སྦྲ་རིགས་ཐོགས་མེད། (ལྡི་ལི་གཙུག་ལག་སློབ་གླིང་། )
ཉེ་ཆར་བདག་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་རྒྱལ་སྤྱིའི་ནུབ་གླིང་རིག་རྩལ་བསྐྱར་དར་ཁྲོད་ཀྱི་རྩོམ་རིག་འཕེལ་རིམ་སྐོར་ལ་བགྲོ་གླེང་ཚོགས་འདུ་གལ་ཆེན་ཞིག་ཏུ་མཉམ་ཞུགས་བྱེད་པའི་གོ་སྐབས་བྱུང་།བདུན་ཕྲག་གཅིག་ལྷག་གི་འདུ་འཛོམས་དེའི་ཐོག་ཏུ་ཨ་རབ་ཀྱི་ནོར་བྷེལ་རྩོམ་རིག་གཟེངས་རྟགས་བཞེས་མྱོང་བའི་དངོས་ཡོད་སྒྲུང་གཏམ་རྩོམ་པ་བོ་དང་སྙན་ངག་པ་སྐད་གྲགས་ཅན་ཨོར་ཧན་པཱ་མག(OrhanPamuk)ལགས་ཀྱི་ཕ་སྐད་རྩོམ་རིག་སྐོར་ལ་གནང་བའི་གསུང་བཤད་ཅིག་གིས་བདག་གི་བསམ་གཞིག་སྟོང་ཕྲག་གི་སྒོ་མོ་ཅིག་ཅར་ཕྱེས་ཤིང་སེམས་འགུལ་ཚད་མེད་ཐེབས་སུ་བཅུག
ཨོར་ཧན་པཱ་མག་ཁོང་གིས་གཟབ་ནན་ངང་བཤད་རྒྱུར“མི་ཡུལ་འདིར་རང་རང་གི་ཕ་སྐད་ལས་ལྷག་པའི་ཆེས་མཛེས་སྡུག་ལྡན་པའི་སྙན་ངག་ཅིག་ཡོད་མི་སྲིད་ལ།རང་རང་གི་ཕ་སྐད་བརྒྱུད་ནས་སྙན་ངག་རོལ་མྱོང་བྱེད་ཚུལ་ལས་ལྷག་པའི་རོལ་མྱོང་གི་བརྒྱུད་ལམ་གཞན་ཞིག་ཀྱང་ཡོད་མི་སྲིད་དོ།།”ཞེས་གསུངས་བྱུང་།རླབས་ཆེན་རྩོམ་པ་བོ་ཁོང་གི་སྐྱེས་སྦྱངས་ཀྱི་ཤེས་རབ་དང་ཉམས་མྱོང་གང་མང་བསགས་པའི་འབྲས་རྟགས་སུ་གྱུར་བའི་ལེགས་བ ཤད་འདིས།བདག་རང་དབང་མེད་པར་རང་ཉིད་ཀྱི་གཞོན་ནུའི་ལང་ཚོ་དང་མཉམ་དུ་འཚར་ལོངས་བྱུང་བའི་ཕ་སྐད་རྩོམ་རིག་གི་ཞིང་ཁམས་སུ་ཁྲིད་སོང་ལ།དེ་དང་མཉམ་དུ་བདག་གི་རྩོམ་རིག་འགྲུལ་སྐྱོད་ཀྱི་ཐོག་མཐའ་བར་གསུམ་དུ་བདག་ལ་སྒྱུ་རྩལ་གྱིས་སྦགས་པའི་དགའ་སྐྱོ་ཆགས་སྡང་གི་ཤུགས་རྐྱེན་ངེས་ཅན་བཞག་མྱོང་པའི་ཕ་སྐད་རྩོམ་པ་བོ་གང་མང་ཞིག་ཀྱང་རང་དབང་མེད་པར་དྲན་དུ་བཅུག་བ ྱུང་།དེའི་ཕྱིར།དེ་རིང་ཡང་བསྐྱར་བདག་གིས་ཕ་ཡུལ་དང་ཁ་ཐག་རིང་བའི་ས་མཐའ་འདི་ནས་རླབས་ཆེན་ཕ་སྐད་རྩོམ་པ་བོ་དེ་དག་གི་བཀའ་དྲིན་ལ་ཕྱིར་དྲན་ཐེངས་ཤིག་བྱེད་ན་འདོད།
དོན་འགྲུབ་རྒྱལ། (རང་གྲོལ།)
ང་རྒྱལ་དང་རང་ཚུགས་ཆེ་བའི་སྙན་ངག་པ་འདི་བོད་ཀྱི་རྩོམ་རིག་གསར་རྙིང་བར་གྱི་ཚབ་མཚོན་མི་སྣ་གལ་ཆེན་ཞིག་ཡིན།ཁོང་གིས་འབད་བརྩོན་ཆེན་པོས་བོད་ཀྱི་རྩོམ་རིག་ཞིང་སའི་ཐོག་ཏུ་གསར་གཏོད་ཀྱི་ས་བོན་གང་མང་གཏོར་བུའི་འབྲས་བུར་བོད་ཀྱི་དུས་རབས་གསར་བུའི་རྩོམ་རིག་ལ་རང་དབང་གི་ཁ་ཕྱོགས་ཡོད་པར་གྱུར།ཁོང་གི་བརྩམས་སྒྲུང་(སྤྲུལ་སྐུ)དང་(སད་ཀྱིས་བཅོམས་པའི་མེ་ཏོག)ད་དུང་ཁོང་གི་སྙན་དེབ་(འབོལ་རྩོམ་ཞོགས་པའི་སྐྱ་རེངས་)དང་རང་མོས་སྙན་ངག(ལང་ཚོའི་རྦབ་ཆུ)དང་ལྷུག་རྩོམ(རྐང་ལམ་ཕྲ་མོ)སོགས་ཀྱིས་བོད་ཀྱི་རྩོམ་རིག་འཕེལ་འགྲོས་ཀྱི་ལོ་རྒྱུས་ཁྲོད་རླབས་ཆེ་བའི་གཡོ་འཁྱོམས་དང་སྐུལ་ལྕགས་ཐེབས་མྱོང་།
དོན་གྲུབ་རྒྱལ་ཁོང་སྙན་ངག་པ་ཚད་ལྡན་ཞིག་ཡིན་པ་མ་ཟད་གཞོན་སྐྱེས་ཤེས་ཡོན་པ་རྣལ་མ་ཞིག་ཀྱང་ཡིན་པ་ཁོང་གི་གསུང་རྩོམ་དག་ལ་བལྟས་ན་ཤེས་ཐུབ།ཁོང་གི་གྱེར་འདོན་རང་མོས་སྙན་ངག་(ལང་ཚོའི་རྦབ་ཆུ་)དང་(འདི་ན་ཡང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་)སོགས་རོལ་མྱོང་བྱས་ཚེ་མེ་རི་བཞིན་འབར་ཞིང་འགད་རྫས་བཞིན་འཐོར་འགྲོ་བའི་སྣང་བ་ཞིག་བཅོས་མིན་དུ་སྟེར།ཁོང་གི་མི་ཚེ་གང་བོར་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་ནས་བསྐྱལ་དགོས་བྱུང་མོད་ཁོང་སྐུ་གཤེགས་ཟིན་རྗེས་གཞི་ནས་ཁོང་གི་འཆད་རྩོད་རྩོམ་གསུམ་གྱི་རྣམ་དཔྱོད་ལ་མི་ཚང་མས་ངོས་འཛིན་ཟབ་མོ་ཐོབ།
འཇུ་སྐལ་བཟང༌།
མགོ་ལོག་ཡུལ་གྱི་སྙན་ངག་པ་གྲགས་ཅན་འདི་སྲོལ་རྒྱུན་ཚིགས་བཅད་སྙན་ངག་ལ་རྩོམ་རྩལ་མཆོག་ཏུ་ཡངས་ལ།ཁོང་གི་(དུང་སེམས་རླབས་ཀྱི་ཟེགས་མ)དང་(ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུགས་པའི་འཕྲུལ་འཁོར)སོགས་ཀློག་ཚེ་ཅི་ཞིག་ལྷུང་ལྷུང་ངང་བཞུར་འོང་བ་ལྟ་བུའི་ཚོར་བ་སྦྱིན་ཐུབ།ཁོང་གི་སྙན་ངག་ཕྱོགས་བསྡུས་(གངས་འདབས་ཀྱི་སེམས་པ་)ཞེས་པའི་ནང་གི་སྙན་རྩོམ་ཁ་ཤས་བདག་སློབ་ཆུང་ན་ཡོད་དུས་ངག་སྐྱོར་གཏོང་ཐུབ་པའི་སློབ་གྲོགས་མང་བོ་ཡོད།
ལོ་རབས་དགུ་བཅུ་བའི་མཇུག་ཙམ་ནས་བཟུང་ཁོང་གིས་གླེང་རིན་ཡོད་པའི་རང་མོས་སྙན་ངག་དང་ལྷུག་རྩོམ་ཡང་ཁ་ཤས་ཀྱང་འབྲི་འགོ་བརྩམས་སོང་།དེ་དག་ལས་རང་མོས་སྙན་ངག་(དགེ་འདུན་ཆོས་འཕེལ)དང་(ཙོང་ཁ་བ)གཉིས་དང་།ལྷུག་རྩོམ་(རང་ཁྱིམ)སོགས་ཀྱིས་ཁོང་གི་རྩོམ་རྩལ་དེ་ཚིགས་བཅད་གཅིག་པོའི་ཁྱབ་ཁོངས་ཙམ་མ་ཡིན་པར་ཕྱོགས་ཡོངས་ནས་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་གསལ་བཤད་བྱེད་ཐུབ།
སྨན་བླ་སྐྱབས། (འབར་རྡེའུ།)
བོད་ཡུལ་གྱི་ཕུལ་དུ་བྱུང་བའི་ཁ་ཤགས་སྒྱུ་རྩལ་བ་དང་སྙན་ངག་པ་ཁོང་གི་སྙན་ངག་མང་བོ་ཞིག་ལ་སྐབས་དེའི་བོད་ཀྱི་གཞོན་སྐྱེས་སྙན་ངག་པ་གཞན་དག་དང་འདྲ་བར་རྒྱ་ནག་གི་དུས་རབས་གསར་པའི་སྙན་ངག་གི་ཤུགས་རྐྱེན་ཐེབས་འདུག་སྙམ།ཁོང་གི་སྙན་ངག་མང་ཆེ་བར་འཆར་སྣང་རབ་རིབ་ཅན་གྱི་འབྲི་ཐབས་སྤྱད་ནས་བྲིས་ཡོད་ལ།ཁོང་གི་སྙན་དེབ་(བྲག་རིའི་སྲས་མོའི)ནང་དུ་(ན་ཟླ་ཚོ།གླུ་ཞིག་ལོངས་དང)་ཞེས་པ་དང་(པ་སངས་ལགས་)སོགས་འབུར་གཟུགས་སྙན་ངག་གི་ཚབ་མཚོན་རུང་བའི་སྙན་ངག་ཁ་ཤས་ཡོད།
འོན་ཀྱང་།ཨ་ཁུ་སྨན་བླའི་ཁྱད་ཆོས་གཙོ་བོ་ཁོང་གི་ཁ་ཤགས་སྒྱུ་རྩལ་གྱི་ཐོག་ཏུ་ཡོད་ལ།དེ་ཡང་ཁ་ཤགས་(སེམས་ཆུང་སྡེ་བ་)ནི་བོད་ཀྱི་མཁན་བླུན་ཀུན་གྱི་ངག་དང་རྣ་བ་གཉིས་ཆར་བྱང་ཡོད་པའི་ཁ་ཤགས་ཕྱོགས་བསྡུས་ཤིག་ཡིན།(སེམས་ཆུང་སྡེ་བའི་)ནང་གི་མི་སྣའི་སྣང་བརྙན་བཞེངས་བསྐྲུན་དང་གཤིས་ཀའི་སྐོར་ལ་བོད་ཀྱི་མཁས་པ་ཆེ་གེ་མོ་གང་མང་གིས་ཚད་མཐོའི་གདེང་འཇོག་བྱེད་བཞིན་པ་ཐོ་མྱོང་།དེ་མ་ཟད་སྒྱུ་རྩལ་བ་ཁོང་དེང་རངབས་ཀྱི་གཞས་ཚིག་འབྲི་མཁན་ཡང་ཕུལ་དུ་བྱུང ་བ་ཞིག་ཀྱང་ཡིན།
མཁས་གྲུབ།
བོད་ཀྱི་སྲོལ་རྒྱུན་མགུར་གླུའི་ཤན་ཞུགས་ཐེབས་པའི་སྙན་ངག་པ་འདིའི་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་བརྒྱུད་ནས་སྤྱི་ཚོགས་ཀྱི་གདེང་འཇོགས་ཐོབ་པའི་སྙན་ངག་བཅད་མ་གང་མང་བྲིས་མྱོང་།འོན་ཀྱང་།བདག་གིས་ནམ་རྒྱུན་མཐོང་མི་འདོད་པ་ནི་སྙན་ངག་པ་ཁོང་གིས་(བོད་ཞི་བས་བཅིངས་འགྲོལ་བཏང་བ)དང་(མོའོ་ཙེ་ཏུང་ལ་བསྔགས་པ)སོགས་ཀྱི་སྲིད་དོན་རྩོམ་ཡིག་དེ་དག་ཡིན་ལ།ཁོང་གི་བཅད་རྩོམ(དུས་བཞིའི་སོ་ནམ་བྱེད་ཚུལ་ལ་བསྔགས་པ)་སོགས་ལ་སྐབས་ཤིག་རིང་བོད་ཁུལ་དུ་སྐད་གྲགས་ཆེན་པོ་རྒྱས་འདུག
འོན་ཀྱང་།རྩོམ་པ་བོ་ཁོང་རིམ་བཞིན་གོ་ཐོབ་དང་དབང་ཆ་མཐོ་རུ་སོང་བ་དང་བསྟུན་ནས་ཁོང་གི་རྩོམ་ཡིག་ཇེ་ཉུང་ཇེ་ཉུང་དུ་སོང་བ་མ་ཟད་མཐར་རྒྱ་ནག་གི་དུས་ཆེན་ཁག་ལ་(བཅོས་བསྒྱུར་གྱི་མི་ལོ་ལྔ་བཅུའི་ཤིས་ཚིག་)ཟེར་བ་ལྟ་བུ་རེ་ལས་མཐོང་མི་ཐུབ་པར་གྱུར་སོང་།སྙན་ངག་པ་ཁོང་དྲན་ཐེངས་རེ་རེར་ངས་ཁོང་དང་འཚར་ལོངས་ཀྱི་བརྒྱུད་རིམ་འདྲ་བའི་སྒྲུང་གཏམ་རྩོམ་པ་བོ་བསྟན་པ་ཡར་རྒྱས་ལགས་ཀྱི་བརྟན་ཚིག་དང་ཆོད་སེམས་དག་ཡང་ཡང་དྲན་ཡོང་།
ལྡོང་ངེ་བསྟན་འཛིན་གྲགས་པ། (ལྡོང་ཆུ་ཤེལ།)
དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རིམ་ཁྲོད་དུ་བདག་གིས་ཁོང་ལས་ལྷག་པའི་བོད་ཡིག་སྙན་ངག་པ་ཞིག་ད་བར་མཐོང་མ་མྱོང་།ཁོང་གིས་བརྩམས་པའི་སྲོལ་རྒྱུན་སྙན་ངག་དང་།རང་མོས།ལྷུག་རྩོམ་སོགས་གང་ཞིག་བཀླག་ནའང་དབྱངས་ཀྱི་སྡེབ་སྦྱོར་དང་།ཚིག་དོན་གྱི་འགྱུ་བགསྒྱུ་རྩལ་གྱི་འགུག་ཤུགས་སོགས་ཕྱོགས་ཡོངས་ནས་མ་བཅོས་རང་བཞིན་ལྷུན་གྱིས་བཞུར་ཡོང་བ་ལྟ་བུ འི་ཚོར་སྣང་ཞིག་འགོག་མེད་དུ་སྟེར་ཐུབ།ཁོང་གི་སྙན་ངག་(སྒྲོལ་དཀར་མཚོ)་སྔ་ཕྱི་གཉིས་དང་(ཅུང་ཙམ་སྒུག་རོགས)་སོགས་ཀློག་བཞིན་མིག་ཆུ་གཏོང་མྱོང་བའི་སྙན་ངག་པ་དང་རྩོམ་གྲོགས་གང་མང་མཐོང་མྱོང་།དེ་བཞིན་ཁོང་གི་ལྷུག་རྩོམ་(ཁྱོད་ཀྱི་གཏམ་རྒྱུད)་ཀྱིས་མི་ཚེ་གང་བོར་ལྷུག་རྩོམ་ཁོ་ན་འབྲི་མཁན་གང་མང་མགོ་འཇོག་མི་ཐུབ་པ་བཟོས་སོང་ཞེས་སྐབས་དེའི་དཔྱད་རྗོད་པ་མང་ བོས་གླེང་མྱོང་།ད་དུང་ཁོང་གིས་བྲིས་པའི་སྲོལ་སྙན་ངག་རིང་མོ་(དགེ་འདུན་ཆོས་འཕེལ་གྱི་རྗེས་དྲན)་དང་(པི་ཝང་དཀར་བོའི་རྒྱང་གླུ)་སོགས་ཉེ་རབས་སྲོལ་རྒྱུན་སྙན་ངག་གི་ཉིང་ཁུ་ལྟ་བུར་བརྩི་ཆོག་པར་སྙམ།
ཁོང་ནི་རོང་བོ་དགོན་ཆེན་གྱི་གྲྭ་རྐྱང་སྙན་ངག་པ་ཞིག་ནས་བུད་མེད་སྙན་ངག་པ་པདྨ་འཚོའི་སེམས་གཏིང་གི་སྙིང་སྡུག་ཏུ་གྱུར་ཞིང་།མཐར་བརྩེ་དུང་གིས་བསད་པའི་མི་རྐྱང་སྙན་ངག་པ་ཞིག་ནས་ཁྲིན་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་བཀའ་བསྟན་དཔེ་བསྡུར་ཁང་གི་ཞུས་ཆེན་པར་གྱུར་པའི་ཤེས་ཡོན་པ་རྣལ་མ་ཞིག་ཀྱང་ཡིན།ཁོང་གི་སྙན་ངག་ཕྱོགས་བསྒྲིགས་(ཀུ ་ཤུ་དམར་བོ་)ནི་ཕྱོགས་ཡོངས་ནས་དེང་རབས་བོད་ཀྱི་རྩོམ་རིག་གི་ཚབ་མཚོན་སྙན་དེབ་ཅིག་རེད་ཅེས་བོད་ཕྱི་ནང་གཉིས་ན་གདེང་འཇོག་བྱེད་མཁན་མང་།སྙན་ངག་པ་ཁོང་ནི་བདག་དང་གྲོགས་པོ་གང་མང་གི་ཆེས་ཐུག་འདོད་ཡོད་པའི་བོད་ཀྱི་སྙན་ངག་པ་ཞིག་ཀྱང་ཡིན།
རྡོ་རྗེ་ཚེ་རིང༌། (ལྗང་བུ།)
ལྕེ་ནག་ཚང་གི་མི་རྒྱུད་དུ་སྐྱེས་པའི་རང་མོས་སྙན་ངག་པ་འདི་བོད་ཡུལ་གྱི་རང་མོས་སྙན་ངག་ཁོ་ན་འབྲི་མཁན་རྙིང་ཤོས་དང་རང་མོས་སྙན་ངག་ལ་བྱང་ཆ་མི་དམན་པའི་རྩོམ་པ་བོ་ཞིག་ཡིན་ལ།ཁོང་གིས་བྲིས་པའི་རང་མོས་སྙན་ངག་(བབས་བྱུང་)དང(ནོར་བུ་)དང(མིག་གསུམ་པ་)སོགས་ལ་སྐབས་དེའི་རང་མོས་སྙན་ངག་གི་རྩོམ་རྩལ་དང་བསྡུར་ན་སྒྱུ་རྩལ་དང་།མཚོན་ཐབས།འགྱུར་བ་སོགས་ཕྱོགས་ཡོངས་ནས་ཁྱད་དུ་འཕགས་པའི་རང་བཞིན་ལྡན་ཡོད།
ལྗང་བུའི་སྙན་དེབ་གཉིས་པ(གཟི་མིག་དགུ་བ)ཞེས་པ་འདི་རང་མོས་རྐྱང་བའི་སྙན་དེབ་ཅུང་སྔ་མོའི་གྲས་སུ་གཏོགས་ལ་བོད་ཀྱི་གཞོན་སྐྱེས་སྙན་ངག་པའི་ཁྲོད་དུ་ཤུགས་རྐྱེན་ཡང་ཆུང་ཆུང་མིན།ཁོང་ཕྱི་རྒྱལ་ཁག་ཏུ་འགྲོ་སྐྱོད་བྱེད་འགོ་ཚུགས་པ་ནས་བཟུང་ཁོང་གི་སྙན་ངག་གི་སྤུས་ཚད་ཀྱང་ཁ་མལ་ན་ལྷག་སོང་བའི་རྣམ་པ་ཞིག་ཐོན་བཞིན་འདུགཉེ་ཆར་ཁོང་གི་སྙན་ངག་ཁག ་ཅིག་དབྱིན་སྐད་སོགས་སྐད་ཡིག་གཞན་ཁ་ཤས་སུ་ཡིག་བསྒྱུར་བྱས་ཡོད་ལ་ད་དུང་ཁོང་གིས་(མཚོ་སྔོན་པོ)་ཞེས་པའི་གློག་བརྙན་ཞིག་ཀྱང་ཕབ་བསྐྲུན་བྱས་ཡོད།
ཨ་བཙུན་བྱམས་པ་དགེ་ལེགས། (གཅན་རང་སད།)
ཐོད་བརྒལ་དང་ཧོལ་རྒྱུགས་ཀྱི་རང་གཤིས་ཅུང་ཟད་ཡོད་པའི་སྙན་ངག་པ་འདིས་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་སྙན་ངག་གང་མང་བྲིས་ཡོད་ལ།ཁོང་གི་སྙན་ངག་ཕྱོགས་བསྡུས་(ཤམ་བྷ་ལའི་ཅོང་སྒྲས་)བོད་ཀྱི་ཉེ་རབས་རྩོམ་རིག་ཁྲོད་གོ་གནས་མི་དམན་པ་བཟུང་ཡོད།ཁོང་གིས་བཅད་མ་དང་རང་མོས་གཉིས་ཀྱི་ལམ་ནས་སྙན་ངག་འབྲི་བཞིན་ཡོད་མོད་བཅད་རྕོམ་ལ་དེང་རབས་རང་མོས་ཀྱི་ སྒྱུ་རྩལ་ཐོན་ཡོད་པས་ཅུང་དམིགས་བསལ་བ་ཞིག་གི་སྣང་བ་སྟེར།ཁོང་གིས་རང་ཉིད་ཀྱི་(མི་ཚེའི་ལོ་རྒྱུས་སྐོར)་གྱི་བཅད་རྩོམ་རིང་བོ་ཞིག་བྲིས་པ་དེའི་བོད་ཁུལ་གྱི་གཞོན་སྐྱེས་རྩོམ་པ་བོ་དག་ལ་སྲོལ་རྒྱུན་རྩོམ་རིག་གི་མཚོན་ཐབས་གསར་བ་ཞིག་བསྟན་ཡོད།
(འུག་པ་མིང་སྲིང)་བཞིའི་ཁོངས་སུ་གཏོགས་པའི་སྙན་ངག་པ་འདི་མཐོ་འབྲིང་སློབ་མ་ཞིག་ནས་རོང་དགོན་གྱི་གྲྭ་རྐྱང་ཞིག་ཏུ་གྱུར་ཅིང་།དེ་ནས་མི་རིང་བར་རི་བོ་རྩེ་ལྔའི་ནང་ཆོས་འཆད་ཁྲིད་པ་ཞིག་ནས་སླར་ཡང་མི་རྐྱང་རྩོམ་པ་བོ་ཞིག་ཏུ་གྱུར་ཚུལ་བར་གྱི་བརྒྱུད་རིམ་ཡོངས་རྫོགས་ཁོང་གི་སྙན་ངག་དག་ལས་མཐོང་ཐུབ།ད་ལྟ་ཁོང་ཡང་ནུབ་ཕྱོགས་ཨ་རིའི་ཁ ྲ་ཁྲ་ཟང་ཟིང་གི་སྤྱི་ཚོགས་ཁྲོད་ཁུ་སིམ་མེར་འཐིམ་བཞིན་པར་བློ་འགྱོད་བྱེད་བཞིན་ཡོད།
པདྨ་འཚོ། (འཆི་མེད།)
སྙན་ངག་པ་མེ་སྒྲོན་གྱིས་བསྡུས་པའི་རྩོམ་རིག་འཚོགས་འདུ་ཞིག་ལ་ཞུགས་སྐབས་བུད་མེད་སྙན་ངག་པ་འཆི་མེད་དང་ཐུག་འཕྲད་བྱུང་ཞིང་།དེ་ནས་བཟུང་ཁོང་མོས་བྲིས་པའི་སྙན་ངག་དག་ལ་དོ་སྣང་མུ་མཐུད་བྱས་པ་ཡིན།རྗེས་སུ་ཁོང་མོ་དང་ལྡོང་ཆུ་ཤེལ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དག་གོ་དུས་ཁོང་མོས་སྦས་པའི་སྒྱུ་རྩལ་གྱི་འབྲི་ཐབས་སྤྱད་ནས་བྲིས་པའི་རང་ མོས་སྙན་ངག་མང་བོ་ཞིག་ལ་མཚོན་ཐབས་དང་ཚོར་ཤུགས་ཀྱི་འགྱུ་བག་ཧ་ལས་བ་ཡོད་པ་ཤེས་རྟོགས་བྱུང་།ཁོང་མོའི་སྙན་ངག་(བརྩེ་དུང་གི་ལས་དབང)་ལ་སྦྲང་ཆར་བྱ་རྩོམ་རིག་བྱ་དགའ་ཐོབ་ཅིང་(རྒྱང་རིང་གི་ཁྱོད)་སོགས་ཕུལ་བྱུང་བརྩམས་ཆོས་སུ་བགྲང་ཆོག
བདག་ལ་མཚོན་ན་ཁོང་མོའི་སྒྱུ་རྩལ་གྱི་རྩེ་མོར་སོན་པའི་ཚབ་མཚོན་སྙན་ངག་ཅིག་ནི་(ཆེས་གཉོམ་ཞིང་སྙན་པའི་མཇུག་མཐའི་རོལ་དབྱངས)ཞེས་པ་དེ་ཡིན་ལ།ཚན་པ་གཉིས་ཡོད་པའི་སྙན་ངག་དེ་ཀློག་ཐེངས་རེ་རེར་བདག་རང་དབང་མེད་པར་བོད་རིགས་གཞོན་ནུ་མ་ཞིག་གིས་རང་གི་མཛའ་བོར་བཅིངས་པའི་འཛད་མཐའ་མེད་པའི་དུངས་སེམས་དང་དྲན་གདུང་གི་སྐྱོ་སྨྲེང་མཉམ་དུ་སྤུངས་པའི་འཇིག་རྟེན་ཞིག་ཏུ་ཁྲིད་འགྲོ།
ཤེས་རབ་བསྟན་དར། (རྒྱ་གྲོལ།)
དགེ་བཤེས་སྙན་ངག་པ་འདིའི་སྙན་ངག་ལ་ཚིག་ཉམས་དང་བརྗོད་དོན་ཟུང་གི་གཤོག་རྩལ་རྒྱས་ཤིང་སྲོལ་རྒྱུན་སྙན་ངག་གི་མཛེས་བས་རབ་ཏུ་ཕྱུག་ཡོད།ཁོང་གི་སྙན་ངག་མང་བོ་ཞིག་བརྗིད་པའི་ཉམས་ཀྱིས་རབ་ཏུ་ཕྱུག་ཡོད་པས་ཅི་ཙམ་ཀློག་པ་དེ་ཙམ་གྱིས་ཐག་ཉེ་རུ་འགྲོ།ཁོང་གི་སྙན་ངག་(བསམ་གཞིག་)ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་མྱོང་ལ།ད་དུང་ཁོང་གི་བརྩམས་ཆོས་(རང་ཉིད་ལ་བལྟ་བ་)དང་(འཆར་སྣང་)སོགས་ལ་དགའ་བསུ་ཆེན་པོ་ཐོབ།
ཁོང་གིས་རྒྱ་ཡིག་ཁྲོད་དུ་བཞུགས་པའི་ཕྱི་རྒྱལ་གྱི་གཞུང་ལུགས་གྲགས་ཆེན་གང་མང་བོད་ཡིག་ཏུ་བསྒྱུར་གནང་བ་སོགས་བོད་ཀྱི་རིག་གནས་སྤྱི་ལ་ཕན་པའི་མཛད་རྗེས་རིམ་པར་འཇོག་བཞིན་ཡོད།འོན་ཀྱང་།ཞོགས་དུང་སོགས་དེང་རབས་སྤྱི་ཚོགས་བསམ་བློ་བའི་ཕྱོགས་ནས་ཁོང་ལ་མཁྲེགས་འཛིན་ཆེན་པོ་འདུག་ཅེས་སྐྱོན་རྗོད་བྱེད་མཁན་ཡང་མང་བོ་ཡོིད།
ཧོར་གཙང་འཇིགས་མེད།
སྙན་ངག་པ་འདི་དང་ཧོར་གཙང་སྨོན་ལམ་གཉིས་སྐབས་ཤིག་རིང་བླ་བྲང་ཕྱོགས་སུ་སྐད་གྲགས་ཆགས་པ་ཐེངས་མང་ཐོས་མྱོང་།གང་ལྟར་ཁོང་བོད་དུ་བཞུགས་དུས་ནས་(རྐང་དྲུག་མྱོས་པའི་གླུ་དབྱངས་)དང་(དུས་གཏན་ཏུ་མི་དམངས་ཀྱི་སྙིང་དབུས་སུ་གནས་པའི་ཀུན་གཟིགས་པན་ཆེན་རིན་པོ་ཆེ)སོགས་ཀྱིས་ཚིག་གཤིས་འཇམ་ཞིང་བརྗོད་བྱ་གནད་དུ་སྨིན་པའི་རྩོམ་འགྲོས་གསར་བ་ཅན་གྱི་ གཞོན་སྐྱེས་སྙན་ངག་པ་ཞིག་ཡིན་ལ།སྲོལ་རྒྱུན་སྙན་ངག་འབྲི་རྩལ་གྱི་ཚད་གཞི་ངེས་ཅན་ལྡན་པའི་སྙན་ངག་པ་ཁོང་གློ་བུར་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཞིང་།ཁོང་གིས་ཐེངས་དང་བོར་རྡ་རམ་ས་ལར་རང་ཉིད་ཀྱི་སྙན་རྩོམ་གཅེས་བཏུས་དེབ་ཕྲེང་བཞི་པར་བསྐྲུན་བྱས་པ་དེ་བཙན་བྱོལ་ཁྲོད་དུ་རྩོམ་རིག་གི་སྒོ་འབྱེད་ལྟ་བུར་གྱུར།
ཁོང་གི་དེབ་ཕྲེང་དེ་དག་ལ་བོད་ནང་དུའང་ནག་རིལ་མ་བཞི་ཟེར་བཞིན་གདེང་འཇོག་གནང་བཞིན་འདུག་ལ།བདག་གིས་ཀྱང་ཐབས་ཤེས་གང་མང་བརྒྱུད་མཐར་དངོས་སུ་ལྟ་ཀློག་བྱེད་རྒྱུའི་གོ་སྐབས་རེག་མྱོང་།ཁོང་གི་སྙན་དེབ་(གདོན་འཕྲུལ་ལྟ་བུའི་བཟི་ཁ)འབྲི་སྐབས་རྩོམ་པ་བོས་གཙོ་བོར་སྡེབ་སྦྱོར་དང་ཉམས་འགྱུར་ལས་བརྗོད་དོན་ལ་གཙོ་བོར་སྨྱུག་རྩེ་གཏད་འདུག་ལ་དེ་ཡང་གཙོ་བོ་དེང་རབས་འཆར་ཡན་རང་ལུགས་ཀྱི་འབྲི་ཐབས་སྤྱད་ཡོད་པ་དེབ་དེའི་ཐོག་མཐའ་བར་གསུམ་དུ་གསལ་བོ་ཡིན།འོན་ཀྱང་།ཁོང་གིས་དཔྱད་རྩོམ་དང་ལོ་རྒྱུས་རིང་བོ་འགའ་བྲིས་པའི་བརྒྱུད་རིམ་ཁྲོད་དུ་ག་ལེར་སྙན་ངག་ས ྒྱུ་རྩལ་གྱི་ཕྱོགས་ནས་ཁུ་སིམ་མེར་འགྱུར་བཞིན་པ་ནི་ཧ་ཅང་ཕངས་པའི་གནས་སོ།།
སངས་རྒྱས་རྒྱ་མཚོ། (གངས་ཞུན།)
སྙན་ངག་པ་འདི་དང་མཉམ་དུ་བདག་ལོ་གཅིག་ལྷག་ལ་ལན་གྲུ་ནུབ་བྱང་མི་རིགས་སློབ་གླིང་དུ་མཉམ་འདུག་བྱེད་སྐལ་ཐོབ།སྙན་ངག་པ་འདི་མི་གཤིས་འཇམ་པོ་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཅན་ཞིག་རེད་ཨང་སྙམ་པའི་བག་ཆགས་བདག་ལ་བཞགའོན་ཀྱང་།ཁོང་གི་སྙན་ངག་དག་ཀློག་ཚེ་ནམ་ཡང་གསོན་ཤུགས་དང་འཚོལ་སྙེག་གིས་ཁེངས་འདུག་པའི་ཚོར་སྣང་བ་སྟེར་བར་བྱེད།ཁོང་གི ་ཚབ་མཚོན་སྙན་ངག(འཁོར་བའི་སྙིང་བོ)ལྟ་བུར་ཆ་བཞག་ན་མཐོ་འབྲིང་སློབ་མ་སྙན་ངག་ལ་དགའ་མཁན་ཕལ་ཆེ་བའི་ངག་ཐོག་ནས་ཆུ་བཞུར་བཞུར་བྱེད་བཞིན་ཡོད།ད་དུང་(སྒོ་ཁྱི)་དང་(ང་ཚོ་ནམ་ཡང་སྤུ་གྲིའི་ཁ་ན་འཚོ)་ལྟ་བུ་སྙན་ངག་ལེགས་པོ་གང་མང་བྲིས་མྱོང་།
ཁོང་གི་རང་མོས་སྙན་ངག་རིང་མོ་(མ་བུའི་གཏམ་རྒྱུད)་ཅེས་པར་སྒྱུ་རྩལ་གྱི་ཆ་ནས་དེ་འདྲའི་གདེང་འཇོག་ཅིག་བྱེད་དཀའ་ནའང་བོད་ཁུལ་གྱི་རང་མོས་སྙན་ངག་རིང་མོ་ཁག་གི་ཐོག་མའི་གྲས་སུ་གཏོགས།གང་ལྟར།རང་མོས་སྙན་ངག་གི་རྩོམ་གཤིས་ཁྱད་པར་ཅན་གྱི་སྙན་ངག་པ་ཁོང་དེང་སང་དཔེ་ཆ་བསྐྱུར་ནས་ཚོང་རྒྱག་མཁན་ཞིག་ཆགས་འདུག་པའི་སྐད་ཆ་འདི་བདེན་ཚེ་བདག་ནི་ནམ་ཡང་འགྱོད་སེམས་ཀྱིས་ཁེངས་ནས་ཡོད།
བསོད་ནམས་བསྟན་པ། (གཅན་མེ་སྟག)
གསར་བུ་སྙན་ངག་པ་འདིའི་བརྩམས་ཆོས་ཁག་ལ་བར་སྐབས་ཞིག་ནས་ཐོད་བརྒལ་རང་བཞིན་གྱི་སྒྱུ་རྩལ་དང་མཛེས་ཉམས་སླེབས་བྱུང་།ཁོང་གི་ཉེ་རབས་ཀྱི་སྙན་ངག་དག་ལ་གཟུགས་འགྱུར་རང་ལུགས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་མ་ཟད་མཚམས་རེར་ཁོང་གི་ཚིག་ཉམས་ལ་སྲོལ་རྒྱུན་སྙན་ངག་གི་བྲོ་བ་ཡང་ཡོད།ཁོང་གི་སྙན་ངག་དག་ལས་(ཁྱི་ཁ་ཚུམས་)དང་(ལྷ་ས། ལྷ་ས)་སོགས་ཚབ་མཚོན་བརྩམས་ཆོས་སུ་བརྩི་རུང་བར་སྙམ།
ཁོང་གི་སྙན་དེབ་(ལྷོ་བཞུད་ཀྱི་ཆུ་འཛིན)་ལ་རྒྱལ་ཡོངས་གྲང་ཉུང་མི་རིགས་ཀྱི་རྩོམ་ཡིག་ཁྲོད་ཀྱི་གྱི་ལིང་རྟགས་མ་ཐོབ།ཁོང་གིས་བཤད་རྒྱུར་རང་ཉིད་ཀྱི་བསམ་བློ་དང་སྒྱུ་རྩལ།མཚོན་ཐབས་སོགས་ཕྱོགས་ཡོངས་ནས་རང་ཉིད་ཀྱི་བློ་ཡིད་ཅུང་ཟད་ཚིམ་པའི་ཚབ་མཚོན་སྙན་ངག་ནི་མི་རིང་བར་པར་དུ་བསྐྲུན་རྒྱུའི་སྙན་ངག་རིང་བོ་(བདག་མེད་)ཅེས་བ་དེ་ཡིན་ཞེས་བཤད་བཞིན་ཡོད་ལ།ཁོང་ལ་ཤེས་ཡོན་པའི་ཕྱོགས་ཁག ་ཅིག ་ནས་མི་རབས་གསུམ་པའི་རྐྱལ་སྟོང་སྙན་ངག་པའི་ཚོགས་དཔོན་ཞེས་འབོད་མཁན་ཡང་ཡོད།
ལྷ་རྒྱལ་ཚེ་རིང༌དང་ཆས་པ་རྟ་མགྲིན་ཚེ་རིང་།
ལྷ་རྒྱལ་ཚེ་རིང་གི་སྙན་རྩོམ་མང་བོ་ཞིག་ལ་ཡང་རང་གི་རྩོམ་གཤིས་མ་འདྲ་བ་ཤིག་ཡོད་ལ།ཁོང་གི་སྙན་དེབ་(སྐྱ་རེངས་ལྷ་མོའི་འབོད་བརྡ་)ནི་སྐབས་དེའི་བོད་ཁུལ་ན་ཅུང་རྒྱུགས་ཆེ་བའི་སྙན་དེབ་གྲས་ཀྱི་གཅིག་ཡིན།གཙོས་དགེ་ཐོན་སློབ་གྲྭ་ན་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་སྙན་ངག་པ་འདི་སྐབས་ཤིག་ནས་བཟུང་དུས་དེབ་དང་དྲ་ཚིགས་ཁག་ལས་མཐོང་ཧ་ཅང་དཀོན་པར་གྱུར།
ཆས་ས་པ་རྟ་མགྲིན་ཚེ་རིང་ལ་ལྷ་རྒྱལ་ཚེ་རིང་ལྟ་བུའི་གྲགས་པ་མེད་ནའང་ཁོང་གི་སྲོལ་རྒྱུན་བཅད་རྩོམ་འབྲི་རྩལ་དེ་ལྷ་རྒྱལ་ཚེ་རིང་གི་ཡན་ན་འདུག་ཅེས་བཤད་མཁན་མང་།ཁོང་གི་(རྒྱང་བཞུད་)དང་(རྨ་ཆུའི་ཡུལ་སྐོར་བ་)སོགས་རྡུང་ལེན་པ་བདུད་བྷེའི་སྙན་འཇེབས་ཀྱི་ངག་ལ་དྲངས་ཚེ་ཁྱོད་རང་ཚིག་དོན་གཉིས་ཀྱིས་བཟི་བར་བྱེད་ཐུབ།
ཁྲི་གོང་ཨོ་རྒྱན་རྡོ་རྗེ་དང་ཉྭ་ནག་པ་བ་རེས།
བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་རྩོམ་ཡིག་འབྲི་མཁན་གྱི་སྙན་ངག་པ་དང་ལོ་ཙཱ་བ་འདིའི་ཚབ་མཚོན་སྙན་ངག་ལེགས་ཤོས་ནི་(ལྷ་སའི་ཞོགས་པ)་དང་(སྒྲོལ་མ་དཀར་མོ)་གཉིས་རེད་ཅེས་བཤད་ཆོག་ལ་དེ་དག་གཉིས་ལས་ཀྱང་(ལྷ་སའི་ཞོགས་པ)་དེ་སྐབས་ཤིག་རིང་སྙན་ངག་དཔྱད་རྗོད་པ་དག་གི་ཚད་འཛིན་བྱེད་ས་ལྟ་བུར་གྱུར་བ་ད་ལྟ་ཡང་གསལ་བོར་དྲན་གྱིན་འདུགསྙན་ངག་པ་ཁོང་གི་སྙན་ངག་ཁ་ཤས་ལ་རྒྱལ་ནང་གི་བྱ་དགའ་ཡང་གང་མང་ཐོབ་མྱོང་།
བ་རེས་ནི་ཕལ་ཆེར་བོད་ཀྱི་སྙན་ངག་པའི་ཁྲོད་དུ་ལྷུག་རྩོམ་ཁོ་ན་འབྲི་མཁན་གྱི་སྙན་ངག་པ་ཞིག་ཡིན་ལ།ཁོང་གི་སྔ་ཕྱིར་ལྷུག་རྩོམ་གཅེས་བཏུས་ཀྱི་དེབ་ཕྲེང་གསུམ་པར་བསྐྲུན་བྱས་ཟིན་ལ།དེ་དག་ལས་(སྔོན་མོ་སྤང་ལས་སྐྱེས་པའི་སེམས་ཀྱི་རོལ་མོའི)ནང་གི་ལྷུག་རྩོམ་དག་སྤུས་ཚད་ཅན་དུ་བརྩི་ཆོག་པར་སེམས།ཁོང་གིས་ལོ་རྒྱུས་ཕྱིར་སྣང་དང་དངོས་ཡོད་རྟོག་འ ཕྲུལ་གཉིས་ཀྱི་འབྲི་ཐབས་སྤྱད་ནས་ལྷུག་རྩོམ་འབྲི་བཞིན་ཡོད།སྒྱུ་རྩལ་དང་འབྲི་ཐབས་ཀྱི་ཆ་ནས་བ་རེས་ཀྱི་ཡན་ན་ཡོད་པའི་བོད་ཁུལ་གྱི་ལྷུག་རྩོམ་འབྲི་མཁན་གཞན་ཞིག་ནི་བྱ་གཞུང་དབྱངས་བྷ་ལགས་ཡིན་ལ་ཁོང་ནི་སྙན་ངག་མང་བོ་འབྲི་བར་དེ་ཙམ་མི་དགའ་དེ་རེད།
སྟོབས་ལྡན་དང་ཀླུ་ཚང་སྨྱུག་རྩེན།
མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་དུ་སློབ་གསོའི་ལས་དོན་གཉེར་བཞིན་པའི་སྙན་ངག་པ་འདིས་གླེང་རིན་ཡོད་པའི་རང་མོས་སྙན་ངག་ལེགས་པོ་མི་ཉུང་བ་ཞིག་བྲིས་ཡོད་ལ།ཁོང་གིས་སྔོན་ཆད་བྲིས་པའི་(སྡུག་གིས་བཅིངས་པའི་སེམས་པ)་དང་(རེ་སྒུག་)སོགས་ཁ་ཤས་བདག་གིས་ཡང་ཡང་རོལ་ཀློག་བྱེད་མྱོང་།ད་དུང་ཁོང་གིས་སྔ་ཕྱིར་བོད་ཁུལ་གྱི་ཞིབ་འཇུག་ལས་རིགས་ཁྲོ ད་དུ་དཔྱད་རྩོམ་ཡང་ལེགས་པོ་ཁ་ཤས་བྲིས་ཡོད།
གྲྭ་རྐྱང་སྙན་ངག་པ་ཀླུ་ཚང་སྨྱུག་རྩེན་ལགས་ནི་དུས་ཡིན་རིང་བོ་ནས་བོད་ཁུལ་གྱི་དུས་དེབ་གང་མང་གི་ཐོག་ནས་མཐོང་ཐུབ་པའི་སྙན་ངག་པ་ཞིག་ཡིན་ལ།ཁོང་གི་(སྒྲོལ་མ་དང་འབྲེལ་བ་མེད་པའི་ལོ་ཟླ་)དང་(འགྲུལ་བཞུད་།)(མཚམས་སྤྲིན)་སོགས་རྩོམ་ཡིག་ལེགས་ཤོས་སུ་བགྲང་ཆོག་བར་སྙམ།ཁོང་གིས་སྔར་བཞིན་མུ་མཐུད་རྩོམ་ཡིག་འབྲི་བཞིན་ཡོད་ལ།བོད་ཁུལ་གྱི་དུས་དེབ་ དང་།ཚགས་པར།དྲ་རྒྱ་སོགས་གང་མང་གི་ཐོག་ཏུ་ཁོང་གི་བརྩམས་ཆོས་འདྲ་མིན་མཐོང་རྒྱུ་ཡོད།
ཁྱུང་ཐར་རྒྱལ་དང་གངས་འཚོ།
སྙན་ངག་པ་འདིའི་འབྲི་རྩལ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་འཇོག་དཀའ་ན་ཡང་སྒྲ་དོན་གྱི་སྡེབ་སྦྱོར་ལེགས་ཤིང་བཅད་ལྷུག་རང་མོས་གང་ཞིག་བྲིས་ཀྱང་གཞན་ལ་སྨོན་མི་དགོས་པ་ཞིག་འདུག་སྙམ་པ་ཞིག་ཡོད།ཁོང་གིས་སྙན་དེབ་གསུམ་སྔ་ཕྱིར་པར་བསྐྲུན་བྱས་པ་ལས་(ཁ་བ་དཀར་བོ)དང་(སེམས་ཉིད་གླིང)གཉིས་སྔ་རྗེས་སུ་བཏོན་ཟིན་ལ།ཉེ་ཆར་པར་བསྐྲུན་བྱས་པའི་སྙན་དེབ་( བརྩེ་བ་ཀོ་ཤུན་མ)ལ་ཀློག་མཁན་གྱིས་གདེང་འཇོག་མི་དམན་པ་གནང་བཞིན་འདུག
བདག་གི་སྙན་ངག་ཐར་ཐོར་རེ་ཀློག་ཤེས་དུས་ནས་བཟུང་སྙན་ངག་པ་གངས་འཚོ་དང་ཁྱུང་བཟང་གཉིས་ཀྱིས་དུས་དེབ་དུ་བཀོད་མིན་ལ་མ་ལྟོས་པར་ལོ་རེ་བཞིན་རྩོམ་སྒྲིག་ཁང་དག་ཏུ་རྩོམ་ཡིག་བརྒྱ་ཕྲག་ཁ་ཤས་སྐུར་བཞིན་ཡོད་པའི་སྐོར་ཡང་ཡང་ཐོས་མྱོང་།རྩོམ་པ་བོ་ཁོང་གཉིས་ཀྱི་ཆོད་སེམས་དང་སྙིང་སྟོབས་དེས་བདག་གི་རྕོམ་རིག་གི་འགྲུལ་བཞུད་ལའང་ཤུགས་རྐྱེན་ངེས་ཅ ན་ཐེབས་ཡོད།དེའི་ཕྱིར་ནམ་རྒྱུན་གངས་འཚོ་དང་ཁྱུང་བཟང་གང་རུང་གིས་བྲིས་པའི་(ང་དང་ལུག་ཁྱུ་དཀར་བོ)་དང་(ཁ་པར)་(འབྲོག་ཁྱི་ཞིག་གི་གཏམ་རྒྱུད་)སོགས་སྦྲང་ཆར་དག་ལས་ཀློག་ཐེངས་རེ་རེར་རྩོམ་པ་བོ་ཁོང་གཉིས་ཀྱི་རྔུལ་ཆུ་དང་ཆོད་སེམས་ལ་སེམས་འགུལ་ཚད་མེད་ཐེབས་མྱོང་།
གོང་དུ་བཀོད་པའི་སྙན་ངག་པ་ཁོང་རྣམ་པ་ནི་གུས་པའི་ཕ་སྐད་རྩོམ་རིག་སྦྱང་བརྩོན་དང་འཚར་ལོངས་ཀྱི་ཐོག་མཐའ་བར་གསུམ་དུ་ཤུགས་རྐྱེན་དང་སྐུལ་ལྕགས་ངེས་ཅན་ཐེབས་པའི་རྩོམ་པ་བོ་ཞེ་གཅིག་ཡིན་པས་གུས་པར་མཚོན་ན་བཀའ་དྲིན་བླ་ལྷག་ཏུ་ཆེ།སྐད་ཡིག་གི་གཞན་ཞིག་གི་ཁྲོད་ནས་དེ་རིང་གི་རྒྱལ་སྤྱིའི་རྩོམ་རིག་རིག་པའི་གཞུང་ལུགས་སྐོར་ལ་ཆེད་སྦྱོང་བྱེད་ མཁན་གུས་པ་བདག་ལ་མཚོན་ན།ཁོང་རྣམ་པ་ནི་བདག་གི་རྩོམ་རིག་གི་མིག་ཟུང་ཐོག་མར་འབྱེད་མཁན་ཡིན་པ་མ་ཟད་སྙན་ངག་གི་མཛེས་པ་དང་སྒྱུ་རྩལ་བུ་རམ་གྱི་བྲོ་བ་ཐོག་མར་མྱོང་དུ་འཇུག་གནང་མཁན་ཡང་ཡིན་པས་གུས་པའི་རྩོམ་རིག་སྦྱང་བརྩོན་གྱི་འགྲུལ་བཞུད་རིང་མོ་འདིའི་ཐོག་མཐའ་བར་གསུམ་དུ་ཁོང་ཅག་ནི་བདག་གི་སེམས་ཁོངས་ན་འོད་དུ་འཚེར་བཞིན་ཡོད་དོ།།
རྩོམ་ཡིག་འདི་བཀླགས་རྗེས་རྩོམ་པ་བོ་ཁོང་གི་རང་རེའི་ཕ་སྐད་རྩོམ་པ་བོ་དེ་དག་གི་སྐོར་ལ་ཞིབ་འཇུག་དང་དོ་སྣང་བྱས་པ་ཧ་ཅང་ཞིབ་ཚགས་དང་གཟས་ནན་ཡིན་པ་ཤེས་རྟོགས་བྱུང་།བདག་ལ་མཚོན་ན་བོད་ཀྱི་ཉེ་རབས་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བའི་རྩོམ་པ་བོ་དགའ་ཤོས་ནི་འཇུ་སྐལ་བཟང་ཡིན་ལ།ཁོང་གི་དུང་སེམས་རླབས་ཀྱི་ཟེགས་མར་འདི་འདྲ་ཞིག་བྲིས་ཡོད།
སྨིན་མཚམས་གཞུ་རྒྱུད་ལས་ཤོར་བའི།།
ཟུར་མིག་མེ་ཏོག་གི་མཛའ་མོ།།
དམར་ཆུང་སྙིང་ཁ་རུ་ཕོག་དུས།།
སེམས་ལ་རང་བདག་ཞིག་མི་འདུག།
ངས་རྩོམ་པ་པོ་འདི་རྣམས་ཀྱི་ནང་ནས་སྙན་རྩོམ་ཀློག་ན་འདོད་ཤོས་གཅན་རང་སད་ཀྱི་ཤམ་པ་ལའི་ཅོང་སྒྲ་ཡིན་ལ། ཁོང་སྲོལ་རྒྱུན་སྙན་ངག་གི་རྩོམ་རྩལ་ཧ་ཅང་མཁས་པོ་རེད། བར་སྐབས་ཤིག་ནས་དུས་དེབ་དང་ཚགས་ཤོག་སོགས་སུ་ཁོངས་གི་བརྩམས་ཆོས་མཐོང་བ་ཉུང་དུ་ཕྱིན་སོངྲ། ནུབ་ཕྱོགས་ཁྲ་ཁྲ་ཟིང་ཟིང་ནང་ན་ཁོང་ཁོམ་གི་མེད་དེ་རིང་མ་གཏོགས་མ་ཤེས། ངོ་མ་ཕང་སེམས་ཆེ་བ་ལ།
ཀླུ་ཚང་སྨྱུག་རྩེན་ནི་ཁྱུང་ཐར་རྒྱལ་གྱི་སྨྱུག་མིང་རེད། རྒྱ་གྲོལ་དཔྱད་བརྗོད་པ་ཚད་ལྡན་ཞིག་དང་སྙན་ངག་རེ་ཟུང་བྲིས་ཡོད་པ་ལས་སྙན་ངག་པ་གྲགས་ཅན་ཞིག་ཡིན་པ་དེ་རིང་བར་དུ་མ་ཤེས། ཁྱུང་ཐར་རྒྱལ་གྱི་བརྩམས་སྒྲུང་ཡག་པོ་ཡོད་པ་མ་གཏོགས་སྙན་ངག་པ་གྲགས་ཅན་ཞིག་ཨེ་ཡིན། དེ་བཞིན་སྟོབས་ལྡན་དང་ཆས་པ་རྟ་མགྲིན་ཚེ་རིང་གཉིས་ཀྱང་སྙན་ངག་པ་གྲགས་ཅན་ཡིན་པ་མ་ཤེས། ད་དུང་ཉ་ནག་པ་བ་རེས་འདིའི་ལྷུག་རྩོམ་དག་ཡག་པོ་ཡོད་པ་ལས་སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག་སྐད་གྲགས་ཆོད་པ་ཞིག་བྲིས་ཨེ་ཡོད། ཕྱི་རྒྱལ་པ་ཚོས་སྙན་ངག་པ་ཚད་ལྡན་འཇོག་དུས་དེ་དག་གི་ཚབ་མཚོན་སྙན་ངག་གྲགས་ཅན་དེ་འདྲ་བགྲངས་ནས་རྩོམ་པ་པོ་དེ་སྙན་ངག་པ་ཚད་ལྡན་དམ་གྲགས་ཅན་ཡིན་པའི་ཁུངས་སྐྱེལ་བྱེད་སྲོལ་འདུག་པས། སྤྲ་རིགས་ཐོགས་མེད་ལགས་ཀྱིས་ཀྱང་གོང་གསལ་སྙན་ངག་པ་ཚད་ལྡན་ལས་བརྒལ་ཏེ་སྙན་ངག་པ་གྲགས་ཅན་དུ་བགྲངས་པ་འདི་དག་གིས་བྲིས་པའི་རང་རང་གི་ཚབ་མཚོན་སྙན་ངག་རེ་ལེ་ཚན་རྗེས་མའི་ནང་དུ་ངོ་སྤྲོད་བྱེད་ཐུབ་ན། དེ་ནས་ང་ཚོས་སྙན་ངག་པ་དེ་དག་ལ་སྙན་ངག་པ་གྲགས་ཅན་གྱི་ཆོ་ལོ་འོས་དང་མི་འོས་ལ་ལྟ་ཞིབ་བྱེད་དོ།། སྙན་ངག་བྲིས་ནས་སྦྲང་ཆར་བྱ་དགའ་ཐོབ་པས་སྙན་ངག་པ་གྲགས་ཅན་ལ་བགྲང་འོས་ཚེ་སྦྲང་ཆར་སྟེང་སྙན་ངག་བྲོ་བ་ཅན་གང་མང་བྲིས་མཐར་སྦྲང་ཆར་གྱི་བྱ་དགའ་ཆེན་པོ་ཐོབ་པའི་གྲྭ་བཙུན་གཞན་ཡང་མཚམས་སྦྱོར་བྱེད་རྒྱུ་ཡོད་ཀྱང་རེ་ཞིག་བཞག་གོ།།
བོད་ཡིག་བྲིས་ཤེས་མཁན་ཚང་མ་ཉེས་རབས་བོད་ཀྱི་སྙན་ངག་གྲགས་ཅན་པ་ཆགས་པ་འདྲ། ད་དུང་མྰའོ་ཙེ་ཏུང་ལ་བསྟོད་ན་དེ་ལས་ཀྱང་གོ་ས་ཆེ་རུ་ཕྱིན་པ་ལ་སུས་མཚར། བོད་རིགས་ཀླད་མེད་ཀྱི་སྙན་ངག་ཏུ་འབོད་འདོད་བྱུང་ལགས།
རྒན་ཀླུ་སྨྱོན་གྱིས་དུས་ཐོག་ཏུ་བཟོ་བཅོས་གནང་བར་ཐུགས་རྗེ་ཆེ།གོང་གི་ཀླུ་ཚང་སྨྱུག་རྩེན་ཞེས་པ་དེ་སྨྱུག་གསར་དུ་བཅོས་རོགས་གནང་།
༡་ཁྱུང་ཐར་རྒྱལ་གྱིས་སྙན་ངག་གང་མང་བྲིས་ཡོད་པ་མ་ཟད་ཆེད་དེབ་ཀྱང་གསུམ་བཏོན་ཡོད།(ཁ་བ་དཀར་བོ)དང་(སེམས་ཉིད་གླིང)གཉིས་སྔ་རྗེས་སུ་བཏོན་ཟིན་ལ།ཉེ་ཆར་པར་བསྐྲུན་བྱས་པའི་སྙན་དེབ་( བརྩེ་བ་ཀོ་ཤུན་མ)ལ་ཀློག་མཁན་གྱིས་གདེང་འཇོག་མི་དམན་པ་གནང་བཞིན་འདུག་ཟེར།
འབྲེལ་ཐག་འདི་ལ་གཟིགས།
http://www.gdqpzhx.com/bo/html/news/20110113865.html
༢ ཉྭ་ནག་བ་རེས་ལགས་བདག་གིས་ལྷུག་རྩོམ་འབྲི་མཁན་གྲགས་ཅན་ཞིག་རེད་ཅེས་བཤད་ཡོད་པ་ལས་སྲོལ་རྒྱུན་སྙན་ངག་འབྲི་མཁན་ཞིག་རེད་ཅེས་བྲིས་མེད་པས་ཡང་བསྐྱར་ཐེངས་གཅིག་ཀློག་རོགས།
༣ གཞན་རྩོམ་པ་བོ་རྒྱ་གྲོལ་དང་སྟོབས་ལྡན་སོགས་སྙན་ངག་པ་གྲགས་ཅན་ཡིན་མིན་སོགས་དྲ་ཐོག་ཏུ་ཁོང་ཅག་གི་བརྩམས་ཆོས་ཁག་བཞག་ནས་རྗེས་མ་རིམ་བཞིན་བགྲོ་གླེང་བྱེད་ཆོག་པས་རྗེས་མ་གཟིགས་ཆོག་པར་ཞུ།
སྦྲ་རིགས་ཐོགས་མེད་ཀྱིས་ཉེ་རབས་བོད་ཀྱི་སྙན་ངག་པ་ཁག་གཅིག་གི་སྐོར་གླེང་བ་དེ་བཀའ་དྲིན་ཆེ། ད་དུང་དེ་ལས་མང་བ་ཡོད་སྲིད། སྲོལ་རྒྱུན་སྙན་ངག་པ་དང་དེང་རབས་སྙན་ངག་པ་གཉིས་ཀྱི་དབྱེ་མཚམས་གསལ་བོ་ཞིག་བཟོ་དགོས་ཀྱི་འདུག
ཨ་རོགས་ཀླུ་སྨྱོན་ལགས། ་ཁྱེད་ཀྱི་མིང་གོང་་གི་ཐོ་གཞུང་ནང་མ་སླེབས་པས་ཁྱེད་ཀྱི་གྲོད་ཁོག་དེ་ཙམ་བདེ་གི་མེད་པ་འདྲ། སྦྲ་རིགས་ཀྱིས་ནོར་འཁྲུལ་ཅུང་ཙམ་བཟོས་འདུག་པ་དེ་ངས་བསམ་ན་ཕལ་ཆེར་ཀླུ་ཚང་སྙུག་རྩེན་དང་སྙུག་གསར་གཉིས་ཀྱི་ཁྱད་པར་ཡིན་པ་འདྲ། འོན་ཀྱང་ནོར་རྒྱུ་མེད་པའི་མི་ཞིག་ཨེ་ཡོད་ལ། ཉེ་ཆར་བློ་བཟང་སེང་གེས་ཀྱང་མཁས་པའི་ལེགས་བཤད་དྲངས་པ་ནོར་འདུག་ག མི་བདེན་ན་དྲ་ཚིགས་འདི་ལ་ལྟོས་ལོད་http://www.jamyangnorbu.com/blog/2011/06/02/lobsang-sangay%E2%80%99s-wrong-churchill-quote/
ད་དུང་གོང་དུ་གསལ་བའི་རྩོམ་ཡིག་དེ་ཚོ་ལ་ཞིབ་འཇུག་བྱེད་འདོད་ཡོད་ན་ཁྱེད་རང་ཉིད་ཀྱིས་དྲ་ཐོག་ནས་འཚོལ་རོགས། མཐོ་སློབ་ཀྱི་སློབ་མ་ཚོར་བྲེལ་འཚུབ་ཆེ་བས་དུས་ཚོད་སྟོང་པ་མི་འདུག
ཟིན་བྲིས་འདི་སྣང་བར་འགྲོ་བོ་བྱུང་། ཐུགས་རྗེ་ཆེ།
གྲོགས་པོ་རྣམས་པས་དཔྱད་གླེང་སྤེལ་བ་ཧ་ཅང་བཟང་གི
ཁྱི་ཕྲུག་ལགས། ངས་སྤྲ་རིགས་ཐོགས་མེད་ཀྱིས་བདམས་པའི་སྙན་ངག་པ་གྲགས་ཅན་ཟེར་བ་དེ་ཚོར་རང་གི་བསམ་ཚུལ་ཐུང་ཐུང་ཞིག་བྲིས་པ་ཡིན་ལ། དེ་ཡང་ང་རང་དང་ངའི་གྲོགས་པོ་སྙན་ངག་སྨྲ་བ་ཚོའི་ཁྲོད་དུ་སྙན་ངག་པ་གྲགས་ཅན་དུ་མི་བགྲང་བའི་རྩོམ་པ་པོ་དེ་ཚོ་ཁོང་གིས་ཇི་ལྟར་སྙན་ངག་པ་གྲགས་ཅན་དུ་མཐོང་བ་ཡིན་ནམ་བསམས་པའི་དོགས་སློང་ཞིག་ཡིན། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དུ་སྙན་ངག་པ་གྲགས་ཅན་མེད་ས་ཞིག་ནས་ང་རང་སྙན་ངག་པ་གྲགས་ཅན་གྱི་གྲས་སུ་ཚུད་པའི་རེ་བ་ཞིག་གལ་སྲིད་ཡོད་ཀྱང་དེ་ནི་ཁ་ཆེ་རྒྱལ་པོའི་ན་བཟའ་རང་རེད།
ད་དུང་ཀླུ་ཚང་སྨྱུག་གསར་ཡིན་ན་ཁོང་ནི་དེ་བས་ཀྱང་སྙན་ངག་པ་གྲགས་ཅན་ཞིག་གང་ནས་ཡིན། ཁོང་གི་ཨ་མའི་ནུ་རིན་ནི་གསར་རྩོམ་པ་ཞིག་གི་སྨྱུག་རྩལ་ངོམས་པ་ཙམ་ཞིག་ལས་སྙན་ངག་པ་གྲགས་ཅན་གྱི་ཚབ་མཚོན་བརྩམས་ཆོས་ཤིག་ཏུ་ངས་ནི་འཇོག་ཐུབ་མ་སོང་། སྤྲ་རིགས་ཐོགས་མེད་ཀྱིས་སྙན་ངག་པ་གྲགས་ཅན་འདེམ་ལུགས་འདི་ནི་སྤྱིར་ན་དེང་སྐབས་ཀྱི་རྒྱན་ཤོག་འཕེན་པ་འདིའི་ལུགས་སྲོལ་གཞིར་བཟུང་བ་ལྟ་བུ་ཞིག་ལས་དེ་ཙམ་གནད་དུ་ཁེལ་བ་ཞིག་ཏུ་མཐོང་མ་སོང་། ཡིན་ན་ཡང་གོང་གི་རྒྱན་ཤོག་ཐོབ་པའི་གྲས་ནས་འཇུ་སྐལ་བཟང་དང་ལྗང་བུ། ལྷ་རྒྱལ་ཚེ་རིང་དང་གངས་ཞུན་བཞི་ལ་སྙན་ངག་པ་གྲགས་ཅན་ཡིན་པར་ངོས་ལེན་ཡོད། དེ་མིན་སྙན་ངག་པ་གྲགས་ཅན་ཡིན་པའི་ཁས་ལེན་བྱེད་ཐུབ་པ་མི་འདུག སྙན་ངག་པ་དང་སྙན་ངག་པ་ཚད་ལྡན། དེ་ལས་བརྒལ་ཏེ་སྙན་ངག་པ་གྲགས་ཅན་ཞེས་པའི་གོ་འཕང་འདི་དག་ལ་ཐེག་པ་རིམ་བརྒལ་བྱེད་དགོས་པ་མ་གཏོགས་ཐེག་པ་ཐོལ་བརྒལ་བའི་ལུགས་བཞིན་བགྲོད་ཐུབ་པ་ཞིག་མ་རེད་འདོད། རྩོམ་པ་པོ་གྲགས་ཅན་ཞིག་ཡིན་ན་དེ་སྙན་ངག་པ་གྲགས་ཅན་ཡང་ལོས་ཡིན་འདོད་པ་འདི་ལ་བསམ་བློ་རེ་གཏོང་ཨེ་མྱོང་ལགས།
བཙན་བྱོལ་ཁྲོད་ནས་ངས་ནི་ད་སྔ་འདས་པོ་བློ་བཟང་ཡེ་ཤེས་ལས་ལྷག་པའི་སྙན་ངག་པ་ཚད་ལྡན་ཞིག་མཐོང་བར་མ་གྱུར་ལ། སྙན་ངག་མའི་ཁྲོད་ནས་གཟུངས་ཕྱུག་སྐྱིད་འདིས་མུ་མཐུད་དེ་འབྲི་རྒྱུ་ན་སྙན་ངག་མ་ཚད་ལྡན་ཞིག་འཁྱོང་ན་ཐང་ཀི་འདོད་ཡོད།
ཡ་རབས་བོད་རིགས་དམངས་ཀྱིས་ཞལ་ནས་ཐོན་མི་ནུས་པའི་ཚིག་དག བོད་ཡིག་འབྲི་ཤེས་མཁན་འགས་བྲིས་ནས་དེང་རབས་སྐད་གྲགས་ཅན་གྱི་སྙན་ངག་པ་ཆགས་འགྲོ་བ་ནི། ར་ཕོ་ང་རྒྱལ་ཆེ་དུས་ཉི་མ་ཨོག་སུམ་འོག་ནས་ཤར་བ་མཐོང་བ་དང་གཅིག་པ་མིན་ནམ། །ཕྱི་མི་ལ་ཡང་ངོ་ཚ་མི་ཚའམ། དེ་འདྲ་རང་བྱས་ཕོད་དམ། ལབ་ཕོད་སྟངས་ལ་ཡང་ཡང་ཡང་སོམས་དགོས་པ་མི་འདུག་གམ།
བྲག་རྡོའི་སྟེང་གི་ར་ཕོ།
ཟླ་བ་དམའ་བ་མ་རེད།
ར་ཕོའི་སྣང་བ་མཐོ་རེད།
ཀླུ་སྨྱོན་ལགས། དེ་ན་ལྡོང ཆུ་ཤེལ་གང་ལ་བསྐྱལ་དགོས། ཁོང་འདྲ་བའི་སྙན་ངག་པ་ཞིག་ང་སྐྱེས་ནས་ད་བར་མཐོང་མ་མྱོང་། ཁོང་གི་ཁྱོད་ཀྱི་གཏམ་རྒྱུད་ཀློག་མྱོང་མཁན་ཞིག་ཡིན་ཚེ། ད་གཟོད་སྙན་ངག་པ་ཞིག་ལབ་ན་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་པའི་ཚོར་བ་ཏན་ཏན་སྟེར་ངེས། གཅིག་བྱས་ན་ང་འདྲ་བའི་དྭངས་གཙང་གི་བརྩེ་དུང་ལ་རེ་སྒུག་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཚེ། ཀློག་པ་པོ་གང་ཞིག་དེ་མ་ཐག་སྒྱུ་རྩལ་དང་ཚོར་ཤུགས་འདྲེས་མའི་གཏིང་རུམ་ནས་བསླེས་བའི་སྙན་ངག་ཐུང་ཐུང་འདིས་སྐད་ཅིག་ཉིད་ལ་བཟི་འགྲོ
གལ་སྲིད་ཕ་རོལ་བ་ཞིག་གིས་འོ་ན་ཁྱོད་ཀྱི་རྩོམ་ཡིག་དེའི་ཁ་བྱང་དུ་ཉེ་རབས་བོད་ཀྱི་སྙན་ངག་པ་གྲགས་ཆེན་ཁ་ཤས་ཞེས་བྲིས་མི་འདུག་གམ་ཞེ་ན།དེ་ནི་ཀལོག་པ་བོ་བདག་གི་རང་རང་གི་དགའ་མོས་ལྟར་བཞག་པའི་ཉེ་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་ཁ་ཤས་ཡིན་ཞེས་བརྗོད་འདོད་པ་དེའོ།
@ ཟིན་བྲིས་པ་གཙུག་ལག་སློབ་དཔོན་ལགས་དངོས་གནས་གཙུག་ལག་སློབ་དཔོན་ཞིག་ཡིན་ཚེ་མ་འཐའ་ཡང་སྙན་ངག་གི་བརྗོད་བྱ་ལ་ཚད་བཀག་མེད་པ་ཤེས་དགོས་ལ་སྙན་ངག་གི་སྒྱུ་རྩལ་མཚོན་ཐབས་ལའང་སྟངས་འཛིན་བྱེད་མི་རུང་བའི་གཞི་རིམ་གྱི་ལྟ་བ་དག་མཁྱེན་ངེས།
རྒན་ཀླུ་སྨྱོན་གྱི་དོག་སློང་ཁ་ཤས་དང་རྗེས་འབྲེལ་གྱི་བསམ་ཚུལ་ཁ་ཤས་ཞུ་འདོད་བྱུང་།སྤྱིར་སྙན་ངག་པ་གྲགས་པ་གྲགས་ཅན་ཡིན་དང་མིན་ཞེས་པའི་ཆོ་ལོ་འདི་གཙོ་བོ་ཁོང་ཚོའི་སྙན་ངག་བརྩམས་ཆོས་ཀྱི་ཐོག་ནས་འཇོག་དགོས་པའི་རྒན་ཀླུ་སྨྱོན་གྱི་དགོངས་པར་བདག་འཐད་པ་ཡིན།འོན་ཀྱང་།སྙན་ངག་ཅེས་པ་ནི་སྒྱུ་རྩལ་གྱི་རྒྱུ་སྤུན་དང་འཆར་ཡན་གྱི་ལག་རྩལ་དུ་ཟུང་སྦྲེལ་ནས་བཟོ་བསྐྲུན་བྱས་པའི་འཇའ་ཚོན་གྱི་གོས་ལྭ་དེ་ཡིན་པས།སྙན་ག་ཅིག་དང་སྙན་ངག་པ་ཞིག་རེ་རེ་གདེང་འཇོག་བྱེད་ལུགས་ལ་ཡང་ཚུལ་ལུགས་འདྲ་མིན་ཡོད་ངེས།དེང་རབས་རྒྱལ་སྤྱིའི་ཁྲོད་དུ་སྙན་ངག་པ་གྲགས་ཅན་བདམས་གསེས་བྱེད་ལུགས་ལ་ངོ་བོ་དང་བྱེད་ཐབས་འདྲ་མིན་ཡོད་པ་འདི་ཡང་ང་ཚོས་མཁྱེན་དགོས་པ་ཞིག་རེད།
༡) ཀློག་པ་བོའི་དགའ་བསུ་དང་ཁྲོམ་རའི་འཁོར་སྐྱོད།
འདི་གཙོ་བོ་སྤྱི་ཚོགས་སོ་སོ་དང་མི་སྒེར་སོ་སོའི་དགའ་སྣང་དང་མོས་པ་གཙོ་བོར་བཟུང་ནས་ཐག་གཅོད་བྱེད་བཞིན་ཡོད། དཔེར་ན། J K Rowling ཁོང་མོའི་རྟོག་འཕྲུལ་སྒྲུང་གཏམ་ཐོག་མ་གཉིས་པར་སྐྲུན་བྱེད་སྐབས་དཔྱད་རྗོད་པའི་ངོས་ནས་སྐར་རྟགས་གཅིག་དང་ཕྱེད་ལས་སྤྲད་མེད་མོད།ཀློག་པ་བོའི་ཚད་མཐོའི་དགའ་བསུ་བྱས་པ་དེས་ཁོ་མོའི་དེབ་ཀྱི་པར་གྲངས་དེ་ཅི་ཉི་ཟི་ཟིན་ཐོ་ལས་བརྒལ་པར་གྱུར།
༢) དཔྱད་རྗོད་པའི་གདེང་འཇོག་དང་བགྲོ་གླེང་།
རྩོམ་པ་བོའམ་ཡང་ན་སྙན་ངག་པ་དག་ལ་རིན་ཐང་སྤྲོད་ཚུལ་འདི་གཙོ་བོ་དཔྱད་རྗོད་པའི་ཕྱོགས་ནས་སླེབས་བཞིན་ཡོད།དཔེར་ན།ཨ་རིའི་སྙན་ངག་པ་གྲགས་ཅན་w whitman ལགས་ཀྱི་རྩྭ་ལོ (Leaves of grass)ལ་སྐབས་དེར་སྤྱི་ཚོགས་ཁྲོད་སྙན་དེབ་ཀློག་མཁན་མེད་པར་གྱུར་མོད།དཔྱད་རྗོད་པའི་ཁྲོད་ནས་དམིགས་བསལ་གྱི་གདེང་འཇོག་བྱས་པར་བརྟེན་ཁོང་རིམ་བཞིན་ཨ་རིའི་ཕུལ་བྱུང་སྙན་ངག་པ་བརྒྱའི་ཁོངས་སུ་ཐེངས་མང་བོར་བདམས།
༣) བསྐྱར་གླེང་ཕུལ་བྱུང་སྙན་ངག་བརྩམས་ཆོས།
ལུགས་སྲོལ་དེ་ད་ལྟར་རྒྱ་གར་སོགས་ཤར་ཕྱོགས་རྒྱལ་ཁབ་མང་བོའི་ཁྲོད་དར་ཆར་ཆེན་པོ་འགྲོ་བཞིན་ཡོདྲདེ་ནི་ལོ་རྒྱུས་ཁྲོད་དུ་བྱུང་མྱོང་ནའང་སྐབས་དེའི་ཀློག་མཁན་དང་དཔྱད་རྗོད་པ་གང་གི་སྙུག་རྩེས་མ་ཟིན་པའི་སྔོན་རབས་སྙན་ངག་པ་དང་རྩོམ་པ་བོ་གང་མང་ཞིག་ལ་བསྐྱར་དུ་གདེང་འཇོག་བྱེད་བཞིན་པ་དེ་རེད། དཔེར་ན།རྒྱ་གར་གྱི་བུད་མེད་རྩོམ་པ་བོ་I Chughtai སོགས་སྔོན་ཆད་མིང་ཡང་གོ་མྱོང་མེད་པ་མང་བོ་ཞིག་གི་སྙན་ངག་ཁག་མང་བོ་ཞིག་ལ་དེང་སང་བསྐྱར་དུ་གདེང་འཇོག་དང་དཔྱད་རྗོད་སྤེལ་བཞིན་པ་དེ་རེད།
གོང་གི་དཔེ་མཚོན་དག་གི་གནས་ཚུལ་རྒྱས་པ་དྲ་ཐོག་ནས་ཀློག་པར་འཚལ།གང་ལྟར་སྐབས་འདིར་ང་ཚོས་གསལ་བོར་ཤེས་པ་ནི་སྙན་ངག་པ་གྲགས་ཅན་ཡིན་མིན་གྱི་ས་མཚམས་ནི་འདི་ལྟར་ལམ་སེང་བགྲོ་གླེང་ཁ་ཤས་དང་བསམ་ཚུལ་ཁ་ཤས་ཀྱི་ལམ་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན་པ་དེ་རེད།འོན་ཀྱང་།ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཡོད་པ་ནི་ཀློག་པ་བོ་རང་རང་གི་ངོས་ནས་རང་རང་གི་སྙན་ངག་རོལ་མྱོང་གི་ཁྱད་པར་དང་།དགའ་ཕྱོགས།ཤུགས་རྐྱེན་སོགས་ལ་བལྟོས་ནས་བདམས་གསེས་བྱེད་ཆོག་པ་དེ་རེད།གལ་དེ་ཁྱོད་ཀྱིས་བདག་གི་ཟིན་བྲིས་དེ་བམ་ཀློག་ཙམ་བྱས་མེད་ཚེ་རྩོམ་ཡིག་དེའི་ཐོག་མཐའ་གཉིས་ན་”བདག་ལ་ཤུགས་རྐྱེན་ངེས་ཅན་བཞག་མྱོང་བའི་”སོགས་དངོས་ཤུགས་གང་རུང་ནས་ཀློག་པ་བོ་དཀྱུས་མ་ཞིག་གི་ས་ནས་དཔྱད་རྗོད་སྤེལ་བཞིན་པ་ཤེས་ཐུབ།ངེའི་ཕྱིར་རྒན་ལགས་ཀྱི་བདག་གི་གོང་དུ་བཀོད་པའི་སྙན་ངག་པ་དག་ཁྱོད་རང་ཉིད་ཀྱི་རོལ་མྱོང་ཐོག་གི་སྙན་ངག་པ་གྲགས་ཅན་དག་མ་རེད་ཅེས་བཤད་ཆོག་ནའང་།སྤྱིར་སྙན་ངག་པ་གྲགས་ཅན་ཡིན་མིན་གྱི་ས་མཚམས་ཨ་ལགས་ཀླུ་སྨྱོན་ལགས་ཀྱི་ཁ་ཚོན་མ་གཅོད་ལགས་ཞེས་ཞུ་འདོད་བྱུང་།
སྤྲུལ་སྐུ་ཚང་གིས་ད་དུང་དེ་ལས་ཀྱང་མང་བ་ཤེས་འདོན་ཡོད་ན་གཤམ་གྱི་རྩོམ་ཡིག་’འདི་དག་འདི་བམ་ཀློག་ཙམ་མིན་པར་ཞིབ་ཀློག་ཅིག་བྱེད་པར་བསྐུལ་འདོད་བྱུང་།
༡) http://martinturner.org.uk/martins-notes/how-to-critique-a-poem/
2) http://artdurkee.blogspot.com/2007/11/how-do-you-know-if-poem-is-good-or-bad.html
མུ་མཐུད་དུ་བགྲོ་གླེང་ལ་ཕེབས་ཤོག ཟླ་གཅིག་རིང་མཐོ་སློབ་ཀྱི་གུང་གསེང་ཡིན།
སྦྲ་རིགས་ཐོགས་མེད་ལགས།
ཁྱེད་རང་སྐྱེས་ས་སྦྲ་གུར་ནང་ལ་སྐྱེས། རིགས་པ་ཡ་རབས་མཐོང་རྒྱ་མེད། ཐོགས་ས་བོད་ཀྱི་ཆོས་རིག་གཞུང་ལ་ཐོགས། མེད་ས་བཟང་སྤྱོད་ཀུན་སྤྱོད་མེད་ཙང་། རང་གིས་རང་ལ་སྦྲ་རིགས་ཐོགས་མེད་ཅེས་བཏགས། སློབ་གྲྭ་དམར་ལུགས་སྦྱངས། འཚར་ས་མི་སྐྲ་རིང་འཆལ་པོའི་དསྐྱིལ་དུ་འཚར། མའོ་ལ་ཡར་བསྟོད། བོད་ཆོས་ལ་མར་དམོད་པའི་སྙན་ངག་དེ་ཚོ་སྙན་ངག་མིན་ལ་སྒྲོ་བསྐུར་གྱི་ཁེངས་པའི་སྨྱོ་ལབ་ཡིན་པར་འདོད་ལགས།
སྤྲང་པོ་ལམ་ནས་མི་འགྲིག འཁྱམ་ཁྱི་རང་འཐག་ཁ་ནས་མི་འགྲིག གཡག་ཐིག་སྤང་ལྗོངས་སྟེང་ནས་མི་འགྲིག ད་ཁྱོད་ཚོ་སྒྲ་རིགས་ཐོགས་མེད་སྟེང་དུ་རུབ་མ་རྒྱགས་ཡ། ཁོང་ད་དུང་བྱིས་པ་ཆུང་ཆུང་རེད་པ། སྦྲང་ཆར་མ་གཏོགས་ཀློག་མ་མྱོང་། ཡུང་མ་མ་གཏོགས་ཟོས་མ་མྱོང་ན། ཁོང་གིས་བྲོ་བ་དེ་བཤད་བཞིན་ཡོད་པ་རེད། ཧཧཧ
འོ་གཡའ་ཟིག་བྱོས། སྒྲ་རིག་ཐོགས་མེད་མ་རེད། སྦྲ་རིགས་ཐོགས་མེད་ཡིན་ན་ཅིག་རེད།
སྦྲ་རིགས་ཐོགས་མེད་ལགས། རང་ཉིད་དགའ་བའི་སྙན་ངག་པ་ཡིན་ན་སྙན་ངག་པ་གྲགས་ཅན་ཡིན་དགོས་སམ། གྲགས་ཅན་ཟེར་བ་དེར་ནང་དོན་དེ་ཙམ་ལས་མེད་པ་རེད་དམ།
གཙུག་ལག་སློབ་དཔོན་ལགས།རྨང་གཞིའི་བརྡ་སྤྲོད་ཀྱི་དག་ཆའང་ལེགས་པོ་ཞིག་མི་འབྱོར་བར་བལྟས་ན་སློབ་དཔོན་ཞིག་གི་ཚུགས་ཀ་མེད་མོད།བོད་ནང་གི་སྙན་ངག་པ་ཡོད་ཚད་དམར་བོའི་ལྟ་བ་སྦྱོང་མཁན་དང་མོའོ་ལ་བསྟོད་པ་གཏོང་མཁན་དུ་འདོད་པའི་ཉིད་ཀྱི་བསམ་བློའི་ཐོག་གི་སྐྱེན་ཆ་དེ་རང་ཉིད་ཀྱི་མིག་རྒྱང་ཐུང་དྲག་ོའི་སྐྱོད་དུ་ངེས་སོ།།
དྲང་མོར་བཤད་ན་སྐུ་ཉིད་ཀྱི་དམར་ལུགས་ཟེར་བ་དེ་(Maoism-༡༩༡༢-༡༩༧༥)ཡང་ན་Marxism-༡༩༡༨-༡༩༨༣) གཉིས་གང་ལ་གོ་དགོས་པ་དང་།ཉིད་ལ་དེའི་ཕྱོགས་ཀྱི་མཁྱེན་རྒྱ་ག་ཚོད་ཡོད་མེད་སོགས་མང་ནའང་རེ་ཞིག་རྒན་པ་ཤིག་ལ་གུས་ཞབས་ཀྱི་ཚུལ་དུ་རེ་ཞིག་བཏང་སྙོམས་སུ་བཞག་པའོ།།
ནོར་བཅོས།
ཐུང་དྲག་པའི་སྐྱོན་དུ་ངེས་སོ།།
བོད་པ་དག་གི་དཔྱད་རྗོད་བྱེད་ཚུལ་རང་རང་གི་བསམ་ཚུལ་གཙོ་བོ་འཛིན་གྱིན་ཡོད་ལ་རྒྱལ་སྤྱིའི་ཁྲོད་དུ་གནས་ལུགས་གཙོ་བོར་འཛིན་གྱིན་ཡོད།དེའི་ཕྱིར།མུ་མཐུད་དཔྱད་རྗོད་སྤེལ་ན་ལུང་དང་།རྒྱུ་མཚན།་དཔེ་མཚོན་བཅས་སྦྲགས་ནས་བཤད་སྦྱངས་བྱེད་ཐུབ་ན་ལེགས་པར་སེམས།
མཆན་བུ་བ་ཚོ་མུ་མཐུད་ཕེབས་རོགས།
ཉིད་ད་ལྟ་དྲ་ཐོག་འདི་ན་ཡོད་པ་འདྲ། ངའི་དྲི་བ་སྟེ། གོང་གསལ་སྙན་ངག་པ་གྲགས་ཅན་དུ་བཞག་པའི་སྙན་ངག་པ་དེ་དག་གི་ཚབ་མཚོན་སྙན་ངག་རེ་འདིར་དྲངས་ན་ག་འདྲ་འདུག དེ་ནས་ང་ཚོས་སྙན་ངག་གྲགས་ཅན་གྱིས་སྙན་ངག་པ་དེ་དག་གྲགས་ཅན་དུ་བཟོས་ཡོད་མེད་ལ་བལྟའོ།།
སྙན་ངག་པ་ཡིན་ན་སྙན་ངག་པ་ཚད་ལྡན་ཡིན་པས་ཨེ་ཁྱབ། སྙན་ངག་པ་ཚད་ལྡན་ཡིན་ན་སྙན་ངག་པ་གྲགས་ཅན་ཡིན་པས་ཨེ་ཁྱབ། རྩོམ་པ་པོ་ཡིན་ན་སྙན་ངག་ཡིན་པས་ཨེ་ཁྱབ། མ་ཁྱབ་ན་་་་་་་་་་་་་་་་་་་་་
ང་ཆུ་ཚོད་གཉིས་ཙམ་གྱི་རིང་དྲ་ཐོག་ན་མེད། དེ་ནས་ཕྱིར་ཡོང་ནས་ཁྱོད་ཀྱིས་བྲིས་པ་དག་ཞིབ་ཀློག་ཅིག་བྱེད། ཡང་བསམ་ཚུལ་མི་མཐུན་པ་ཡོད་པ་ན་ཅིག་འབྲི་ཁུལ་བྱེད་ཡ། འདི་ཡང་ཉི་མ་གཏོང་སྟངས་སྐྱིད་པོ་ཞིག་ཡིན་ན་ཐང་ཀི་ཡ།
ངའི་དམར་ལུགས་ནི། མག་སི་ཡི་རིང་ལུགས་མིན་ལགས། མྰའོ་སྤྲང་ཕྲུག ཅ་འོ་བྱིས་ཕྲུག ཏིང་ཤའོ་ཁ་གཏིང་མི་མཐུན་པའི་ལུགས་ལ་གོ་དགོས། སྤྱིར་དམར་པོ་ལ་ང་ཡང་དགའ་ཞེན་ཡོད་ལགས། འོན་ཀྱང་མའོར་བསྟོད་པའི་སྙན་ངག་ལ་ང་ལ་མི་སྙན་པ་ཁྱེད་ཀྱིས་ཤེས་དགོས་ངེས་ལགས། སྦྲ་རིགས་ལགས་འདི་རིང་དེ་ཙམ་མོ། །
སྙན་ངག་དང་སྙན་ངག་པ་གཉིས་ཀ་གོ་རིམ་ལྟ་བུ་ཞིག་རེད། སོ་སོ་གང་ལ་དགའ་ན་དེ་སྙན་ངག་རེད། སོ་སོའི་འདོད་མོས་ཀྱིས་འཇོག་ན། བསྟན་བཅོས་མངོན་རྟོགས་རྒྱན་སྙན་ངག་རེད། བྱང་ཆུབ་ལམ་སྒྲོན་དང་ལམ་རིམ་ཆེན་མོ་སྙན་ངག་རེད། དེ་ཡིན་ཏེ། ཐར་འདོད་རྣམས་ལ་དེ་ལས་ལྷག་པའི་སྙན་པའི་ངག་ཅིག་སྟོན་རྒྱུ་མེད་པའི་ཕྱིར། ལོ་ངོ་བརྒྱ་ཕྲག་མང་པོར་སྙན་ངག་འདི་ཚོ་བསྐྱོར་ནས་ད་དུང་ཡང་སྐྱོར་མཁན་མང་དུ་འདུག འཛམ་གླིང་གི་ཡུལ་གྲུ་དུ་མར་སྐྱོར་མཁན་འདུག དངོས་གནས་སྙན་ངག་ཆེན་པོ་རེད། ངའི་མཐོང་སྣང་ལ་སད་ཀྱིས་བཅོམ་པའི་མེ་ཏོག་སྙན་ངག་ཅིག་ཡིན་ན་ཐང་། དེ་ལ་རོལ་མྱོང་བྱེད་ན་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་མ་གཏོགས་གང་ཡང་ཡོང་རྒྱུ་མི་འདུག དེའི་རིགས་གཏོགས་སྙན་ངག་ཚང་མ་མི་ལོ་ཁ་ཤས་ཀྱི་རྗེས་ནས་རང་བཞིན་གྱིས་མིའི་སྤྱི་ཚོགས་ནས་ཡལ་འགྲོ་བའི་ཆོས་ཉིད་ཡིན་པའི་ཕྱིར། ཇི་སྲིད་ཡུན་གནས་རྟག་བརྟན་གྱི་སྙན་ངག་ནི་སངས་རྒྱས་ཀྱི་གསུང་རབ་ཡིན་པས་སོ། བརྩམས་སྒྲུང་སྤྲུལ་སྐུ་ཞེས་པ་ཀློག་གིན་སྙན་པོར་འདུག་ཀྱང་རིག་གནས་གསར་བརྗེའི་སྐབས་ཀྱི་བླ་མ་སྤྲུལ་སྐུ་ལ་འཐབ་རྩོད་ཀྱི་ལག་ཆ་དང་དེའི་ཤན་ཤུགས་སམ་དེའི་བག་ཆགས་ངན་པ་རང་ཤུགས་ཀྱིས་སྟེར་ཡོང་གི། རིག་གསར་མིག་གིས་མཐོང་མ་མྱོང་བ་ཚོ་ལ་སྐད་ཆ་གསར་བ་ཡིན་རྒྱུ་རེད། བོད་མི་རིགས་ཉམ་ཆུང་འདིའི་སྒང་ལ་ཚབ་མཚོན་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་གི་མི་འདུག ངའི་བློ་ལ་ཆེས་འགྲོ་ཤོས་ནི་ཡིག་འབྲི་ཁྲི་བདུན་རེད། འདི་སྙན་ངག་གི་གྲས་ལ་སླེབས་མི་འདུག
སྙན་ངག་ཅེས་པའི་ཐ་སྙད་རླབས་པོ་ཆེ་འདི་ལ་སྒྲ་ཡངས་འཇུག་གི་དབང་དུ་བྱས་ནས་བརྟགས་ན་དེ་ལྟར་ཡིན་ཡང་། སྒྲ་དོག་འཇུག་གི་སྒོ་ནས་རིག་གནས་ཆུང་བ་ལྔའི་ནང་ཚན་དུ་གྱུར་པའི་སྙན་ངག་གམ་ཚིག་རྒྱན་རིག་པ་ཞེས་པའི་རིག་གཞུང་བྱེ་བྲག་པ་དེའི་ངོ་བོ་དང་བྱེད་ལས་སོགས་ཀྱི་སྐོར་རྗོད་དུས། མི་རིགས་ཤིག་གམ་མི་སྒེར་ཞིག་གི་སྐྱིད་སྡུག་མཚོན་པའི་བརྩམས་ཆོས་ཡོད་དོ་ཅོག་སྙན་ངག་ཏུ་འཇོག་རྒྱུ་དཀའ་གི་འདོད།
རྒྱ་མིའི་སྙན་ངག་རྩོམ་ཚུལ་བོད་དུ་ཁྱབ་བཏལ་གཏོང་ཆེད་རང་མོས་སྙན་ངག་གི་མཚན་གསོལ་དེ། རང་ནུས་ཡོད་ཚད་ཀྱིས་ཁྱབ་བཏལ་གཏོང་བཞིན་པའི་དོན་གྲུབ་རྒྱལ་རྗེ་འབྲངས་དང་བཅས་པར་རྗེས་སུ་ཡི་རང་ཡོད།
ད་འོ་ན། སྙན་ངག་རང་མཚན་པ་ཞིག་འཇོག་དཀའ་གི མཁས་པ་ཕལ་མོ་ཆེས་སྙན་ངག་གི་མཚན་ཉིད་འཇོག་ཚེ་རྣ་བར་སྙན་ཞིང་ཚིག་སྦྱོར་ལེགས་པ་ཞིག་ལ་སྙན་ངག་ཏུ་འདོད་ཅིང་། ལ་ལས། ཚིག་བཅད་ལྷུག་སྤེལ་མ་གང་རུང་གི་་བདག་ཉིད་ཅན་གྱི་སྙན་ཚིག་ཅིག་ལ་འདོད་པ་དང་། རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྙན་ངག་ནི་རྒྱ་གར་ནས་བོད་ལ་དར་བའི་སྲོལ་རྒྱུན་སྙན་ངག་ཏེ་སྒྲ་རྒྱན་དང་དོན་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤུད་པ་ཞིག་ལ་འདོད་དམ་སྙམ།། རིག་གནས་བཅུའི་རྣམ་བཞག་དེ་ཚོ་རྒྱ་གར་བའི་སྲོལ་ལུགས་ཏེ་བོད་ལ་ཁྱབ་པ་ལས་འཛམ་གླིང་ཀུན་ལ་ཁྱབ་པ་ཞིག་མིན། དེར་བརྟེན་རིག་གནས་ཀྱི་མཚན་ཉིད་དེ་ལ་སྔོན་ནས་ད་བར་ནུབ་གླིང་དང་ཨེ་ཤ་ཡའི་ཆེད་མཁས་པ་མང་པོས་འདོད་ཚུལ་མི་མཐུན་པ་ཅི་རིགས་ཤིག་བྱུང་ཡོད་ལ། པེ་ཅིན་སློབ་གྲྭ་ཆེན་མོ་ནས་དཔར་བསྐྲུན་བྱས་པའི་༼ མི་རིགས་རིག་པའི་རྣམ་དཔྱད ༽ཅེས་པའི་ནང་དུ་བཀོད་པ་ལྟར་ན། སྤྱི་ལོ་༡༨༧༡་ནས་༡༩༥༡་བར་རིག་གནས་ཀྱི་མཚན་ཉིད་མི་འདྲ་བ་༡༦༡་བྱུང་འདུག་ལ། དེ་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུའི་བར་ཁྱོན་བསྡོམས་༢༥༠་བྱུང་འདུག་པ་འདི་ནི་ཡོངས་གྲགས་ཙམ་ལས་ད་དུང་དེ་ལས་མང་བ་ཡོད་སྲིད། མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ཅིག་ནང། ༼ ཚན་རིག་འདི་ཤེས་བྱ་ཡིན་རྒྱུ་རེད་དེ་ང་ཚོས་ནམ་རྒྱུན་རིག་གནས་ཟེར་བ་དེའི་གྲངས་སུ་བགྲང་ན་འགྲིག་གི་ཡོད་པ་མ་རེད༽ ཅེས་གསུངས་འདུག སྤྱིར་བཏང་རིག་གནས་ཡིན་ཀྱང་ང་ཚོའི་རིག་གནས་གྲངས་སུ་བསྡུ་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད།
འདི་ལྟར་རྗེས་འདེད་ཀྱིས་སོང་ན་སྙན་ངག་གི་གོ་དོན་དེ་ཡང་ངོ་མ་རྙེད་དཀའ་རྒྱུ་རེད་ལ་ མཐར་རང་གི་སེམས་ལ་ཐུག་རྒྱུ་རེད། བབ་ཆགས་སྙན་ངག རང་མོས་སྙན་ངག འབོལ་རྩོམ་སྙན་ངག སྲོལ་རྒྱུན་སྙན་ངག་སོགས་སྙན་ངག་ལ་རིགས་མང་བ་ཡོད་ག དེ་ལས་རང་མོས་སྙན་ངག་ནི་ཕྱི་གླིང་ནས་རྒྱ་ནག་དང་ རྒྱ་ནག་ནས་བོད་ལ་རིག་གསར་ཀྱི་རྗེས་ནས་མགོ་ཚུགས་པ་ཡིན་པས་འདི་ལྟར་རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྙན་ངག་བགྲང་ན་འགྲིག་རྒྱུ་ཨེ་ཡོད། རྒྱ་ནག་གི་སྙན་ངག་སྨྲ་བ་ཚོས་དེ་ལྟར་ཁས་ཨེ་ལེན།
ཨ་ལགས་ཀླུ་སྨྱོན།
སྐུ་ཉིད་ཀྱིས་གྲྭ་ས་བསྐྱུར་ནས་ལོ་ངོ་གང་མང་འདས་པའི་དེ་རིང་ཡང་བསྐྱར་རྟགས་གསལ་གྱི་རྣམ་པའི་ཐོག་ནས་གུས་པར་བགྲོ་གླེང་ཚུལ་ལ་བལྟས་ན།སྐུ་ཉིད་སྔོན་ཆད་གྲྭ་ས་ན་ཡོད་དུས་ཆོས་གྲྭའི་རིགས་ལམ་ལ་བྱང་ཆུབ་པའི་ཚད་མ་རིག་པ་བ་ཞིག་ཡིན་པ་འདྲ། དེ་ཨེ་བདེན། ཧཧཧཧཧ
གང་ལྟར། སྒྱུ་རྩལ་དང་འཆར་ཡན་གྱིས་སྦྲེལ་བའི་སྙན་ངག་དང་སྙན་ངག་པའི་ཕྱོགས་མང་བོ་ཞིག་ཐ་སྙད་རྟོག་འཇུག་གི་ཡུལ་ལས་རིང་དུ་འདས་པ་དེ་ཡང་མཁྱེན་པར་མཛོད་ཅིག
སྐབས་འདིར་དགོན་པའི་བསྡུས་གྲྭ་བ་ཚོས་ཡིན་ཤག་ཤག་གིས་གཞི་གྲུབ་ན་ཚད་མའི་གཞལ་བྱ་ཡིན་པས་ཁྱབ་ཅེས་པར་ཡང་ཁྱབ་མ་ཁྱབ་ཀྱི་ཡུལ་ལས་འདས་པའི་གོ་བ་གཞན་ཞིག་ཡོད་པ་དེའང་མཁྱེན་པར་མཛོད་ཅིག
༡ )་ལན། སྐུ་ཉིད་ཀྱིས་སྙན་ངག་པ་ཚད་ལྡན་ཡིན་ན་སྙན་ངག་པ་གྲགས་ཅན་ཡིན་པའོ་ཨེ་ཁྱབ་ཅེས་ཐལ་འགྱུར་འཕངས་ན།བདག་གིས་འོ་ན་སྙན་ངག་པ་ཚད་ལྡན་ཞེས་པའི་ཚད་དེ་གང་ལ་འཇོག་ཅེས་ཕར་འདྲི་འདོད་བྱུང་།
༢ )་ལན།རྩོམ་པ་བོ་ཡིན་ན་སྙན་ངག་པ་ཡིན་པའི་ཨེ་ཁྱབ་ཅེས་པར། གལ་ཏེ་སྐུ་ཉིད་ཀྱིས་ད་དུང་རྩོམ་པ་བོ་དང་སྙན་ངག་པ་གཉིས་ཀྱི་ཁྱབ་ཆེ་ཆུང་གི་ཚད་གཞི་ཡང་ཤེས་མེད་ཚེ།ཁྱེད་ཀྱིས་གུས་པས་སྐུ་ཉིད་ལ་བརྒྱུད་སྤྲོད་བྱས་པའི་རྩོམ་ཡིག་དེ་དག་གཅིག་ཀྱང་བཀླགས་མི་འདུག་པས་བསྐྱར་དུ་ཀློགས་རོགས་ཞུ་འདོད་བྱུང་།
བརྒྱུད་ཐག་ཁག
༡) http://martinturner.org.uk/martins-notes/how-to-critique-a-poem/
2) http://artdurkee.blogspot.com/2007/11/how-do-you-know-if-poem-is-good-or-bad.html
༣) རྩོམ་པ་བོ་ཁོང་ཅག་གི་བརྩམས་ཆོས་ཁག་རེ་རེ་བཞིན་བདག་གིས་དྲ་ཐག་དང་པར་བཤུས་གང་རུང་གི་ལམ་ནས་འབུལ་ངེས་པའི་སྐབས་དེར་གླེང་ཆོག་པས་རེ་ཞིག་བཞག་གོ།།
གུས་པ་བདག་ཀྱང་སྔོན་ཆད་སྙན་ངག་མེ་ལོང་སྦྱང་མཁན་ཞིག་ཡིན་མོད། མེ་ལོང་མ་གཅིག་བུ་བརྒྱུད་ནས་རྒྱ་ཆེ་བའི་རྒྱལ་སྤྱིའི་རྩོམ་རིག་རིག་པ་དང་སྙན་ངག་རིག་པར་གླེང་བརྗོད་སྤེལ་བའི་ང་ཚོས་ད་ལྟའི་ལུགས་སྲོལ་འདིས་ང་ཚོ་གང་དུ་ཡང་སླེབས་དཀའོ།།
གྲོགས་པོ་ཐོགས་མེད་ལགས། ཁྱེད་ཀྱིས་མིང་འདྲེན་བྱས་པ་རྩོམ་པ་པོ་མང་ཆེ་བ་སྐད་གྲགས་ཅན་རེད་ལ། བྱས་རྗེས་ཅན་ཡང་རེད། འགའ་ཞིག་ཉིད་ཀྱི་དུང་ཞེན་གྱི་རྗེས་སུ་བསྙེགས་མེད་དམ་སྙམ་པ་ཞིག་འདུག སྤྱིར་བཏང་ཕྱོགས་མང་པོའི་ཆ་ནས་དྲ་གྲོགས་ཚོས་དཔྱད་་ཞིབ་བྱས་འདུག་ནའང་། ཉིད་ཀྱི་གོ་རིམ་སྒྲིག་སྟངས་ཀྱི་ཆ་ནས་ལྡོང་ཆུ་ཤེལ་སྔོན་ལ་བཞག་ནས་ལྗང་བུ་རྗེས་སུ་བཀོད་པ་ནི་དུང་ཞེན་གཙོ་བོ་བྱས་པ་ལས་རྩོམ་པ་པོ་དེ་གཉིས་ཀྱི་སྙན་གྲགས་ཀྱི་ཆ་དང་། དུས་རབས་ཀྱི་ཆ་གང་ནས་བལྟས་ཀྱང་ལྗང་བུ་ལགས་དེ་འདྲ་ཞིག་ལ་ལྷག་ཡོད་པ་མ་རེད་སྙམ། ད་དུང་གངས་ཞུན་ཡང་དེ་འདྲ་རེད། དེ་ངའི་བསམ་ཚུལ་ཙམ་ཡིན།
སྙན་ངག་པ་ཁ་སྤུ་ཅན་ལ།
ཀ་པ་ལི་ནས་སྤུ་ཞིག་བཏོགས།
ཁ་ཡི་ཟུར་དུ་བཙུགས་པ་འདྲ།
ག་ནས་བལྟས་ཀྱང་སྟུ་འདྲ་བས།
ང་ལ་གནོད་པ་མ་བསྐྱེལ་ཨང་།
འདིར་གུས་པས་གོང་གི་དྲ་གྲོགས་ཁ་ཤས་ཀྱི་བསམ་ཚུལ་དང་སྦྲགས་ནས་གནས་ཚུལ་ཞིག་ཐོག་གསལ་བཤད་བྱེད་འདོད་བྱུང་། སྙན་ངག་ལ་མཚན་ཉིད་ཡོད་མེད་ཀྱི་རྩོད་གླེང་དེ་བོད་ཀྱི་སྤྱི་ཚོགས་སུ་ཁྱབ་ནས་ལོ་ངོ་གང་མང་ཕྱིན་ཞིང་ལོ་ངོ་གང་མང་ཕྱིན་པའི་དེ་རིང་ད་དུང་རྩོད་བཞིན་འདུག
རྒྱ་ཆེ་ས་ནས་བསྡུར་ཚེ་དེ་ནི་རྩོད་གླེང་བྱེད་རིན་ཡོད་པ་ཞིག་དང་རྩོད་གླེང་དགོས་པ་ཞིག་མ་ཡིན་ཏེ་སྙན་ངག་ཅེས་པ་ནི་ལྟ་གྲུབ་གཏན་ལ་འབེབ་བྱེད་ཀྱི་གཞུང་ལུགས་དང་གནས་ལུགས་ལ་ངེས་པ་རྙེད་བྱེད་ཀྱི་ཚད་མའི་གཞུང་ལུགས་སོགས་དང་མི་འདྲ་བར་དེ་ནི་དཀའ་སྐྱོ་ཆགས་སྡང་སོགས་མཚོན་པའི་སེམས་ཀྱི་ཚོར་སྣང་དང་རྨི་ལམ་འཆར་སྣང་རྟོག་འཕྲུལ་སོགས་སྒྱུ་རྩལ་གྱི་ངོས་དག་ཕན་ཚུན་སྐྱ་འཐབ་པ་ལས་བྱུང་བ་འབའ་ཞིག་གོ།
༼ཨ་འདུས་མིག་ཆུ་ལགས་ཕེབས་ཀྱི་དགོངས་ཚུལ་ལ་དགའ་བསུ་ཞུ།༽
ལྡོང་ཆུ་ཤེལ་དང་ལྗང་བུ་གངས་ཞུན་སོགས་གོ་རིམ་སྒྲིག་སྟངས་ཐད་དོ་སྣང་བྱུང་བ་ནི་གཟབ་ནན་གྱི་རྟགས་ཡིན་པས་རྗེས་སུ་ཡི་རངས་ཡོད།གང་ལྟར་སྐབས་འདིར་ང་ཚོས་གསལ་བོར་ཤེས་པ་ནི་སྙན་ངག་པ་གྲགས་ཅན་ཡིན་མིན་གྱི་ས་མཚམས་ནི་འདི་ལྟར་ལམ་སེང་བགྲོ་གླེང་ཁ་ཤས་དང་བསམ་ཚུལ་ཁ་ཤས་ཀྱི་ལམ་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན་པ་དེ་རེད།འོན་ཀྱང་།ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཡོད་པ་ནི་ཀློག་པ་བོ་རང་རང་གི་ངོས་ནས་རང་རང་གི་སྙན་ངག་རོལ་མྱོང་གི་ཁྱད་པར་དང་།དགའ་ཕྱོགས།ཤུགས་རྐྱེན་སོགས་ལ་བལྟོས་ནས་བདམས་གསེས་བྱེད་ཆོག་པ་དེ་རེད།གལ་དེ་ཁྱོད་ཀྱིས་བདག་གི་ཟིན་བྲིས་དེ་བམ་ཀློག་ཙམ་བྱས་མེད་ཚེ་རྩོམ་ཡིག་དེའི་ཐོག་མཐའ་གཉིས་ན་”བདག་ལ་ཤུགས་རྐྱེན་ངེས་ཅན་བཞག་མྱོང་བའི་”སོགས་དངོས་ཤུགས་གང་རུང་ནས་ཀློག་པ་བོ་དཀྱུས་མ་ཞིག་གི་ས་ནས་དཔྱད་རྗོད་སྤེལ་བཞིན་པ་ཤེས་ཐུབ།དེའི་ཕྱིར་མིག་ཆུ་ལགས་ཀྱིས་གོང་དུ་བཀོད་པའི་སྙན་ངག་པ་དག་ལ་ཁྱོད་རང་ཉིད་ཀྱི་རོལ་མྱོང་ཐོག་གི་སྙན་ངག་པ་གྲགས་ཅན་དག་མ་རེད་ཅེས་བཤད་ཆོག་ནའང་།དོན་ངོ་མར་སྙན་ངག་པ་གྲགས་ཅན་ཡིན་མིན་གྱི་ས་མཚམས་ནི་ལོ་རྒས་མིན་དང་རྩོམ་ཡིག་གི་མང་ཉུང་།དེབ་ཀྱི་གྲངས་ཀ་ང་ཉུང་ཙམ་གྱིས་གཏན་ནས་ཐག་གཅོད་བྱེད་མི་ཐུབ་ཅེས་བཤད་འདོད་བྱུང་།འདི་ནི་བོད་པ་གཅིག་པོ་ཙམ་མ་ཡིིན་པར་རྒྱལ་སྤྱིའི་སྙན་ངག་རིག་པའི་གཞུང་ལུགས་དག་དང་མཏུན་ཡོད།
མིག་ཆུ་ལགས་ཀྱི་ཚོགས་ཤོག་ཐོག་དེའི་སྐོར་གྱི་ཆེད་སྒྲིག་ལེ་ཚན་རེ་བཀོད་ཐུབ་ན་ལེགས་པར་སེམས།