(སྐབས་དང་པོའི་སྙན་ངག་སྒྲོགས་སྦྱང་འགྲན་བསྡུར་ཐོག་བདག་གིས་བྲིས་པའི་ཆེད་རྩོམ་དཔྱད་བརྗོད། )
སེར་ཤུལ་རིན་ཆེན་དོན་གྲུབ།
གླེང་གཞི།
སྙན་ངག་ནི་མིའི་རིགས་ཀྱི་འཚོ་བའི་སྣང་བརྙན་གཞེངས་སྐྲུན་གྱི་མ་ལག་ཅིག་དང་ཉམ་འགྱུར་ལྡན་ པའི་ཡིད་འགུགས་ཀྱི་ནུས་པ་ལྡན་པའི་སྙན་འཇེབས་ཀྱི་དབྱངས་རྟ་ཞིག ཇི་སྲིད་སྙན་ངག་གི་ སྒྱུ་རྩལ་ནུས་པ་ཉམ་ཞན་དུ་གྱུར་བའི་མིའི་རིགས་ལ་གལ་ཆེན་རང་བཞིན་གྱི་ནུས་རྩལ་ཁྱད་པར་བ་ཞིག་གི་གྲུབ་ཆ་ཚང་མེད་པ་ནི་ཤེས་ལྡན་ཀུན་གྱིས་སྒྲོག་བཞིན་པའི་གནད་དོན་ཞིག་རེད། གནས་ སྟངས་འདིའི་བདེན་པ་དང་གལ་གནད་ཀྱིས་བཏེགས་པའི་བསྡོམས་ཚིག་ནི་ང་ཚོར་སྙན་ངག་དགོས་པ་མ་ཟད་མི་རིགས་ཀྱི་ཚེ་སྲོག་བླ་ན་འདེགས་པའི་ཕུལ་བྱུང་རང་བཞིན་དང་། སྐུལ་སློང་རང་བཞིན། སྙིང་སྟོབས་གསར་སྤེལ་གྱི་རང་བཞིན། མི་རིགས་ཀྱི་འདུ་ཤེས་རང་བཞིན་ལྡན་པའི་སྙན་ངག་དགོས་ གལ་ཤིན་ཏུ་ཆེ་བ་དེ་རེད། གདུག་རྩུབ་ཆེ་ཞིང་ལྕི་གཡའ་བའི་ལོ་རྒྱུས་ཀྱི་མུན་ནག་གིས་གངས་ཅན་ ལྗོངས་སུ་བཀབས་པའི་ཉིན་མོ་ནས་ང་ཚོས་ཚད་ལྡན་སྙན་ངག་གིས་རིག་གཞུང་གི་སྟོབས་ཤུགས་ འདེགས་པའི་ནུས་པ་ཆེར་ཐོན་མ་ཐུབ་པ་ནི་བློ་ཕམ་རང་བཞིན་དང་འཐུས་ཤོར་གྱི་རྣམ་པ་ཞིག་ཡིན་ཞིང་གཞན་ཡུལ་ལ་སྐྱབས་བཅོལ་ཞིང་རང་ཉིད་ཀྱི་འཚོ་ཐབས་ཀྱང་མི་ངོ་དཀར་ནག་ལ་བལྟ་དགོས་ པའི་གནས་སྟངས་འོག་ནས་སྙན་ངག་གི་ནུས་རྩལ་འབུལ་དུ་ཐོན་པ་ཞིག་དང་རིག་གཞུང་གི་ནུས་ སྟོབས་བླ་རུ་འཕགས་པ་ཞིག་གིས་ཁ་གཏད་ཀྱི་ནུས་པར་རྒོལ་ལན་ཆེན་པོ་ཞིག་སློག་མ་ཐུབ་པ་ནི་ ཡ་མཚན་དང་འཕྱ་དམོད་བྱེད་དགོས་པ་ཅི་ཡང་མ་རེད། འོན་ཀྱང་གཞན་ཡུལ་དུ་གནས་གཞིས་
བཅས་ནས་མི་ལོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་དུས་སྐབས་འདིར་ང་ཚོ་སྔར་བཞིན་སྒྱུ་རྩལ་སྙན་ངག་ དང་རིག་གཞུང་ལེགས་སྤེལ་གྱི་ཕྱོགས་ནས་ཡར་ཐོན་མེད་པར་སྡོད་པ་ནི་རྗེས་ལུས་ཀྱི་མངོན་རྟགས་ཤིག་ལས་གནས་བབ་ལ་མཐུན་པའི་གོམ་འགྲོས་ཤིག་གཏན་ནས་མ་རེད། འདས་ཟིན་པའི་མི་ལོ་ལྔ་ བཅུའི་རིང་ཤེས་ལྡན་པ་དང་རྩོམ་པ་པོ། སྙན་ངག་མཁན་དང་སྒྱུ་རྩལ་བ་དག་གིས་རང་རང་གི་ཁྱད་ ལས་ཀྱི་ཐོག་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ལེན་ཐུབ་མེད་པ་ནི་ཕྱོགས་གཅིག་ནས་རང་ཉིད་ཀྱིས་སྒྱུ་རྩལ་ནུས་པར་ཡིད་ཆེས་དང་། སྙན་ངག་གི་བླ་མེད་རིན་ཐང་ལ་རྩེ་གཅིག་པའི་མོ་གུས་ཀྱིས་ བཏུད་པའི་བློ་སྟོབས་ཀྱིས་མ་འདང་བའི་སྟོང་ཆ་ཞིག་ཡིན་མོད། ཕྱོགས་གཞན་ཞིག་ནས་གཞི་རིམ་ མི་མང་དང་ཀློག་པ་པོའི་དཔུང་སྡེའི་ཁྲོད་དུ་སྙན་ངག་པ་དང་། རྩོམ་པ་པོ། སྙན་ངག་དང་དེའི་སྒྱུ་རྩལ་ སེམས་ཁམས་ལ་གདེང་འཇོག་གི་རིན་ཐང་ནུས་པ་ཧ་ཅང་གི་ཆུང་ཆུང་ཞིག་ལས་མེད་བས་ཉེར་ལེན་གྱིས་ཡིན་པའང་བསྙོན་དུ་མེད། སྟོང་ཆ་འདི་བསྐང་ཆེད་ཆེས་ཐོག་མའི་སྙན་ངག་སྒྲོགས་སྦྱང་འགྲན་ བསྡུར་གྱི་ལས་བྱ་འདི་ནི་ཏག་ཏག་གནད་ལ་ཁེལ་ཞིང་དུས་ལ་བབས་པ་ཞིག་ཡིན་པའི་ངེས་ཤེས་ཀྱི་ ཐོག་ནས་འོད་སྟོང་འབར་བའི་མ་འོངས་པའི་སྙན་ངག་གི་ཞིང་ཁམས་ཆེན་མོ་དེའི་ཆེད་དུ་འདི་ལྟར་ འགྲུལ་བཞུད་བྱེད་འགོ་བརྩམས།
སྙན་ངག་གི་བླ་མེད་རིན་ཐང་འཚོལ་ཞིབ།
སྙན་ངག་ནི་མིའི་རིགས་ཀྱི་བསམ་པའི་རྒྱགས་ཕྱེ་དང་། ཡིད་འགུགས་ཀྱི་ནུས་པ་བླ་མེད་མངའ་བའི་ སྒྱུ་རྩལ་གྱི་གྲུབ་ཆ་ཞིག་ཡིན། སྙན་ངག་ནི་མིའི་རིགས་ཀྱི་ཡིད་ཀྱི་བརྩེ་སེམས་དང་། འཚོ་བའི་དུང་ ཞེན། རིགས་ཀྱི་ལ་རྒྱ། དགའ་སྤྲོའི་འགྱུར་བག་སོགས་མཚོན་པའི་གསེར་འོད་འཕྲོ་བའི་འཚོ་བའི་མེ་ ལོང་ཞིག་ཡིན། འགྲོ་བ་མིའི་རིགས་ཀྱི་བྱུང་རབས་ཀྱི་ལོ་རྒྱུས་ནང་སྒྱུ་རྩལ་སྙན་ངག་གིས་འགྲོ་བ་ རྣམས་ཐར་བའི་ཞིང་ཁམས་སུ་ཁྲིད་པའི་བྱུང་བ་ཡོད་ལ། སྒྱུ་རྩལ་སྙན་ངག་གིས་སེམས་ཀྱི་སྡུག་ བསྔལ་བསལ་ནས་བདེ་སྐྱིད་དང་དགོད་སྒྲ་བསྐྱིལ་བའི་རྣམ་ཐར་ཡང་ཡོད། སྒྱུ་རྩལ་སྙན་ངག་གིས་
སྟོབས་ཆེན་གྱི་རྒྱལ་པོར་མངའ་དབང་བཀུར་བའི་ལོ་རྒྱུས་ཡོད་ལ། སྒྱུ་རྩལ་སྙན་ངག་གིས་བརྩེ་དུང་
གི་མཚོ་མོར་དུང་ཞེན་སྦར་བའི་གཏམ་རྒྱུད་ཀྱང་ཡོད། སོ་སྐྱེས་ཕལ་བ་ནས་སྐུ་བཞིའི་གོ་འཕང་ཐོབ་
པའི་བར་གྱི་ས་ལམ་འཕོ་འགྱུར་གྱི་རིམ་པའང་སྒྱུ་རྩལ་སྙན་ངག་གིས་གདུལ་བྱ་རྣམས་ལ་འགྲེམས་ པར་བྱེད་ཅིང་། རྒྱལ་ཁབ་འཛིན་སྐྱོང་གི་ཁྲིམས་ལུགས་ནས་རང་དབང་འཐབ་རྩོད་ཀྱི་ཐབས་བྱུས་ བར་གྱི་ལས་རིམ་དག་ཀྱང་སྒྱུ་རྩལ་སྙན་ངག་གིས་འགྲོ་བ་མིའི་རིགས་ལ་མཁོ་སྟོན་བྱེད། ཕ་མ་བུ་ ཕྲུག་གི་བརྩེ་དུང་ནས་སྙིང་གི་དགའ་མ་ཡི་དུང་སེམས་བར་གྱི་ལྷད་མེད་པའི་བརྩེ་བ་དག་ཀྱང་སྒྱུ་ རྩལ་སྙན་ངག་གིས་སྙན་འཇེབས་ཡིད་འགུགས་ཀྱི་འགྱུར་ཁུགས་ལམ་ནས་མིའི་རིགས་ཀྱི་སེམས་ ཁམས་ཀྱི་ཞིང་སར་བསྟབ་པར་བྱེད། སྙན་ངག་གིས་མིའི་རིགས་ལ་བླ་ན་མེད་པའི་རིན་ཐང་གི་ཞིང་ བཀོད་བསྐྲུན་ཡོད་ཅིང་སིམ་གདུང་བར་མའི་བྲོ་བ་ཡི་ཀློང་ན་འཁོར་བཞིན་པའི་འགྲོ་བ་མིའི་རིགས་ ཀྱི་བསམ་བློའི་འཛིན་སྟངས་ནི་སྙན་ངག་གི་སྒྱུ་རྩལ་རིག་པའི་སྟོབས་ཤུགས་ཀྱིས་འཁྲིད་བཞིན་ཡོད། འདི་དག་ནི་སྙན་ངག་གི་སྒྱུ་རྩལ་ནུས་པ་ཕྱོགས་བསྡོམ་བྱས་པའི་བླ་མེད་ཀྱི་རིན་ཐང་ཡིན་ཞིང་བྱམས་ བརྩེའི་སྙན་པ་ཕྱོགས་བཞིར་གཡོ་བའི་བོད་གངས་ཅན་གྱི་ལྗོངས་འདིའི་རང་དབང་སླར་གསོ་དང་ གཞིས་བྱེས་མཉམ་འཛོམས་ཀྱི་སྒོ་འཕར་ཕྱེ་པའི་མཐུན་ཕྱོགས་ཀྱི་སྦྱོར་བའི་ཕྱོགས་གཅིག་ནི་ཕུན་སུམ་ཚོགས་པའི་རང་གི་སྐད་ཡིག་གིས་བྲིས་ཤིང་མི་རིགས་དང་རིག་གཞུང་གི་བྲོ་བ་མངའ་བའི་སྙན་ངག་རིག་པའི་ནུས་རྩལ་གྱི་སྟོབས་ཤུགས་འདི་ཡིན་ཞིང་བླ་མེད་ཀྱི་སྟོབས་ཤུགས་འདིའི་ཆེད་དུ་ང་ཚོས་
ངེས་པར་དུ་འབད་བརྩོན་དང་མདུན་སྐྱོད་བྱ་དགོས།
མཇུག་བསྡུའི་རེ་གསོལ།
མི་རིགས་ཤིག་ཡུན་གནས་དང་གོང་འཕེལ་དུ་འགྲོ་དགོས་ན་དེའི་ཐུན་མོང་མིན་པའི་རིག་གཞུང་དང་སྐད་ཡིག་གི་བཀོལ་སྤྱོད་ཀྱི་ནུས་པ་བརྟན་གནས་དགོས་པ་དང་། དེ་ནི་མི་རིགས་དེའི་འཐབ་རྩོད་ཀྱི་ རྩ་བའི་རྨང་གཞི་ཉག་གཅིག་ཡིན། ང་ཚོ་བཙན་བྱོལ་དུ་འབྱོར་བའི་དུས་རབས་ཕྱེད་ལྷག་གི་རིང་ འདིའི་ཕྱོགས་ནས་འབད་བརྩོན་ཀྱི་ནུས་པ་ཆེར་བསྐྱེད་བྱེད་མ་ཐུབ་པའམ་གཞན་རྟེན་གྱི་འཚོ་བའི་ ཁོར་ཡུག་དེའི་གནས་སྟངས་འོག་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གི་ཤེས་ཚད་ཙམ་ཞིག་གིས་རང་གི་ལྟོ་གོས་ཀྱི་སེམས་ཁྲེལ་ཡང་སེལ་མི་ཐུབ་པའི་དོན་དངོས་ཀྱི་བསམ་ཚུལ་ལས་ད་བར་རང་གི་སྐད་ཡིག་གིས་བྲིས་པའི་སྒྱུ་རྩལ་སྙན་ངག་དང་། དངོས་ཡོད་ལོ་རྒྱུས། རྟོག་འཆར་བརྩམས་སྒྲུང་ སོགས་རྩོམ་རིག་གི་གླེགས་བམ་དག་ལ་རིན་ཐང་གི་གདེང་འཇོག་ཆེར་མ་ཐོབ་པའི་དབང་ལས་མི་ རིགས་རང་བཞིན་གྱི་བརྩམ་ཆོས་དང་། རྩོམ་པ་པོ་དག་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་འགྲོ་བའི་ གནས་སྟངས་འདི་ནི་མི་རིགས་དང་རིག་གཞུང་གསོན་གནས་ལ་རེ་བ་རྒྱག་མཁན་དག་གིས་ཆེས་
བསམ་མི་ཕོད་པའི་འཇིགས་སྐྲག་ཅིག་རེེད་ཨང་། དོན་དངོས་འདི་དག་ལ་བསམ་ཐེངས་རེར་བྱ་ དགའི་ལེགས་གསོལ་མི་ཉུང་བའི་རྩོམ་ཡིག་འགྲན་བསྡུར་དང་། སྙན་ངག་སྒྲོགས་སྦྱང་འགྲན་བསྡུར། མི་རིགས་ཀྱི་གནས་སྟངས་ལ་གཞིགས་པའི་གལ་ཆེའི་བརྗོད་གཞིའི་ཐོག་དཔྱད་རྩོམ་འགྲན་བསྡུར་ སོགས་ཀྱི་ལས་འགུལ་སྤེལ་ཏེ་རང་གི་རིག་གཞུང་གི་རིན་ཐང་ལ་གདེང་འཇོག་གི་བསམ་སྤྱོད་གོང་དུ་སྤེལ་བའི་སྦྱོར་བ་དག་ལ་སྙིང་ཐག་པ་ནས་ཡི་རང་རྒྱབ་སྐྱོར་གྱི་ཆེད་དུ་ལས་འཆར་འདིར་ཆ་ཤས་ བླངས་བ་ཡིན་ཞིང་འདི་ལྟ་བུའི་རིག་གཞུང་འཛིན་སྐྱོང་གི་ལས་འགུལ་དག་དུས་དང་འཚམས་པའི་ རྣམ་འགྱུར་གྱི་ཐོག་ནས་ཡང་དང་ཡང་དུ་སྤེལ་བའི་རེ་སྐུལ་བཅས་མཇུག་གྲུབ་པར་བྱས་སོ།། །།
སྤྱི་ལོ་༢༠༡༡ ལོའི་ཟླ ༦་ཚེས་༡ ལ་བྲིས།
སེར་ཤུལ་རིན་ཆེན་དོན་གྲུབ་ལེགས།
སྔར་སྒྱུར་འཇིག་རྟེན་མིག་རྣམས་ཀྱི་དུས་ནས། སྤྱི་ལོ་བརྒྱ་༡༥པའི་དུས་རབས་བར་དུ་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་ཡོད་ཀྱང་། དེ་ནས་བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་སོང་། སྡེ་དགེ་བཀའ་བསྟན་སྤར་རྐོའི་སྐབས་སུ་བོད་སྐད་ཡིག་ལ་མཁས་པ་དྲུག་ཅུ་ལྷག་གིས་ཞུས་དག་མཛད་ཀྱང་། དེ་ན་མ་དག་རྒྱུན་འབྱམས་སུ་སོང་བ་མང་བར་མ་ཟད་ཚིག་ཀྱང་ནོར་བ་མ་གཟིགས་པར་ལུས་པ་མཐོང་སྟེ། མདོ་སྡེ་ལས་བརྒྱ་པ། མདོ་ཨ་ཤོག་གྲངས་༦༤བ་ན། ཕ་མ་བུ་བཅས་བཅོམ་ལྡན་འདས་མཇལ་བར་འོད་མའི་ཚལ་དུ་སོང་། བུ་དེ་ལོག་མ་འདོད་པར་ཕ་དང་མཉམ་དུ། ཤོག་༦༥ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་མཚན་མོ་དགོངས་མལ་བཏབ་བོ། ཞེས་བྲིས་པ་དེ་འདྲ་ག་ལ་འོང་བསམས་ནས། ལ་དྭགས་ཏོག་བཀའ་འགྱུར་བྲིས་མ་ཤོག་གྲངས་༡༤༤བ་ལ་བལྟས་པས། དེ་ན་འོད་མའི་ཚལ་ཞེས་གསལ། དིང་སང་བདག་གིས།
སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ། ཀློག་པ་ན་ཤིང་རྟ་ཁ་ལོ་འཛིན་པས་གཞོན་ནུ་དོན་གྲུབ་ལ།
གཟུགས་ཀྱི་གནོད་བྱེད་སྟོབས་ཀྱི་རྣམ་པར་ཟ་བ་པོ།
རྒན་པ་་རྣམས་ཀྱི་འཇོམས་བྱེད་མྱ་ངན་རྣམས་ཀྱི་ས།
དྲན་པ་རྣམས་ཀྱི་ཉམས་བྱེད་དབང་པོ་རྣམས་ཀྱི་དགྲ།
འདི་ནི་རྒས་པ་ཞེས་བྱ་གང་གིས་འདི་བཅོམ་མོ།། ༣༠ །།
རྐང་པ་གཉིས་པ་འདི་ལྟར་དགོས་ཏེ།
དགའ་བ་རྣམས་ཀྱི་འཇོམས་བྱེད་མྱ་ངན་རྣམས་ཀྱི་ས།
དེབ་གཟུགས་དཔེ་བསྡུར་མ་ན། རྒན་པ་ཞེས་པར་སྣར་ཐང་ན། རྒ་བ་ཞེས་ཡོད་ཀྱང་མ་དག་པ་ལགས། སྔར་དག་པར་འདོན་པའི་སྐབས་སུ། དགའ་བ། ཞེས་ཡོད་ཀྱང་། ད་ཡིག་སྔོན་འཇུག་དེ་ར་དང་ས་རུ་ནོར་ནས་འདོན་པས། དགའ་བ་ཞེས་པ་རྒ་བ་ཞེས་པར་གྱུར། དེ་ཉིད་རྒན་པ་ཞེས་པར་གྱུར་ཀྱང་། མཁས་པ་དྲུག་ཅུ་ལྷག་གིས་ཀྱང་གཟིགས་རྟོག་བྱུང་མི་འདུག་ཀྱང་། ང་བཞོན་པ་ཡིན་པའི་སྐབས་ལས་དིང་དུས་ཡི་གེ་ཀློག་མཁན་དང་རྩོམ་མཁན་མང་། མ་འོངས་པ་ན་གཞུང་མཚན་ཉིད་གཟིགས་མཁན་རྣམས་ཀྱིས་ཀྱིས་བོད་ཀྱི་ཡི་གེ་འགྲོ་སྟངས་ལ་ལེགས་སྦྱང་མཛད་དེ། གློག་ཀླད་དུ་བཅུག་པའི་བོད་གཞུང་དཔེ་རྣམས་ལ་ཞུས་དག་མཛད་ཐུབ་པའི་རེ་སྨོན་ལགས།
ཁྱེད་ཀྱི་གཤམ་གསལ་དག་ཆ་སྐོར་ལ་འབྲི་དགོས་ཀྱང་། དུས་ཚོད་ལྡང་བ་མེད། འོན་ཀྱང་། འདང་བ། ཞེས་པར་སྔར་འདི་ལ་ལྡང་ཞེས་འབོད་པར་མ་ཟད་དིང་སང་ཡང་བོད་ནུབ་ཕྱོགས་པས་ལྡང་ཞེས་འདོན། སྔར་ཡིན་ན་དབུས་གཙང་དུ་ཡང་ལྡང་ཞེས་འབོད་པར་སྣང་སྟེ། དགེ་འདུན་གྲུབ་ཀྱི་རྣམ་ཐར་ན། ཡོ་བྱད་ཀྱང་ལྡངས་པ་འདུག་ཅེས་ཏེ། བཟོ་ལས་ཚུགས་ཞེས་པ་དྲན། དེར་མ་ཟད་བོད་ཀྱི་སྐད་ཡིག་མ་ཉམས་པར་འཛིན་འདོད་རྣམས་ལ་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་ན་འདི་ལྟར་གསུངས་ཏེ།
ཉལ་ལས་ལྡང་དང་འཁོབས་པའི་ལྡང་། ཟ་མ་ཏོག་ན།
ལྡང་ཚད་ལ་སོགས་ལར་བཏགས་དའོ། ངག་སྒྲོན་ན།
བདག་རང་གི་ཡིག་ནོར་བདག་རང་གིས་མ་མཐོང་བ་མང་དུ་ཡོད་ངེས་དག་སེལ་མཛོད།
སྙན་ངག་ ཉམ་འགྱུར ཉམ་ཞན་དུ་གྱུར་བའི་ སྒྲོག འབུལ་དུ་ཐོན་པ་ བློ་སྟོབས་ཀྱིས་་ཐར་བའི་ཞིང་ཁམས་་སྒོ་འཕར་ཕྱེ་པའི་་འབྱོར་བའི་དུས་རབས་ སེམས་ཁྲེལ་ཡང་ བླངས་བ་ཡིན
བློ་བཟང་འཇམ་དཔལ་ལགས། ངས་ཁྱེད་ཀྱི་མཆན་ཚར་གསུམ་བཀླགས་པ་ཡིན།
(སྙན་ངག་ ཉམ་འགྱུར ཉམ་ཞན་དུ་གྱུར་བའི་ སྒྲོག འབུལ་དུ་ཐོན་པ་ བློ་སྟོབས་ཀྱིས་་ཐར་བའི་ཞིང་ཁམས་་སྒོ་འཕར་ཕྱེ་པའི་་འབྱོར་བའི་དུས་རབས་ སེམས་ཁྲེལ་ཡང་ བླངས་བ་ཡིན)
ཁྱེད་ཀྱིས་འདྲེན་བཀོད་བྱས་པའི་ཚིག་འདི་ཚོ་ནོར་བ་རེད་གསུང་གི་ཡོད་དམ། ངས་གོ་བ་ཡག་པོ་ཞིག་ལོན་ཐུབ་མ་སོང་། དགོངས་དག་ཞུ།
སེ་ཤུལ་རིན་ཆེན་དོན་གྲུབ་ལེགས།
ཁྱེད་ཀྱི་བྲིས་རྩོམ་བཀླགས་ནས། ཁྱེད་ཀྱི་རིག་གཞུང་སྤྱི་དང་སྙན་དངགས་ལ་སྤྲོ་བ་དང་ལྡན་པར་མཐོང་ནས་བདག་ཡིད་དགའ། ལེགས་སྦྱར་སྐད་དུ།
རིག་གཞུང་སྙན་ཚིག་མེད་པའི་མི།
རྔ་མ་མེད་པའི་དུད་འགྲོ་ཡིན།།
ཞེས་པ་ཞིག་ལོ་ངོ་ལྔ་བཅུ་ཙམ་སྔོན་དུ་གྲོང་འཁྱེར་གསལ་ལྡན་དུ་བཀླགས་མྱོང་།
ཁྱེད་ཀྱི་གོ་རྟོགས་ཆེད་དུ། གཤམ་གསལ་ཚིག་དག་ལ་བདག་རང་གིས་སྦྱངས་པའི་དག་ཆ་འདི་བཞིན་ཡིན་ཏེ།
སྙན་ངག་༴སྙན་དངགས། ཉམ་འགྱུར༴ཉམས་འགྱུར། གྱུར་བའི་༴གྱུར་པའི། དབྱངས་རྟ་ཞིག༴་དབྱངས་རྟའི་གཟུགས་སུ་བཀོད་པའི་གཟུགས་ཅན་ཡིན་ནམ། ཅི་ཡིན་མ་ངེས། སྒྲོག་བཞིན་པའི་༴སྒྲོགས་བཞིན་པའི། འབུལ་དུ་ཐོན་པ་༴འབུར་དུ་ཐོན་པ། ལྕི་གཡའ་བའི༴ ཞེས་པ་བདག་གིས་ད་བར་མཐོང་མ་མྱོང་། གཅིག་ན་སྐྱི་གཡའ་བའི་དོན་ཡིན་ངེས། ཡིན་ན། དེ་ལ་ལུང་སྐད་འདོན་ཚུལ་གྱི་ཤུགས་ཤན་ཞུགས་སོ། ཐར་བའི་ཞིང་ཁམས་༴ཐར་པའི་ཞིང་ཁམས། སྒོ་འཕར་ཕྱེ་པའི་༴སྒོ་འཕར་ཕྱེ་བའི། འབྱོར་བའི་དུས་རབས།༴འབྱོར་པའི་དུས་རབས། སེམས་ཁྲེལ་༴སེམས་ཁྲལ། འདི་རིག་གཞུང་དང་བདག་གི་ལུང་སྐད་དུ་མེད་པས་ལེགས་པར་མི་ཤེས། བླངས་བ་ཡིན་༴བླངས་པ་ཡིན། སྦར་བའི་༴སྤར་བའི། མེ་འབར་ལྟ་བུ་ཡུལ་མེད་བྱ་ཚིག་དང་། མེ་སྤོར། མེ་སྤར་ལྟ་བུ་ཡུལ་བྱ་ཚིག་ཏུ་འདོད། འབྱོར་བའི་དུས་རབས་༴ འབྱོར་པའི་དུས་རབས་མེད་བས་༴མེད་པས།
ལོ་མང་པོའི་སྔོན་དུ་བདག་གིས་བདག་རང་གི་ཡུལ་ལུང་འབྲི་བ་པོ་དག་ལ་འདི་ལྟར་བྲིས་ཏེ།
ཡི་གེ་དག་ཆ་ཆུང་ངུ་ལའང་།
ཅི་སྟོ་བསམ་ན་དོན་མི་གྲུབ།
ཚིག་བཟང་བ་ན་དོན་ཡང་བཟང་།
ཚིག་ནི་དོན་གྱི་སྐྱེལ་མ་ཡིན།།