརྗིད་མཚོན་པའི་རིག་གནས་ཀྱི་མདོ་རར།།
སྙུག་རྩལ་གྱི་གྱི་ལིང་རྟ་ཕོ་གང་འདོད་དུ་བཀོལ་ཅིང།།
ལྷང་ལྷང་དུ་རྣ་བར་བརྗིད་པའི་སྙན་ངག་གི་དབྱར་རྔ།།
གསུམ་རྩེན་ན་དགའ་བདེ་འཕེལ་བ་དེ་འདྲ་ཞིག་སྲིད་དམ།།
བཀུར་འོས་དྲ་གྲོགས་པད་མ་གེ་སར་ལགས་སུ།
འཇིག་རྟེན་སྲིད་པའི་མཁའ་ལམ་ཡངས་མོ་ཡི་དབུས་སུ།།
མཆོག་དམན་དགའ་མའི་རྒྱུ་སྐར་གྲངས་མེད་ཅིག་བཀྲ་ཡང།།
རང་རང་དགའ་སྐྱིད་གླུ་དབྱངས་ཅི་དགའ་རུ་བླངས་པ།།
ཡིད་སེམས་བདེ་ལ་འཁོད་པའི་རྒྱུ་རུ་རང་འགྱུར་ཤོག
བཀུར་འོས་དྲ་གྲོགས་དྲི་མེད་ལྷག་བསམ་ལགས་སུ།
འཇིག་རྟེན་སྲིད་པའི་གཏམ་དེ་ཕྱེད་བདེན་དང་ཕྱེད་རྫུན།།
དེ་ནི་རླུང་བུས་བསྐུལ་བའི་ལོ་ལྗང་དང་མཚུངས་ཀྱང།།
ཉིད་ཀྱི་དྲི་མ་མེད་པའི་ལྷག་བསམ་ལ་ཉན་ན།།
ཡིད་ལ་བདེ་བའི་སྤུ་ལོང་ངམ་ངམ་དུ་རྒྱས་སོང།།
དྲ་གྲོགས་ལྷན་རྒྱས་ལ་རང་ཉིད་དུས་ཐོག་མ་འབྱོར་བར་དགོངས་གལ་མེད་པ་ཞུ།