དོལ་སྨྱོན།
བཅོ་ལྔ་ཡི་དུང་ཟླ། མེ་ཏོག་གི་མཛེས་སྡུག
དྭངས་གཙང་གི་བབ་ཆུ། འདི་དག་མཐོང་ཐེངས་རེ་རེར།
ངས་བརྗེད་ཟིན་པའི་མ་ཡུམ་གྱི་ཞལ་རས་སེམས་ཁུང་ན་ཤར་བྱུང་།
རྒྱུད་མང་གི་དབྱངས་རྟ། ཁུ་བྱུག་གི་མགྲིན་བརྡ།
སྙན་འཇེབས་ཀྱི་གླུ་སྒྲ། འདི་དག་ཐོས་ཐེངས་རེ་རེར།
ངས་བརྗེད་ཟིན་པའི་མ་ཡུམ་གྱི་གསུང་འཇམ་སེམས་གཏིང་ནས་དྲན་བྱུང་།
ཨེ་མ།
རང་བྱུང་ཁམས་ཀྱི་མཛེས་སྡུག་ནི་ཆེས་ཕུལ་བྱུང་གི་མཛེས་སྡུག་ཅིག་དང་།
ཡོད་ཚད་ཀྱི་བློ་སེམས་འཕྲོག་བྱེད་ཀྱི་མཛེས་སྡུག་ཅིག་ཡིན་པར་ཅོ་འདྲི་མི་དགོས་ཀྱང་།
ང་ལ་མཚོན་ན་དེ་ཙམ་གྱིས་ག་ལ་ཚད་དེ།
ངས་མ་ཡུམ་དྲན་ཐེངས་རེ་རེར།
རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་ངོམས་མེད་དུ་བལྟ་ཞོར།
སེམས་གཏིང་གི་སྐྱོ་གདུང་ཡོད་ཚད་མཁའ་དབྱིངས་སུ་གཏོར་དུས། ད་གཟོད།
རང་བྱུང་ཁམས་ནས་ངས་བོར་ཟིན་པའི་མ་ཡུམ་གྱི་ཞལ་རས་སླར་ཡང་མཐོང་བྱུང་ལ།
བཞུད་ཟིན་པའི་མ་ཡུམ་གྱི་གསུང་དབྱངས་སླར་ཡང་མཐོས་བྱུང་།
ངས།
དྲན་བཞིན་འདུག ལོ་ཟླ་དེ།
ལོ་ངོ་སོ་བདུན་ལ་བརྒལ་མ་ཐག་པའི་ངའི་མ་ཡུམ།
མི་ཚེ་དང་ཁྱིམ་ཚང་ལ་འོད་སྣང་སྒྲོན་མ་ཐག་པའི་ངའི་མ་ཡུམ།
དགུན་གསུམ་གྱི་གྲང་ངར་རྒོད་ས་ནས།
ཁྱོད་ཉིད་གློ་བུར་དུ་མལ་སར་ལྷུང་ཞིང་།
སྨན་དཔྱད་དང་རིམ་འགྲོ་གང་གིས་ཀྱང་མ་ཕན་པར།
བགྲང་བྱ་གསུམ་དང་ཟླ་ངོ་བདུན་ལ་ཟིན་པའི་ཉིན་མོར།
ཁྱོད་ཀྱི་སྐམ་ལ་རིད་པའི་མིག་ཟུང་། ངའི་ཡབ་ཀྱི་གདོང་ལ་གཅེར་ནས།
ཤུལ་དུ་ལུས་པའི་བྱིས་པ་ཚོར་བལྟ་སྐྱོང་ལེགས་པའི་ཁ་ཆེམས་དང་།
ངའི་ལག་ཟུང་དམ་དུ་བཟུང་ནས།
ཡབ་ཆེན་གྱི་བཀའ་བཞིན་བསྒྲུབ་རྒྱུའི་ཁ་བརྡ་གནང་བཞིན།
ནང་མི་དང་མི་ཡུལ་ལ་གྱེས་ཕྱག་བཏང་ནས།
ནམ་ཡང་ཐུག་འཕྲད་མེད་པའི་ལམ་ལ་འཆས་སོང་།
ངའི་མ་ཡུམ། ཁྱེད་ཕེབས་པའི་ཤུལ་དུ།
ཞི་བདེའི་འོད་སྣང་འཁྱིལ་བའི་འུ་ཚང་གི་ཁང་ཆུང་གྲུ་བཞི་ནི།
སྡུག་བསྔལ་གྱི་བཙོན་གདོང་ཞིག་ཏུ་གྱུར་ཅིང་།
ཅི་ཡང་ལེན་ཐུབ་ཅིང་གང་ཡང་འདོར་ཕོད་པའི།
ངའི་ཡབ་ཆེན་གྱི་བློ་སྟོབས་ཡང་། རྡོ་ཡིས་རྨས་པའི་བྱིའུ་དང་མཚུངས།
ལོ་ཟླའི་ཀྱོག་མཚམས་དེ་དག་གི་རིང་། ཁང་ཁྱིམ་གྲུ་བཞིའི་གྲུ་ཁ་ན།
ཡབ་ཆེན་གྱིས་པི་ཝང་མི་འཁྲོལ་ཞིང་། ཨ་ཅས་གླུ་ཆུང་ཡང་མི་ལེན་ལ།
ངེད་སྤུན་མཆེད་རྣམས་ཀྱི་ཐལ་རྩེད་ཡང་མ་རྩེ།
ངའི་མ་ཡུམ། ཁྱེད་ཀྱིས་དག་ཞིང་ནས་ཨེ་གཟིགས།
དེ་ནས་བཟུང་ཡབ་ཆེན་གྱི་ཧུར་བརྩོན་དང་།
འཁོར་ཡུག་གི་གནས་སྟངས་ཁྲོད། སླར་ཡང་།
སྡུག་བསྔལ་གྱི་མུན་པ་རིམ་གྱིས་ཡལ་ཞིང་།
ཞི་བདེའི་འོད་སྣང་རྒྱས་མགོ་རྩམ།
ལོ་ཟླ་དེ་དག་གི་རིང་།
གཏི་མུག་གི་མུན་པར་ཡིབ་པའི་བུ་ཆུང་ངས།
གོར་ཞིང་འཇམ་པའི་ཞལ་རས། སྙན་ཞིང་འཇམ་པའི་གསུང་བརྡ།
ཞི་ཞིང་དུལ་བའི་སེམས་རྒྱུད། དྲང་ཞིང་ལྡེམ་པའི་གཤིས་ཀ
མདོར་ན། ངའི་དྲིན་ཅན་གྱི་མ་ཡུམ།
ཁྱོད་ཀྱི་བྱམས་བརྩེ་དང་མཛེས་སྡུག་གི་ཆ་ཤས་ཡོད་ཚད་ནས་ཡོད་ཚད་
བརྗེད་ངེས་ཀྱི་རྐུན་པོར་ཕུལ་ནས།
བགྲང་བྱ་བཅུ་ཕྲག་གཉིས་དང་ཉག་མ་གསུམ་ལ་འཁོར་བའི་དེ་རིང་།
ངས་སླར་ཡང་མི་ཡུལ་གྱི་གྲུ་ཁ་འདི་ནས་ཁྱོད་ཉིད་འཚོལ་བཞིན་ཡོད་ལ།
ངས་སླར་ཡང་དུས་རབས་ཀྱི་ཀྱོག་མཚམས་འདི་ནས་ཁྱོད་ཉིད་དྲན་བཞིན་ཡོད།
ངའི་མ་ཡུམ།
ཉེར་གཅིག་པའི་དུས་རབས་འདིར་ཚན་རིག་གི་འཕྲུལ་རྩལ་ལ་བརྟེན་ནས།
པྲ་དང་མོ་ལ་མི་ལྟོས་པར་དུས་གསུམ་གྱི་འགྱུར་བ་རྟོགས་རྒྱུ་འདུག་ལ།
ཏིང་འཛིན་དང་རྩ་རླུང་ལ་མི་ལྟོས་པར་ཉི་ཟླའི་སྟེང་ལའང་
འགྲོ་རྒྱུ་འདུག འོན་ཀྱང་ང་ལ་ཐ་ན།
མ་ཡུམ་གྱི་འདྲ་པར་ཞིག་ཀྱང་དྲན་རྟེན་དུ་འཆང་རྒྱུ་མེད་པ་ནི།
ཡུལ་ལུང་གི་བཀའ་ཆད་ཡིན་ནམ། ང་རང་གི་ལས་དབང་ཡིན།
ངའི་མ་ཡུམ།
གལ་སྲིད་ཁྱོད་རང་ད་ལྟ་བཞུགས་ཡོད་རྒྱུ་ན།
ངས་ཡུན་རིང་དཀའ་བས་བསགས་པའི་སྣ་མང་ཤེས་བྱ་ཡི་མཆོད་པ་རེ་རེ།
མེ་ཏོག་གི་ཚོམ་བུར་སྤྲུལ་ནས་ཁྱོད་ཀྱི་སྐེའི་རྒྱན་དུ་བརྒྱུས་ཆོག་ལ།
ཁྱོད་ཀྱི་མཐོས་མ་མྱོང་བའི་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཞིག
དྲི་ཟའི་གླུ་དབྱངས་ལ་སྤྲུལ་ནས་ཁྱོད་ཀྱི་སྙན་ལམ་དུ་ཕུལ་ཆོག
དེའི་ཚེ་ཁྱོད་ཀྱི་བརྩེ་བའི་སྤྱན་དཀྱུས་རིང་མོ་བདག་གི་གདོང་ལ་གཅེར་བཞིན།
བྱམས་པའི་ཕྱག་ཟུང་རིང་མོས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར།
འཇམ་པའི་གསུང་དབྱངས་སྙན་མོས་ང་ལ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་སྲིད།
འོན་ཀྱང་དེ་དག་ནི་ངའི་སྟོང་འདང་གི་རྨི་ལམ་ཙམ་རེད།
ངའི་མ་ཡུམ།
ཁྱོད་ཀྱི་ཤུལ་དུ་ལུས་པའི་ངེད་ཚོ་སྟེ།
ཁྱོད་ཀྱི་སྐུ་ཟླས་ངེད་ཅག་སྤུན་མཆེད་རྣམས་ལེགས་པའི་ལམ་ལ་བཅུག་ཅིང་།
སྐུ་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་པ་ཡོད་ཚད།
བསྟན་དང་འགྲོ་བའི་དོན་དུ་འབུང་བཞིན་མཆིས་ལ།
ངེད་སྤུན་མཆེད་རྣམས་ཀྱང་སོ་སོའི་ལས་འགན་འབད་པས་བསྒྲུབས་ཏེ།
དགོན་གོང་ཚང་གི་མི་རབས་དང་།
ཡབ་ཆེན་གྱི་མཛད་རྗེས་ལ་ཞབས་འདེགས་ཅིས་ཀྱང་ཞུ་ངེས་པའི་ཆོད་སེམས་ལ།
འགྱུར་བ་མེད་པས།
ངའི་མ་ཡུམ།
ཁྱོད་ཉིད་དག་ཞིང་གང་དུ་ཡོད་ཀྱང་རུང་སྟེ།
ཐུགས་དགྱེས་པར་བཞུགས་དང་།
ངས་མི་ཡུལ་གྱི་གྲུ་ཁ་འདི་ནས་སླར་ཡང་འབོད་སྐུལ་ཞུ་བཞིན་ཡོད།
སྐུ་ཞབས་རྡོར་དབང་ལགས།
ཕྲན་གྱི་རྩོམ་ཡིག་རྣམས་དུས་ཐོག་ཏུ་དྲ་རྒྱར་བཀོད་གནང་བ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།
ངོ་མ་ཡག་པོ་བྲིས་འདུག ངའི་དྲིན་ཆེན་མ་ལོ་ཀྲོང་ནས་ཟླ་ངོ་ཁ་ཤས་ལས་མ་འགོར་བའི་དེ་རིང་གི་ཉིན་མོ་འདིར། ཁྱེད་ཀྱིས་སྙན་ངག་འདིས་ང་ཕྱིར་དྲན་གྱི་ཀློང་དུ་འཁྲིད་སོང་། ངས་ཁྱེད་ཀྱིས་སྙན་ངག་དེ་ཀློག་གིན་ཀློག་གིན་སེམས་པ་འདི་ལྷོད་ལ་འབབ་མི་ཐུབ་པའི་ཚོར་སྣང་ཞིག་བྱུང་།
སྙན་ངག་གི་སྐྱོ་གླུ་ལེན་དུས་ མ་ཡུམ་གྱི་བྱམས་བརྕེ་གླེང་དུས་ ངུ་འབོད་ཀྱིས་གནམ་ས་གཡོ་འདོད་ ངའི་སེམས་དབུས་ཀྱི་ཡུམ་ཆེན་ལགས་ ས་མཐའི་ལམ་ཟུར་འདི་ནས ངས་ཁྱེད་དྲན་པ་ནི་ ཇི་འདྲའི་ཚད་མེད་པའི་ཟུག་རྔུ་ཞིག་མིན་ནམ་ ཕ་མས་བུ་ཕྲུག་བསུ་དུས་ ཕྲུ་གུས་ཕ་མར་འཐམས་དུས་ ངས་ཁྱེད་དྲན་པ་ནི་སུ་ཞིག་གིས་རྟོགས་ནུས་ ངའི་སེམས་དབུས་ཀྱི་ཡུམ་ཆེནལགས་
ཨེ་མ་ཧོ།
མཆོག་གི་སྐྱོ་གདུང་གིས་དྲན་མགུར་བླངས་པས། །
བུ་སྐྱེས་སེམས་ཀྱི་བརྩེ་དུང་དངོས་དེ་མཐོང་སོང་། །
དྲིན་ལན་འཇལ་བའི་རིག་གཞུང་ཧུར་བརྩོན་དེས།།
དྲིན་ཆེན་ཨ་མའི་དགེ་རྩ་དང་ཨ་ཕའི་རྒྱུད་འཛིན་ལེགས་སོ།
ཡིད་འོང་བྱམས་མའི་ཞལ་ཆེམས་མ་བརྗེད་པའི་བྱིས་པ། །
བརྩེ་བའི་སྙིང་རྗེ་མ་རུལ་བའི་ཡ་རབས་ཀྱི་གཞོན་ནུ། །
ལྷག་བསམ་རྣམ་དག་གིས་བསྟན་འགྲོར་ཕན་བདེར་འབད་པའི་རྒན་པོ། །
རང་འབྲས་བླ་ན་མེད་པ་ལ་བསྔོ་སྨོན་མཛད་པའི་བྱང་སེམས་ཞིག་ཏུ་མཐོང་བས་ཡི་རང་དང་མོས་མཐུན་ཡོད།
དོལ་སྨྱོན་ལ་ཅི་དྲན་དུ་ནང་ཇ་འཐུང་ཞོར་དུ་ཤྲྰི་སྨྱོན་པས་གུས་ཕུལ། །
གཡུ་བྲག་པ་ལགས།
ཁྱེད་ཉིད་དུས་ཚིགས་ཀྱི་ཀྱོག་མཚམས་ཤིག་ནས།
སླར་ཡང་རང་གི་མ་དྲན་ཅན་དེ་སེམས་གཏིང་ནས་ཐེངས་གཅིག་ལ་དྲན་པ་ནི།
ངོ་མ་དྲན་ས་མ་ནོར་བ་ཞིག་རེད་འདོད།
འདི་ལྟར་འཇིག་རྟེན་གྱི་ཁམས་ན་བསམ་མེད་ཀྱི་བྱིས་པ་མང་པོ་ཞིག
དྲིན་ཅན་ཕ་མར་དྲིན་ལན་མཇལ་རྒྱུ་ཕར་ཞོག
ད་དུང་བསམ་བརྗོད་ལས་འདས་པའི་སྡུག་བསྔལ་མང་པོ་ཞིག
འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་སྤུངས་བཞིན་འདུག་ཨང་།
ལྷོ་མོན་འབྲུག་རིས་ལགས།
ཕྲན་གྱི་ཇིག་རྟེན་ཆུང་ངུ་ནང་སྤྱན་ཟུང་ཐེངས་གཅིག་གཟིགས་པ་ཐུགས་རྗེ་ཆེ།
འདི་ལྟར།
འདས་སོང་གི་བྱ་བཞག་ལ་ཕྱི་མིག་འཕངས་དུས།
ད་ལྟའི་གནས་སྟངས་ལ་བསམ་གཞིགས་བྱེད་དུས།
མ་འོངས་པའི་མདུན་ལམ་རེ་བཞག་བཅོལ་དུས།
སླར་ཡང་མ་ཡུམ་གྱི་ཞལ་རས་ཐེངས་གཅིག་ལ་མཐོང་ན་འདོད་བྱུང་།
གཞན་ཡུལ་གྱི་འཚོ་བ་འགྲིམས་དུས།
སློབ་གླིབ་གྱི་སྐྱིད་སྡུག་བརྒྱུད་དུས།
རིག་གཞུང་གི་དོན་སྙིང་བསམ་དུས།
སླར་ཡང་མ་ཡུམ་གྱི་པང་ཁར་ལན་གཅིག་ལ་གཉིད་ན་འདོད་བྱུང་།
གྲོགས་པོ།
ང་ཚོའི་རུས་རྐང་ཁྲག་གསུམ་མ་འཐོར་བའི་བར་དུ།
བར་བདོའི་ལམ་ཕྲན་མ་འགྲིམས་བར་དུ།
དྲིན་ཆེ་བའི་ཡབ་ཡུམ་ནམ་ཡང་བརྗེད་མི་ཉན་ལ།
དོན་ཆེ་བའི་རིག་གཞུང་ནམ་ཡང་གཡུག་མི་ཉན།
ཟུང་ཁྲག་གི་དྭངས་མ་གཅིག་པའི་སྤུན་ཟླ་ཞིག་གིས།
མ་ཡུམ་དྲན་པའི་དུང་བ་ལ་བསམས་ན།
ངའི་ཡོད་ཚད་མིག་ཆུས་གཤེར་འགྲོ།
དེ་དུས་ཁེར་རྐྱང་ངས་
མཇལ་མ་མྱོང་བའི་མ་ཡུམ་གྱི་ཞལ་རས་ཞིག
ན་ཟུག་གི་གཏིང་རིམ་ནས་རྟོག་བཟོ་བྱེད་དགོས་བྱུང་།
གང་ལྟར་ཁྱོད་ཀྱིས་
ན་ཟུག་དང་མིག་ཆུས་ཟིན་པའི་སྙན་ངག་བྲིས་པར།
ངས་ཐུགས་རྗེ་ཆེ་ཞུ།