ན་མོ་གུ་རུ་དྷརྨྰ་ར་ཛ་ཡེ། །
ཆོས༷་དབྱིངས༷་སྐྱེ་མེད་ནམ་མཁའ་ཡངས་པ་ལས། །
ཡེ་ཤེས་རྡོ༷་རྗེ༷་མཁྱེན་བརྩེའི་འོད་ཟེར་ཅན། །
རྣལ་འབྱོར་དམ་པའི་ཉི་མ་ཆོས་ཀྱི་རྒྱལ། །
གསང་ཆེན་བསྟན་པའི་བདག་པོ་ཁྱེད་ལ་འདུད། །
དཔལ་ལྡན་བླ་མའི་རྣམ་ཐར་སྲིད་ཞིའི་རྒྱན། །
ཞབས་རྡུལ་སྤྱི་བོས་བསྟེན་པའི་གྱི་ན་བས། །
ཡིད་ལ་གང་ཤར་སྒྲོ་བསྐུར་བྲལ་བ་ཡིས། །
ཆོས་དུང་སྙན་པའི་སྒྲ་དབྱངས་འདི་ནས་འབུད། །
འཕགས་ནོར༷་དབང་ཕྱུག༷་བླ་མ་རིན་པོ་ཆེའི། །
སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱ་མཚོའི་གཏེར། །
ཟབ་རྒྱས་ཕ་མཐའ་འཇལ་བ་ནུས་མིན་ཡང་། །
དྲན་པའི་མིག་ཆུ་སྐྲ་རྩེའི་ཐིག་ཙམ་འབྲི། །
ཕྱོགས་དུས་རྒྱལ་བའི་སྤྱན་སྔར་ཐུགས་བསྐྱེད་ནས། །
དཔལ་ལྡན་ཚོགས་གཉིས་རྫོགས་པ་མཐར་ཕྱིན་ཀྱང་། །
ཡང་སངས་རྒྱས་པའི་གསང་ཆེན་རྣལ་འབྱོར་བ། །
མར་པ་ཆོས་དབྱིངས་རྡོ་རྗེ་ཡང་ཡང་དྲན། །
ཐུགས་མཆོག་སྒ་ཡི་མཆོད་རྟེན་དཀར་པོའི་འགྲམ། །
འབྲི་ཀླུང་དལ་གྱིས་བབས་སའི་གཡས་ཕྱོགས་སུ། །
ཆོས་མོས་ཡབ་མིང་ཚུལ་ཁྲིམས་རྒྱལ་མཚན་དང། །
ཡུམ་ཆེན་བཀྲ་ཤིས་ལྷ་མོའི་ལྷུམས་སུ་ཞུགས། །
བཀྲ་ཤིས་རྟེན་འབྲེལ་བཟང་པོའི་ཚེས་བཅུ་ལ། །
གནམ་ས་འཇའ་འོད་འཁྱིལ་བའི་སྒྲ་གུར་ལས། །
ཡ་མཚན་ཀུན་ལེགས་ཁྱེའུ་མཐོང་དགའ་བ། །
དུང་དཀར་ལྗོངས་སུ་མཚན་དཔེ་གསར་དུ་བལྟམས། །
ཆུང་ནས་དད་དང་སྙིང་རྗེའི་བདག་ཉིད་ཅན། །
ཀུན་དགའ་ཕ་ཁྱིམ་ནོར་མང་ལོངས་སྤྱོད་འཕེལ། །
ཐུབ་བསྟན་དར་རྒྱས་བླ་མས་གུས་ཕྱག་བཅས། །
མཚན་ལ་ནོར་ཕྱུག་རིན་ཆེན་ཞེས་སུ་གསོལ། །
རབ་བྱུང་མཚན་ལ་ངག་དབང་དཔལ་ལྡན་དང་། །
གཞི་བརྒྱུད་དོན་གྱི་དབང་ཆེན་ཐོབ་པའི་རྗེས། །
གཟིམས་ལམ་ལྷ་དང་བླ་མས་ལུང་བསྟན་དུ། །
རྣལ་འབྱོར་ཆོས་དབྱིངས་རྡོ་རྗེ་མཚན་དུ་གསོལ། །
འཁོར་བར་ཞེན་པ་ལོག་པའི་ངེས་འབྱུང་དང་། །
བྱམས་སོགས་ཚད་མེད་བྱང་སེམས་ལྷན་སྐྱེས་མངའ། །
སྣང་སྲིད་དག་མཉམ་ཆོས་སྐུའི་ངོར་མཐོང་བས། །
ཏིང་འཛིན་ཞི་དུལ་འཚོ་བ་རྒྱན་ཏུ་རོལ། །
གྲུབ་དབང་སངས་རྒྱས་བཟང་པོའི་ཞབས་བཏུད་ནས། །
དབང་ཁྲིད་བཀའ་ལུང་བྱིན་རླབས་ཉེ་བརྒྱུད་བཅས། །
སྒྲོན་མེ་ལག་གཏད་བཞིན་དུ་ལེགས་ཐོབ་སོགས། །
ནྰ་ལུང་མཚམས་པས་འབྱུང་འགྱུར་ལུང་བསྟན་བསྩལ། །
གང་ཤར་བླ་མ་ཆོས་ཉིད་རྡོ་རྗེ་དང་། །
གང་སྐུ་ཆོས་མཆེད་དམ་པ་རྗེས་འཇུག་དག །
སོར་བྱང་སྔགས་ཀྱི་ས་ལམ་མྱུར་བགྲོད་པས། །
བླ་མ་དགྱེས་པའི་དགོངས་པ་རབ་ཏུ་ཟིན། །
ཐུབ་བསྟན་དགོན་དུ་ཚོགས་ཞུགས་ཆོས་གྲལ་ཕེབས། །
ཁྱད་པར་རྫ་རྒྱུད་ལྕང་མ་རི་སིལ་ནས། །
མཁས་གྲུབ་རིག་འཛིན་བརྒྱུད་པའི་ཞལ་བཟང་ཆབ། །
གདམས་ངག་བདུད་རྩིའི་ཐིག་ལེ་ཐུགས་སུ་གཏམས། །
བླ་མ་དམ་པ་སངས་རྒྱས་དངོས་སུ་མཐོང་། །
ཡི་དམ་སྟོན་པ་ཤྰཀྱ་ཐུབ་པར་བསྟེན། །
སྔོན་འགྲོ་དངོས་གཞིའི་ས་ལམ་རབ་འབད་པས། །
སྐྱབས་འགྲོའི་ལམ་རྟགས་མ་ལུས་མངོན་དུ་གྱུར། །
དབུ་མ་ཆེན་པོའི་ལྟ་བར་ངེས་ཤེས་སྐྱེས། །
ཕྱག་རྒྱ་ཆེན་པོའི་སྒོམ་པར་མཉམ་པར་བཞག །
རྩ་རླུང་ཐིག་ལེའི་གནད་གསང་རྟེན་འབྲེལ་ཤར། །
རྫོགས་པ་ཆེན་པོའི་འབྲས་བའི་མངོན་དུ་གྱུར། །
ནག་ཕྱོགས་ཀླ་ཀློས་དཔུང་གི་མུན་ཀློང་ན། །
ནག་ནོག་གྲིབ་མས་མ་གོས་དུང་ཟླ་བཞིན། །
སྒྲུབ་པའི་རྒྱལ་མཚན་མི་ལོ་ཉེར་བདུན་རིང་། །
མི་ནུབ་བསྟན་པའི་འོད་ཟེར་རྒྱུན་དུ་འབར། །
གུ་རུས་རྗེས་བཟུང་བྱིན་རླབས་དངོས་གྲུབ་གནང་། །
ཇོ་བོ་དགྱེས་མཛུམ་འོད་ཟེར་དབང་ཆེན་བསྐུར། །
ཐང་ལྷ་གཉེན་པོས་གསོལ་སྟོན་སྦྱིན་བདག་མཛད། །
ཡང་གསང་བསྟན་པའི་ཆོས་འཁོར་སླར་ཡང་བསྐོར། །
ཕུང་ཁམས་དག་པས་གཤེགས་པ་གཤེགས་མར་དག །
ཡན་ལག་དག་པས་ཁྲོ་བོ་ཁྲོ་མོར་རྫོགས། །
དབང་ཤེས་དག་པས་སེམས་དཔའ་སེམས་མར་སྨིན། །
གསང་གསུམ་དཀྱིལ་འཁོར་སྙིང་ཐིག་མངོན་དུ་གྱུར། །
གསང་ཆེན་བླ་མེད་འབྲས་བུ་མངོན་གྱུར་པས། །
ཚེམས་དང་དབུ་སྐྲར་རིང་བསྲེལ་གྲངས་མེད་འཁྲུངས། །
བྱིན་ཆེན་ཕབས་པས་དཔའ་བོ་དཔའ་མོ་དག །
དབང་གྲལ་བདེ་ཆེན་གླུ་བྲོ་མཉམ་དུ་རོལ། །
ཀུན་མཁྱེན་ཡབ་སྲས་འཇའ་ལུས་རིག་པ་འཛིན། །
བརྒྱུད་གསུམ་བླ་མའི་རྣལ་འབྱོར་རྟག་བརྩོན་ནས། །
ཐུན་བཞི་ལས་དྲུག་རྩ་གསུམ་བསྙེན་སྒྲུབ་ལ། །
རྩེ་གཅིག་འདུན་པའི་སྒྲུབ་དཔོན་དམ་པར་རྒྱལ། །
མ་ཕམ་གཡུ་མཚོ་གངས་རི་ཆེ་བཞི་དང་། །
རྩྭ་རིའི་གནས་སོགས་བོད་ཡུལ་ཞབས་སོར་བཀོད། །
མདོ་དབུས་ཁམས་ཀྱི་གནས་ཆེན་ཐམས་ཅད་ལ། །
ཉམས་ལེན་སྒྲུབ་པའི་རྒྱལ་མཚན་བླ་ན་མཐོ། །
རི་བོ་རྩེ་ལྔར་རྗེ་བཙུན་འཇམ་དཔལ་དབྱངས། །
རི་བོ་གྲུ་འཛིན་འཕགས་པ་སྤྱན་རིས་གཟིགས། །
རི་བོ་ལྕང་ལོར་ཕྱག་ན་རྡོ་རྗེ་འཛིན། །
ཕུན་ཚོགས་རྣམ་ལྔའི་ཞིང་གི་སྣོད་བཅུད་མཇལ། །
རི་བོ་བྱ་རྐང་རྒྱལ་ཚབ་བྱམས་པ་མགོན། །
གླང་ཆེན་འགྱིང་རིར་བྱང་སེམས་ཀུན་ཏུ་བཟང་། །
དཔལ་རི་རྩེ་དགུར་ས་ཡི་སྙིང་པོ་སོགས།
བྱང་ཆུབ་སེམས་དཔའི་རྟུལ་ཞུགས་བདག་གིར་བཞེས། །
དད་པའི་བསོད་ནམས་སྤྲིན་ལས་རིན་པོ་ཆེས། །
གདུལ་བྱའི་དགེ་ལེགས་སྤེལ་བའི་ཆར་རྒྱུན་ཅན། །
གསང་ཆེན་བསྟན་པའི་འབྲུག་སྒྲ་སྒྲོག་མཁས་པས། །
སྨིན་གྲོལ་ཐོབ་པའི་སྐལ་བཟང་སྐྱེས་བུ་བསྐྲུན། །
ཏིང་འཛིན་རྒྱལ་པོའི་དོན་ལ་དབང་བསྒྱུར་བས། །
ལེགས་བཤད་རྩོམ་དང་སྒྲུབ་ལ་མངོན་བརྩོན་པའི། །
རྣལ་འབྱོར་དབང་ཕྱུག་གསང་སྔགས་རིག་པ་འཛིན། །
ཀུན་གྱི་གཙུག་རྒྱན་དཔལ་ལྡན་བླ་མ་རྒྱལ། །
སྔོན་ཚེ་སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཅན། །
རབ་བསྙེན་བྱང་ཆུབ་དང་པོའི་ཐུགས་བསྐྱེད་དེ། །
ནམ་མཁའ་མ་ཞིག་འཁོར་བ་མ་སྟོང་བར། །
འགྲོ་ཀུན་སྒྲོལ་བའི་ཐུགས་དམ་བདག་གིར་མཛད། །
འོན་ཀྱང་ཛམ་གླིང་བསོད་ནམས་མཐུ་ཆུང་བས། །
མཚན་ལྡན་བླ་མ་སྦས་པའི་རྟུལ་ཞུགས་ཅན། །
མཇལ་བའི་གོ་སྐབས་ཉིན་མོའི་སྐར་མ་བཞིན། །
འུར་སྒྲོག་འུག་པའི་མིག་ལ་མཛའ་བཤེས་དབེན། །
ཆོས་རྗེ་དམ་པས་བསྔགས་པའི་མེ་ཏོག་ཐོར། །
པན་ཆེན་བླ་མས་གསང་ཆེན་རྣལ་འབྱོར་གསོལ། །
རིས་མེད་བསྟན་པའི་སྲོག་ཤིང་སྒོམ་ཆེན་པ། །
མཆོག་ཐུན་དངོས་གྲུབ་བདག་པོ་ཁྱེད་ལ་གུས། །
རྡོ་རྗེ་གདན་དུ་རྒྱལ་བ་རིན་ཆེན་ལ། །
ལེགས་པ་མཇལ་བའི་བསྐལ་བཟང་དུས་ཚེས་ན། །
ཞི་བདེ་ཆོས་ཀྱི་ཉི་མ་འོད་པོ་ཆེ། །
ཛམ་གླིང་ཁྱབ་པར་ཆོས་དབྱིངས་གླིང་པས་གསུངས། །
རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་རིན་པོ་ཆེས། །
ཡེ་ཤེས་སྤྲུལ་པའི་སྐུ་ཡིས་རྗེས་སུ་བཟུང་། །
བརྒྱུད་གསུམ་དགོངས་པའི་ཕ་ནོར་ཁྱེད་ལ་གནང་། །
བཀའ་གཏེར་དག་སྣང་རིག་པའི་རྩལ་དུ་ཤར། །
ཤིང་རྟ་ཆེན་པོ་དཔལ་ལྡན་ཇོ་བོ་རྗེ། །
མངོན་སུམ་ཞལ་གཟིགས་རྒྱུན་དུ་རྗེས་བཟུང་བས། །
མདོ་སྔགས་ཕ་རོལ་ཕྱིན་པའི་དགོངས་པ་བརྙེས། །
གཞུང་ལུགས་གདམས་པར་ཤར་བའི་མཁས་གྲུབ་དངོས། །
དེ་བཞིན་དཔལ་ལྡན་བླ་མ་རྡོ་རྗེ་སེམས། །
རབ་དཀར་གངས་ཀྱི་མདོག་ལྟར་མངོན་སུམ་མཇལ། །
དབང་བཞིའི་འོད་ཟེར་སྣ་ཚོགས་དྲ་བ་ཅན། །
བྱིན་རླབས་བསྩལ་བའི་དག་མཉམ་ཁྱེད་ལ་རྫོགས། །
སྐྱབས་འགྲོར་ལྟུང་བཤགས་ཆོ་ག་མཛད་པའི་ཚེ། །
སངས་རྒྱས་སུམ་ཅུ་སོ་ལྔ་མངོན་སུམ་བྱོན། །
སོ་སོའི་སྐུ་མཆོག་དབྱིབས་དང་ཕྱག་མཚན་སོགས། །
ཇི་བཞིན་གཟིགས་པས་བདེ་གཤེགས་བསྟོད་པ་མཛད། །
རྒྱལ་བའི་ཡུམ་ཆེན་ཤེས་རབ་ཕར་ཕྱིན་དང། །
རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་ཉེར་གཅིག་སོགས། །
སྐུ་གསུམ་རྒྱལ་བའི་མཁའ་འགྲོ་རྒྱ་མཚོ་ཡིས། །
གསང་གསུམ་དགའ་བདེས་མཆོད་པ་ཁྱེད་ལ་རོལ། །
རང་སྣང་དག་པའི་ཞིང་ཁམས་བདེ་བ་ཅན། །
རྒྱལ་དང་རྒྱལ་སྲས་ཉན་རང་ལྷ་ཀླུ་ཚོགས། །
རྟུལ་གྱི་གོང་བུ་ཕྱེ་བ་བཞིན་གཟིགས་པ། །
ཟག་མེད་བདེ་མཆོག་ཧེ་རུ་ཀ་དཔལ་རྒྱལ། །
རྒྱལ་བའི་མཛད་ཕྲིན་སྒྲུབ་པར་ལེགས་མཛད་པས། །
ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་དང་། །
སྨན་གྱི་བླ་མ་སངས་རྒྱས་འོད་དཔག་མེད། །
འཁོར་ཚོགས་རྒྱ་མཚོའི་དབུས་ན་ལྷམ་མེར་མཇལ། །
ཛམ་གླིང་མཛེས་པའི་པན་གྲུབ་བཅུ་བདུན་དང་། །
གནས་བརྟན་བཅུ་དྲུག་འཕགས་ཚོགས་དགེ་འདུན་གྱིས། །
རྗེས་བཟུང་བཀའ་བསྟན་བཤད་སྒྲུབ་བཀའ་བབས་པའི། །
འདྲེན་མཆོག་དཔལ་ལྡན་བླ་མ་སྲིད་ཞིའི་མགོན། །
སྒྱུ་འཕྲུལ་དྲ་བའི་རྩ་རླུང་ཐིག་ལེའི་ཁམས། །
མ་ཉམས་ཡན་ལག་དྲུག་གི་གནད་གསང་སྟོན། །
བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྐུ་བཞེངས་པའི། །
འགྱུར་མེད་སྐུ་ཡི་རྡོ་རྗེའི་རྣལ་འབྱོར་པ། །
སྣང་སྲིད་ཟབ་གསལ་གཉིས་མེད་ཆོས་ཀྱི་དོན། །
བདེན་བཞི་མཐའ་དྲུག་ཚུལ་བཞིས་ལེགས་པར་སྟོན། །
ཚངས་དབྱངས་དགྱེས་པའི་ཆོས་འཁོར་བསྐོར་བའི་མགོན། །
འགགས་མེད་གསུང་གི་རྡོ་རྗེའི་རྣལ་འབྱོར་པ། །
ཟབ་ཞི་སྤྲོས་བྲལ་བདེ་གཤེགས་སྙིང་པོའི་སྐུ། །
མཁྱེན་གཉིས་གཟིགས་པ་སངས་རྒྱས་ཡེ་ཤེས་ཉིད། །
སྤོངས་རྟོགས་ཡོངས་རྫོགས་རྒྱལ་ཀུན་འདུས་པའི་བདག །
གཡོ་མེད་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་པ། །
ལྟེ་བའི་རྩ་འཁོར་གཏུམ་མོ་ཙཎྡ་ལིས། །
སྤྱི་བོའི་ཧཱུཾ་ཡིག་དབུ་མར་བཞུ་བ་ལས། །
ལྷན་སྐྱེས་ཡོན་ཏན་དཔལ་ལ་རྣལ་འབྱོར་པ། །
རྡོ་རྗེ་འབེབས་པའི་ཤིང་རྟའི་སྲོལ་འཛིན་རྒྱལ།།
མདོར་ན་ཚེ་དང་སྒྲུབ་པ་མཐར་ཕྱིན་པའི། །
བཤད་སྒྲུབ་ཕྲིན་ལས་འཛིན་སྐྱོང་སྤེལ་བའི་མགོན། །
བཤེས་གཉེན་ཀུན་བཟང་བླ་མ་དམ་པ་ཁྱེད། །
རྨི་ལམ་མཇལ་བར་སྐལ་བཟང་ཨེ་མ་ཧོ། །
འདིར་སྨྲས་དགེ་བའི་ཚོགས་བསགས་ཡན་ལག་ཀུན། །
ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པར་འབུལ།
རྒྱལ་ཀུན་དགྱེས་ཞིང་འགྲོ་ཀུན་ཕན་བདེ་སྨོན། །
ཀུན་བཟང་དཔལ་ལྡན་བླ་མའི་ས་ཐོབ་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ལྕགས་ཡོས་ས་ག་ཟླ་བའི་དབང་ཕྱོགས་སྟོང་པ་དང་པོའི་ཉིན་གྱི་སྔ་མོར་རྨི་ལམ་དུ་གསང་ཆེན་བླ་མེད་ཀྱི་རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེ་མཇལ་བའི་དགའ་སྐྱོ་ཟུང་གིས་བསྐུལ་པ་བཞིན་བྱུང་བས་གང་ཤར་དུ་དཔལ་དགྱེས་པ་རྡོ་རྗེས་སྙིང་ནས་གསོལ་འདེབས་སུ་ཝ་ཡེལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་དབེན་ཁྲོད་ནས་བྲིས་པ་དགེའོ། །
སྤྱི་ལོ་༢༠༡༡ ༠༦ ༡༩ དབྱིན་ཡུལ་ཕ་རྣམས་སྐྱིད་པའི་དུས་དྲན་གྱི་སྐབས་སུའོ། ། ༽
དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་བཀོད་པ་འོག་མིན་གཉིས་པའི་དགའ་ཚལ་ཞེས་བྱ་བ།
བླ་མ་འདི་བ་ཚང་གང་ན་བཞུགས་ཡོད་ནི་རེད། དེ་རིང་མ་གཏོགས་གོ་མ་མྱོང་། མཁན་ཆེན་རྡོ་རྗེ་འཆང་གིས་གསལ་བཤད་ཅིག་གནང་བར་མཁྱེན་ནོ།
རྩོམ་འདི་དུས་ཐོག་ཏུ་ཁ་བརྡ་དྲ་བས་དྲ་ཚིགས་སུ་བཀོད་པར་བཀའ་དྲིན་ཆེ་ཞུ་བ་དང་།
ལགས་སོ། པདྨ་གེ་སར་ལེགས། མདོ་རྒྱུད་ནས་བཤད་པའི་བླ་མ་མཚན་ཉིད་ཀུན་ལྡན་དེ་འདི་འདྲའི་བླ་མ་ཞིག་དཀོན་ནི་རེད། ཚེ་དང་སྒྲུབ་པ་མཉམ་པའི་བླ་མ། །ཆོས་བརྒྱད་ཞེན་པ་ཆོད་པའི་བླ་མ། །བྱང་སེམས་རྒྱུད་འབྱོར་པའི་བླ་མ། །གསང་ཆེན་དེ་ཉིད་རྟོགས་པའི་བླ་མ། །ཡིད་བཞིན་ནོར་བུ་དངོས་ལྟ་བུ་ཞིག་བྱོན་ཡང་ཆོལ་གསུམ་བོད་མི་ཕ་ཆེ་བས་ཧ་གོ་མི་འདུག ཧ་ལས་དགོས་པ་ཞིག་ནི། གོ་ཚོད་ལྟར་ན་བླ་མའི་སྐུ་འཁོར་འགས་སྐུ་སྒེར་དང་ས་སྐྱ་གོང་མ་ལ་འབྲེལ་བ་བྱས་ཀྱང་ངོས་ལེན་བྱས་པ་མེད་པ་རེད་ཟེར། དགུང་གྲངས་བདུན་ཅུའི་རིང་སྐུ་མཚམས་དང་ཆོས་འཆད་མཛད། གསུང་འབུམ་པོད་བདུན་ཡོད། རྒྱས་པར་ཤེས་འདོད་ན་ཨེ་མ་ཧོའི་རིག་མཛོད་དུ་ཡོད། ཤྲྰིས་སོ།
ཐུན་མོང་འགྲོ་བའི་བསོད་ནམས་མར་ལ་ཕྱོགས་དུས།།
སྟོན་མཆོག་ཐུབ་པའི་དབང་པོ་དངོས་སུ་བྱོན་ཀྱང་།།
མཇལ་རྒྱུའི་ལས་འཕྲོ་དབེན་པའི་མི་ཡུལ་འདི་ན།།
ངེས་དོན་སེམས་དཔའི་འགྲོ་དོན་རྫོགས་ལ་རན་འདུག།
དམ་པའི་སྐྱེས་བུ་དམ་པའི་ཕ་ཁྱིམ་འགྲིམས། །
རྨོངས་པའི་སྐྱེ་བོ་གྲགས་པའི་རྗེས་སུ་རྒྱུགས། །
བཟང་ངན་དོ་མ་མཉམ་པའི་འཇིག་རྟེན་ཕྱོགས། །
གང་ལ་མ་བསམ་རང་ཚུགས་ཟིན་པར་མཛོད། །
བཀའ་དྲིན་ཆེའོ་མཁན་ཆེན་རྡོ་རྗེ་འཆང་། །བཀའ་ལན་གསར་དུ་མཇལ་བས་དགའ་སྤྲོ་བརྟས། །བཀའ་བསྟན་མན་ངག་མཐུན་པའི་བླ་མ་དེ། །བཀའ་བརྒྱུད་རྙིང་མ་གང་གི་གྲུབ་མཐའ་མཁན། །མཆོག་གི་གསལ་བཤད་གནང་ན་ཨེ་ཆོག་གམ། །
ལགས། སྦས་པའི་རྣལ་འབྱོར་དེའི་སྐུ་པར་དང་། དེང་དུས་གང་ཏུ་བཞུགས། མཛད་པ་ཅི་གནང་སོགས་ཡོད་ན་ངོ་མཚར་ཆེ། ང་ལ་དང་པོ་རྣམས་རྟོག་ཞིག་སྐྱེས་སོང་། རྗེས་སུ་འགྱོད་པ་ཤོར་སོང་། ངས་རྣལ་འབྱོར་རྫུན་མ་མིང་འདྲ་བོ་ཞིག་ཡོད་པ་དེ་མིན་ནམ་སྙམ་ནས་ཡོད་སྐབས། ཉིད་ཀྱི་ལྗགས་རྩོམ་ལ་སླར་ཡང་ནན་བལྟ་ཞིག་བྱས་པས་མིང་འདྲ་ལ་གཅིག་མིན་པ་ཤེས། སྔོན་ཆད་གངས་རིན་པོ་ཆེར་ཡུན་རིང་བཞུགས་པའི་རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེ་ཟེར་བ། ཕར་བལྟས་ན་ཨ་ནེ་འདྲ་བོ། མགུར་ཀླུ་སྙན་མོ་འབྲི་ཤེས་མཁན། ལྷ་མཐོང་འདྲེ་མཐོང་གནང་མཁན། ཕྱག་ཐལ་མོ་སྦྱར་ཏེ་སེམས་ཅན་ལ་སྙིང་རྗེ་བསྒོམས་ཚེ་མིག་ཆུ་འཐོར་ཡོང་པ། ཕྱག་མོ་ཐིག་པོ་ཡོད་མཁན། དང་པོ་མི་ཚང་མས་རྣམ་འབྱོར་བ་ཆེན་པོར་བསམ་ནས་མཆོད་པ་ཕུལ། རྗེས་སུ་ར་བཤའ་གཡག་རྐུན་རེ་བྱས་པའི་ལོ་རྒྱུས་དང་། རྒྱལ་བ་རིན་པོ་ཆེའི་བཀའ་ཤོག་རྫུན་མ་ཞིག་ཁུར་ནས་མཚོ་ཁར་དགོན་པ་རྒྱག་པར་སློང་མོ་བྱེད་སྐབས་འབྲི་གུང་བླ་མ་ཞིག་ཕེབས་ནས་བཀའ་ཤོག་གི་ནང་གི་ཡིག་ནོར་དང་ཐམ་ཀ་ཐེལ་ཚེ་རྫུན་མ་ཡིན་ཚུལ་བཤད་པས་མི་རྣམས་ལ་དོགས་པ་ཅུང་ཟད་རེ་སྐྱེས། དེ་ནས་ཨ་ནེ་རྣམས་གཡས་ལོག་གཡོག་འགྱེལ་ཏུ་བཏང་བས་ཕ་མ་ཚོར་ཁ་མཆུ་ཐུག དགེ་ལྡན་པའི་བླ་མ་ཞིག་གི་བུ་མོ་གསང་ཁོ་ཟེར་བ་ལ་བུ་ཞིག་བཟོས། བླ་མ་གློ་བུར་ཏུ་བརླག བུ་དེས་ད་ལྟ་ཡང་ཕྱོགས་ཀུན་ཏུ་ཕ་འཚོལ་གྱིན་འདུག བླ་མ་དེ་ཕྱི་རྒྱལ་ཞིག་ཏུ་ཡོད་པ་གོ་ཡང་གསལ་བོ་མི་འདུག ཚིག་ངན་རེ་དང་མི་ངན་རེའི་བག་ཆགས་ཀྱིས་སེམས་ལ་དྲི་མ་ཤོར་ན་འདི་འདྲ་རེད། །རྣམ་རྟོག་ངན་པ་དེ་འཐོལ་ལོ། བཤགས་སོ། བཟོད་པར་གསོལ། སླར་མི་སྐྱེ་བར་བྱིན་གྱིས་རློབས། །
ཨེ་མ་ཧོ། །
རྗེ་བླ་མ་ཆོས་དབྱིངས་རྡོ་རྗེ་ཉིད། །
ཚེ་སྒྲུབ་པར་མཉམ་ནས་དགོངས་པར་གཤེགས། །
དུས་ད་ལྟ་མི་མངོན་དབྱིངས་ན་བཞུགས། །
དྲན་ཙམ་ནས་མིག་མཐའ་མཆི་མས་གང་། །
ཞེན་ཕྱོགས་ཁྱེར་མང་བའི་སྙིགས་དུས་སུ། །
བདེན་དྲང་སྲོང་འདི་འདྲ་སྲིད་ན་དཀོན། །
ཆོས་ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་པ། །
མཚན་ཡོངས་གྲགས་ནོར་ཕྱུག་རིན་ཆེན་གྲགས། །
གོང་བླ་མའི་ཐེམ་ཀ་རྫུན་མ་མེད། །
ས་གོང་མའི་མ་མཁྱེན་རྙིང་མ་ཟེར། །
རྗེ་ཀརྨས་མ་ཤེས་ས་སྐྱ་ཟེར། །
དོན་རིས་མེད་ཡིད་བཞིན་ནོར་བུ་དངོས་། །
གནས་གངས་དཀར་རོང་བཙན་ཁ་བ་ནས། །
སྐྱབས་བླ་མ་མཇལ་བའི་འདྲ་དཔར་ཞིག །
གཟིགས་འདོད་ན་འོག་གི་དྲ་ཐག་ནོན། །
http://www.tibetcy.com/showart.asp?art_id=943
ཉིད་ཀྱིས་གསུངས་པ་འདི་མར་པ་ཆོས་དབྱིངས་རྡོ་རྗེ་ཚང་རེད་འདུག ཁོང་གིས་མང་ཚོགས་ལ་ཡེ་ཤེས་པ་འབེབ་ཐེངས་རེ་རེ་བཞིན་ཕོ་མོ་རྒན་གཞོན་བྱིས་པ་ཚུན་ཆད་ལ་ཡེ་ཤེས་པ་བབས་ཏེ་གར་སྟངས་ལང་ལིང་དང་སྔགས་སྒྲ་འུར་འུར་བྱེད་བཞིན་འདུག ཐ་ན་རྒྱ་མི་བརྙན་པར་ལེན་མཁན་ཚོར་ཡང་བབ་ཡོང་གིན་འདུག་ཟེར། ཁོང་གི་རྩ་བའི་བླ་མ་ནྰ་ལུང་སངས་རྒྱས་བཟང་པོས་ཁོང་ལ་རྟོགས་པ་བཙན་ཐབས་སུ་ངོ་སྤྲད་པའི་སྐོར་ཞིག་ཁོང་གིས་གསུངས་སོང་། ཁོང་གི་ཐུགས་དམ་ནི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡང་གསུངས་སོང་དྲན།
ཡྰ། ད་བལྟས་དུས་ཤྲྰི་སྨྱོན་མཁན་ཆེན་དང་དང་ཀླུ་སྨྱོན་གྲུབ་ཆེན་གཉིས་བླ་མ་གཅིག་གི་སློབ་ཕྲུག་རེད་གྰ། ཞུ་ཉེས་བཤད་འཆལ་འདྲ་སོང་ཡོད་ན་བཟོད་པར་གསོལ་ལོ། །
སྦས་པའི་རྣལ་འབྱོར་གྱིས་སྦས་དྲགས་ནས་རྣམ་ཐར་ད་ཕར་ཞོགས། མཚན་ཙམ་ཡང་འདི་རིང་ཙམ་མ་གཏོགས་མ་ཐོས་པ་འདིས་ཅུང་མི་བདེ་བ་བྱུང་ཡང་ལས་སྨོན་མེད་པས་ཅི་བྱར་ཡོད། སྒྲུབ་པའི་བསྟན་པ་རྒྱས་གྱུར་ཅིག དགེའོ། །
ན་མོ་གུ་རུ། །ཚེ་སྒྲུབ་པ་མཉམ་པའི་རྣལ་འབྱོར་བ། །མཚན་ཡོངས་གྲགས་ནོར་ཕྱུག་རིན་ཆེན་ལ། །སྤྲང་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྣང་སྲིད་ཀྱི་ལེགས་ཚོགས་མཆོད་པ་འབུལ། །སེམས་རྟོག་སྒྲིབ་བག་ཆགས་འཐོལ་ལོ་བཤགས། །ཚེ་མཚམས་ཀྱི་མཛད་པར་རྗེས་ཡི་རང་། །གནས་སྐབས་བཞིར་ཆོས་ཆར་འབེབས་པར་བསྐུལ། །དབྱིངས་དག་ཆེན་ལས་གཟུགས་སྐུར་བཞེངས་ཏུ་གསོལ། །དུས་གསུམ་གྱི་དགེ་ཚོགས་འགྲོ་ལ་བསྔོ། །ཁམས་གསུམ་གྱི་འཁོར་བ་དོང་སྤྲུགས་ཤོག །དྲི་མེད་ཀྱིས་རྨི་ལམ་དབང་ཕྱུག་དགྱེས་པ་རྡོ་རྗེས་གནང་པའི་རྣལ་འབྱོར་པའི་སྐུ་པར་དང་རྣམ་ཐར་མཇལ་མ་ཐག་རྟོག་ངན་ལ་བཤགས་པའི་ཚུལ་དུ་བྲིས་པའོ། །།
ལྔ་པོ་འདིར་གཟིགས་དང་་་་་་་་་་་་་་་་་་་་ང་ཚོས་ནོར་མེད་དམ།
༡ ང་ཚོ་བོད་མི་དང་རྒྱ་མི་རྣམས་ནི་གྲགས་པའི་རྗེས་སུ་འབྲངས་ཤིང་། བླ་མ་མགོ་གང་བདེ་བ་དང་། གོ་གནས་སུ་ཆེ། སྲིད་ཕྱོགས་སུ་ཤུགས་ཆེ་བ་དེའི་རྗེས་སུ་འགྲོ་བ་ལས་དོན་དམ་པའི་བཤེས་གཉེན་ཞིག་དང་དོན་དམ་པའི་བླ་མ་ཞིག་སུས་འཚོལ་ཤེས་འདུག་གམ་ལྟོས་དང་།
༢ བླ་མ་དང་སྤྲུལ་སྐུའི་མཚན་ཡོད་མཁན་ཞིག་མཐོང་ཚེ་རང་མགོ་མ་ཐོན་སྔོན་ནས་དབང་སྐུར་དང་བྱིན་རླབས་ཞུ་བཞིན་པ་འདི་ལ་ལྟོས་དང་།
༣ རང་ལ་སྤྲུལ་སྐུའི་མིང་ཙམ་ཡོད་ཚེ་འཇིགས་ཞུམ་མེད་པར་རང་གི་བླ་མ་དང་ཆོས་དགེའི་གོང་དུ་བསྡད་ནས་ད་དུང་འཇིགས་འཇིགས་རྔམ་རྔམ་ལྟར་འདུག་པ་ལ་ལྟོས་དང་།
༤ སྒྲུབ་པ་དང་ཉམས་ལེན་སོགས་ཤིན་ཏུ་ཉམས་དམའ་ཡང་སྐུ་སྔོན་མ་བླ་མ་སྐྱེས་ཆེན་ཞིག་གིས་མཚན་ཁུར་ཏེ་རང་ལ་ཡོན་ཏན་ཇི་ཙམ་ཡོད་པ་རང་གིས་རྟོགས་བཞིན་དུ་ད་དུང་ཆོས་བཤད་དང་དབང་སྐུར་སོགས་གྲུབ་པའི་སྐྱེས་བུའི་རྣམ་ཐར་བདག་གིར་ལེན་པ་ལྟོས་དང་།
༥ བླ་མ་དང་གྲྭ་པ་སྲིད་དོན་དོ་སྣང་སུ་ཆེ་བ་རྣམས་སྤྱི་ཚོགས་སུ་མགོ་འཕང་མཐོ་ཞིང་། མི་སྐྱ་རྣམས་ལས་ཆོས་ལ་ཉམས་ལེན་དང་དོ་སྣང་སུ་ཆེ་བ་དེ་སྤྱི་ཚོགས་སུ་མགོ་འཕང་མཐོ་བ་ལྟོས་དང་། སྤྱི་ཚོགས་ཀྱིས་དོ་སྣང་དང་མཐོང་ཆེན་བྱེད་ཕྱོགས་ནོར་ནས་ཡོད་པ་མིན་ནམ། སྤྱི་ཚོགས་ཀྱིས་དོ་སྣང་དང་མཐོང་ཆེན་གནང་ཕྱོགས་ནོར་བ་དེས་བོད་མིའི་ཆོས་སྲིད་གཉིས་ཀ་མིང་ཙམ་ཞིག་ཏུ་སྒྱུར་བཞིན་འདུག སྤྱི་ཚོགས་ཀྱི་བལྟ་ཚུལ་འདིའི་དབང་གིས་སེར་མོ་པའི་སྤྱི་ཚོགས་སྲིད་དོན་རྔམས་ཞིང་སྲིད་ཀྱི་སྣེ་སེར་མོ་བས་བསྐྱངས། མི་སྐྱའི་སྤྱི་ཚོགས་ཀྱིས་སྐྱེ་བ་སྔ་ཕྱི་སོགས་ལྐོག་གྱུར་ཀྱི་ཆོས་ལ་ནུས་ཤུགས་ཡོད་དགུ་བཏོན་ཏེ་དོན་དུ་རང་ལ་ཡོད་དགོས་པའི་དཔལ་འབྱོར་དང་འཇོན་ཐང་སོགས་རང་བཞིན་གྱིས་ཉམས་བཞིན་འདུག
དབང་འདུས་ལེགས།
སུས་སྒྲུབ་ན་དེ་དག་ནོར་བ་དངོས་རེད།
༡ རྒྱ་བོད་སུ་ཡིན་ཡང་རྟོག་དཔྱོད་མེད་པར་གྲགས་པའི་རྗེས་སུ་འུར་རྒྱུགས་བྱས་པ་འཁྲུལ་པ་འམ་ནོར་པ་རེད། མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་བརྟག་མ་ཤེས་ནས་ནོར་བ་རེད །དང་པོ་བརྟག བར་དུ་བསྟེན། མཐར་དགོངས་སྤྱོད་དམ་པའི་ཆོས་དང་མཐུན་པར་དགོས་རྒྱུ་དེ་རེད།
༢ ཤིན་ཏུ་བདེན་པ་རེད། རྣལ་འབྱོར་པ་འདི་ཚང་ལྟ་བུ་ཆོས་སྐུའི་ངོ་བོ་མཐོང་། ལོངས་སྐུའི་ཞིང་ཁམས་སྦྱོང་།སྤྲུལ་སྐུའི་འགྲོ་དོན་མཛད་པ་ཞིག་དགོས་པ་ལས་དེང་སང་དེ་ལས་ལྡོག་ཡོད་པར་སྤྲུལ་མིང་རྒྱུ་ཡིས་ཉོ།ལས་འབྲས་རྒྱབ་ཏུ་བོར།རང་འདོད་ཆོས་བརྒྱད་ཆགས་སྡང་མཁན་ཚོ་ལ་སྐྱབས་སུ་འཛིན་པ་ནི་སོ་སོའི་ངོ་ནས་རྒྱལ་བསྟན་ཉམས་པའི་རྟགས་དང་དོན་མེད་རང་རེད། །
༣ དེ་ཚོ་བླ་སྤྲུལ་ཅེས་པ་མིང་ཙམ་ལས་དོན་དུ་ཕྱི་རོལ་མུ་སྟེགས་པ་རེད། དེས་ན་དམ་པ་འདི་ཚོ་དབུ་འཕང་དམའ་བ་རྒྱུ་མཚན་དེ་རེད་ལགས།
༤ དང་པོ་སྤྲུལ་སྐུ་ངོས་འཛིན་བྱེད་པ་པོའི་ཕུག་འདུན་དང་བྱེད་ཡུལ་ཚོས་སངས་རྒྱས་བསྟན་པའི་དགོས་པ་རྒྱུ་མཚན་མ་ཤེས་ནས་ནོར་སོང་བ་རེད། མ་རྟོགས་ནས་འཁོར་བ་འཁྱམ་བཞིན་པ་རེད། དམུས་ལོང་གི་ལམ་སྣ་འདྲེན་པ་རེད། མིང་ཇི་ལྟར་བཟང་ཡང་དོན་གཡོ་སྒྱུ་མཁན་ཡིན་པར་ཤེས་དགོས། །
༥ འདི་ལ་གོ་ལོག་འཐེབས་པ་ཤིན་ཏུ་གསལ། སྐྱ་བོས་བླ་སེར་ལ་འཚོ་སྐྱོང་དགོས་པ་ལས་ལྡོག་ནས་དོན་གྱི་ལས་འབྲས་དང་སྐྱེ་བ་སྔ་ཕྱིའི་མེད་པར་ལྟ་བའི་སེར་གཟུགས་ཚོས་འཁོར་བའི་སྣ་འདྲེན་པ་འདི་ཚོ་ལ་བལྟས་རུང་མ་ལྟས་རུང་བླ་མ་དང་གྲྭ་པ་ཞིག་དོན་གྱིས་མ་རེད། སྲིད་དོན་ཞེས་པ་ཡང་ལོག་ཞིག་ན་མེད་པར་ཆོས་དང་རིག་གཞུང་འདི་དག་ང་ཚོས་བདག་རྒྱབ་པའི་ཐབས་ཤེས་སྟོན་པ་དེ་ཆོས་དང་འཇིག་རྟེན་ཕྱོགས་ནས་མི་ཡ་རབས་དང་དགེ་འདུན་རེད། དེ་མིན་པར་དཔལ་འབྱོར་ཁོ་ནའི་བླ་བྲང་། རང་འདོད་ཁོ་ནས་སྲིད་དོན། ལྷག་བསམ་ཁ་ལ་ཁྱེར། རང་འདོད་ཕུགས་སུ་གཉེར་བའི་སྐྱ་སེར། ཕྱི་བརྫིགས་ལ་ནང་སྟོང་པའི་རྔ་ཁོག་ལྟ་བའི་སྒྲ་ལ་ཉན་ན་ཕྱི་དཔལ་འབྱོར་གྱི་གྱོང་རྒུད། ནང་སྤངས་རྟོགས་ལ་བར་ཆད། གསང་བ་ངན་སོང་ལས་མི་ཐར་པའི་ལས་ངན་གང་ཟག་སོ་སོས་སྒྲུབ་པ་རེད། མདོར་ན་བདག་རང་ངོས་ནས་བོད་ནང་འཁོར་ན་མཚན་ཉིད་ཀུན་ལྡན་གྱི་བླ་མ་དམ་པ་འགའ་ཞིག་ བཞུགས་ཡོད་པ་ལས་ཕྱི་རྒྱལ་ཁག་ཏུ་དམ་པའི་ཆོས་ཀྱི་རེ་བཅའ་ས་མེད་པར་ཧ་གོ་སོང་། བདག་ཅག་གི་སྟོན་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་བླ་མ་དམ་པ་ཐམས་ཅད་མཁྱེན་པ་༧རྒྱལ་པ་རིན་པོ་ཆེ་ཡང་། དེང་སང་གི་སྤྱི་ཚོགས་ངན་པ་འདིས་ཚོང་ལས་ཀྱི་དངོས་པོ་ཞིག་ཏུ་ལྟས་མི་འདུག་གམ། བསྟན་པ་ཕྱི་ཡིས་མི་འཇིག་ནང་གི་བཤིག་ཟེར་བ་དེ་ཡིན་པས་རང་རང་སོ་སོས་གཟབ་དགོས་པར་སེམས་སོ། །
གསང་ཆེན་བླ་མེད་ཀྱི་རྣལ་འབྱོར་པ་ཆོས་དབྱིངས་རྡོ་རྗེ་མཆོག་ནི། སྤྱི་ལོ་༡༩༤༡ལོར་མདོ་ཁམས་སྒ་སྟོད་འབྲི་ཆུའི་ཆུ་བརྒྱུད། རྒྱ་གར་པན་ཆེན་ཇོ་བོ་སྨྲི་ཏི་ཛྙྰ་ནས་བཞེངས་པའི་སྒ་ཡི་མཆོད་རྟེན་དཀར་པོའི་ཉེ་སར་དུང་དཀར་སྡེ་བར་ཡ་མཚན་ངོ་མཚར་སྣ་ཚོགས་དང་བཅས་སྐུ་འཁྲུངས། དཔལ་ལྡན་ས་ར་ཧའི་སྤྲུལ་པ་གྲགས་པའི་མཁས་གྲུབ་ཆེན་པོ་ནྰ་ལུང་སངས་རྒྱས་བཟང་པོས་བྱིན་རླབས་དོན་བརྒྱུད་ཀྱི་དབང་ཆེན་བསྐུར་ནས་ཐུགས་བརྩེ་ཆེན་པོས་རྗེས་སུ་བཟུང་སྟེ་གདམས་པ་མ་ལུས་གཏད། ཐུབ་བསྟན་དགོན་དང་རྫ་རྒྱུད་ལྕང་མ་རི་ཁྲོད་དུ་མཁས་གྲུབ་རྣམ་པའི་མདུན་ནས་ཐོས་བསམ་སྒོམ་པའི་སློབ་གཉེར་ཡང་དག་གནང་བར་མཛད། དུས་འགྱུར་ངན་པའི་སྐབས་སུ་ཡང་སྒྲུབ་པ་ཁོ་ན་མཛད། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཤྰཀྱ་ཐུབ་པ་ཉིད་ཡི་དམ་དུ་བཟུང་བར་སྦྲགས་བློ་ལྡོག་རྣམ་བཞི་ནས་སྔོན་འགྲོ་འབུམ་ལྔར་གྲངས་བསགས་ཐམས་ཅད་མཐར་ཕྱིན་པས་སྐྱབས་འགྲོའི་ལམ་རྟགས་ཐོན། བླ་མ་ཨོ་རྒྱན་ཆེན་ཆེན་པོ་ཁོ་ལ་གསོལ་བ་འདེབས་དང་བསྙེན་སྒྲུབ་བྱས་ནས་ཕྱག་རྫོགས་ཟུང་འཇུག་གི་ལྟ་བ་མ་བཅོས་གཉུག་མའི་དོན་ལ་མཉམ་པར་བཞག་པས་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་དགོངས་དོན་བཞིན། རྟེན་འབྲེལ་ལུས་ལ་འགྲིགས་ནས་རྟོགས་པ་སེམས་ལ་འཆར་ཞེས་གསུངས་པ་ལྟར་། ཐོག་མར་སེམས་ཟིན་པས་རླུང་ཟིན་ཅིང་དེས་རྩ་ཐིག་གི་གནས་རྣམས་གཡོས་ཏེ་རྩ་ཐིག་ཁམས་ཀྱི་དྭངས་སྙིགས་འབྱེད་པའི་རྟེན་འབྲེལ་འགྲིགས་པས་ནད་དང་བྲལ་བར་དང་། གཞན་སྐྱེ་བོ་འཆི་ངེས་ཀྱི་ནད་པ་རྣམས་ལ་ཡང་བྱིན་སྔགས་མཛད་པས་སོས་པར་མཛད། དཔེར་ན། ཟླ་རྒྱུད་ཨ་རིག་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་ནས་ང་རང་གཞོན་ནུ་དར་ལ་བབས་པའི་སྐབས་ཞིག་འཆི་ནད་ཅིག་གིས་འཐེབ་ནས་སྨན་དང་རིམ་འགྲོ་གང་གིས་ཀྱང་མ་ཕན་པར་བྱ་ཐབས་ཟད་སྐབས། ངེས་དོན་གྱི་མཁན་ཆེན་དམ་པ་པདྨ་ཚེ་དབང་ལྷུན་གྲུབ་དཔལ་བཟང་པོས་ལུང་བསྟན་ནས་རྣལ་འབྱོར་པ་འདི་པ་སང་ལ་སྔགས་བྱིན་ཞུ་བར་བཏང་།མཁན་པོ་འོད་གསལ་མཐའ་ཡས་ཀྱིས་རོགས་དན་བྱས་ནས་རྣལ་འབྱོར་པ་དང་མཇལ། རྣལ་འབྱོར་པས་ལྗགས་ཆབ་དང་བྱིན་རླབས་མཛད་པ་དང་མཉམ་དུ་ནད་གཞི་རྣམས་རྩ་མེད་གྱུར། ནད་མེད་ལུས་བདེའི་ཚེ་སྲོག་སྟེར་པས་ཨ་ཕ་དྲིན་ཆེན་ལྟ་བུར་གྱུར། དེ་ནས་བཟུང་བདག་གིས་ཀྱང་གདམས་ངག་དུ་མ་ཞུས་ནས་བླ་མ་རུ་བཀུར། ། རྣལ་འབྱོར་པ་ཨ་ཧྃ་འབར་འཛག་གི་རྟེན་འབྲེལ་འགྲིགས་པས་ཟག་མེད་དགའ་བཞི་བདེ་ཆེན་ཡེ་ཤེས་ཀྱི་རྟོགས་པ་བར་མ་ཆད་པ་མངོན་དུ་གྱུར་ཚུལ་ཉམས་མགུར་ལས་གསལ་བས་དེར་གཟིགས་པར་མཁྱེན་ནོ། ། གཞི་རྒྱུད་དོན་གྱི་དབང་ཆེན་ཐོབ་སྟེ་གསང་ཆེན་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་བརྙེས་པས་རྗེ་ཉིད་ཀྱི་ བཞུགས་མལ་དང་ཚེམས་དང་དབུ་སྐྲ་བཅས་ལ་རིང་བསྲེལ་གྲངས་མེད་པ་འཁྲུངས།
རྩ་རླུང་དཔའ་བོ་དང་དཔའ་མོའི་ངོ་བོ་རུ་གནས་གྱུར་ཅིང་ཡང་གསང་རྡོ་རྗེ་ཐེག་པའི་དོན་དབང་གི་ བཀའ་བབས་པས། སྐལ་ལྡན་གྱི་སློབ་ཚོགས་ལ་ལུས་སེམས་ལ་ཁམས་འདུས་གནས་འགྱུར་བྱུང་བ་འདི་ནི་དབང་དོན་ཡེ་ཤེས་བབས་པ་འམ་བྱིན་རླབས་ཁམས་འདུས་བབས་པ་ཞེས་པ་ཡིན་པས། འདི་ཀུན་རྡོ་རྗེ་ཐེག་པའི་སྣོད་ལྡན་དང་། རིགས་སད་པའི་རྣལ་འབྱོར་དུ་གྱུར། མདོར་ན་སྐུ་ཚེ་དང་སྒྲུབ་པ་མཉམ། ནམ་མཁའ་དང་ལག་འཐིལ་མཉམ། གསེར་དང་བུང་བ་མཉམ། སྣང་སྲིད་དག་པ་རབ་འབྱམས་སུ་ཤར་ཀྱང་གསང་ཆེན་བླ་མེད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་བསྙེན་སྒྲུབ་ཕྲིན་ལས་ཀྱིས་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་དམ་ཁོ་ན་མཛད་པའོ། །
ཐུན་བཞི་དང་ལས་དྲུག་གི་ཐུན་དང་ཐུན་མཚམས་བར་མ་ཆད་པར་མི་ལོ་དྲུག་ཅུའི་རིང་མཛད་དོ། ། མདོར་ན་རྣལ་འབྱོར་པ་འདི་ཉིད་ལས་འབྲས་ལ་ཤིན་ཏུ་ཞིབ་པ། ངེས་ཀྱི་དད་པ་དག་སྣང་ཡང་དག་ལྡན་པ། སྐྱེ་འཆི་ལ་རང་དབང་ཐོབ་པ། དམ་པའི་ཆོས་སྒྲུབ་པ་ལ་བརྩོན་འགྲུས་རྒྱུན་མ་ཆད་པ་མཛད་པ། གཞན་ཁ་དང་ལད་མོའི་གྲགས་རྒྱུགས་ལ་གཏན་ནས་མི་མཛད་པ་ཞིག་ལགས་སོ། ལོ་སྔོན་མར་ཡུལ་ཤུལ་ནང་ཆེན་གྱི་དམ་ཉམས་འགའ་རེས་བསྟན་དཀྲུག་དང་དགེ་འདུན་འཁྲུག་གཞི་ སློང་བའི་རྐྱེན་བྱས་ནས་གློ་བུར་དུ་ཉེ་གནས་བཀྲ་ཤིས་ཆོས་འཕེལ་དང་ཐུབ་བསྟན་འོད་གསལ་སོགས་ལ་་ཞལ་གདམས་གསུངས་ནས་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་ཉ་འམ་རིག་འཛིན་དགའ་རབ་རྡོ་རྗེའི་འཁྲུངས་སྐར་རམ་སྒྲ་བསྒྱུར་མར་པ་ལོ་ཙྰའི་འདས་མཆོད་ཀྱི་སྐབས་སུ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཆོས་སྐུའི་བཞུགས་སྟངས་དང་བཅས་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། ། རྣལ་འབྱོར་པའི་སྐུ་དམར་གདུང་རིང་བསྲེལ་གྱི་ཕུང་པོས་ཕྱུར་བུར་གཏམས་པ་ནི་ད་ལྟ་ཡང་མཇལ་རྒྱུ་འདུག་ཅེས་ཐུབ་བསྟན་དགོན་པའི་མཁན་པོ་འཇམ་དབྱངས་ཀྱིས་གསུངས་སོང་། ། རྣལ་འབྱོར་པའི་ལོ་རྒྱུས་མདོར་བསྡུས་པ་ཞིག་ཅི་དྲན་དུ་དྲི་མེད་ལྷག་བསམ་གྱི་ཡན་ལག་བདུན་པའི་མཆོད་འབུལ་གྱི་རྟེན་དུ་བྲིས་པས་ཉེས་འགལ་ཅི་མཆིས་རྩ་གསུམ་ཆོས་རྣམས་ལ་སྙིང་ནས་བཤགས་སོ་དགེ་བས་ཆོས་མཆེད་གྲོགས་པོ་ཡོངས་ཀྱི་་ཉམས་རྟོགས་ཡར་ཟླ་བཞིན་འཕེལ་བའི་རྒྱུ་རུ་གྱུར་ཅིག་ཅེས་ཤྲྰིས་གུས་ཕུལ། །
དཔལ་དགྱེས་པ་རྡོ་རྗེའི་ལགས་ཀྱི་མཆན་༡༣པའི་ནང་དུ།
“མདོར་ན་བདག་རང་ངོས་ནས་བོད་ནང་འཁོར་ན་མཚན་ཉིད་ཀུན་ལྡན་གྱི་བླ་མ་དམ་པ་འགའ་ཞིག་ བཞུགས་ཡོད་པ་ལས་ཕྱི་རྒྱལ་ཁག་ཏུ་དམ་པའི་ཆོས་ཀྱི་རེ་བཅའ་ས་མེད་པར་ཧ་གོ་སོང་།”
གསུངས་པ་འདི་ནི། ཤིན་ཏུ་ནས་མི་ཐད་པ་དང་། རང་བརྒྱུད་ལ་ཐན་འཁྱེར་ཡོད་མེད་མི་ཤེས་ཀྱང་། ལོག་ལྟ་ནི་རང་གི་ལུས་ལས་ཆེ་བ་ཞིག་ཡོད་པར་མངོན་འདུག་ལགས། དགེ་བར་འགྱུར་ཅིག་གུ། །
༄༅། །ན་མོགུ་རུ། །བླ་ལ་ལུང་ཟིན་སངས་རྒྱས་བཟང་། །བརྟེན་ཅིང་དགོངས་རྒྱུད་རྟོགས་པ་འཕོས། །བཤེས་གཉེན་དམ་པས་ཟིན་པ་ལ། །གང་བྱས་ལེགས་པའི་ལམ་དུ་འགྲོ། །སྟོན་པ་མ་ནོར་ཤཱཀྱ་ཐུབ། །ཡི་དམ་བྱས་ཤིང་དེ་ཡི་གསུང་། །བདེན་ཞིའི་ཉམས་ལེན་བློ་ལྡོག་བཞི། །ཐུགས་བསྟར་བསྟན་པའི་རྩ་བར་ངེས། །སངས་རྒྱས་ཀུན་འདུས་པདྨ་འབྱུང་། །གཙུག་གི་རྒྱན་ཏུ་མཆོད་པ་ཡིས། །མོས་གུས་སྟོབས་ཀྱིས་གྲོལ་བ་ཏེ། །ལམ་མཐུན་གྲུབ་པའི་རྟགས་སུ་ངེས། །རླུང་སེམས་ལས་སུ་རུང་བ་ཡིས། །ཕྱི་རོལ་ནད་གདོན་ཞི་བ་སོགས། །ལས་ཆེན་བརྒྱད་ལ་དབང་བ་སྟེ། །ཐུན་མོང་གྲུབ་རྟགས་ནོར་བ་མེད། །རྙེད་སོགས་ཆོས་བརྒྱད་རོ་སྙོམ་ཞིང་། །ཞུ་བདེའི་དགའ་བཞི་མངོན་གྱུར་ཏེ། །བཞི་བའི་ཡེ་ཤེས་གཉུག་མའི་དོན། །རྟོགས་པ་ཐུན་མིན་གྲུབ་པའི་རྟགས། །འཆི་སོགས་དབང་བཅུར་མངའ་བརྙེས་ཤིང་། །གདུང་ལས་རིང་བསྲེལ་འཕེལ་བ་སོགས། །བྱང་ཆུབ་སེམས་དཔའི་ཁྱད་ཆོས་སྟེ། །འབྲེལ་ཚད་དོན་ལྡན་ཨེ་མ་ཧོ། །བླ་མ་བརྟགས་མཁས་མཁན་པོ་ཆེ། །རྨི་ལམ་དབང་ཕྱུག་ཐུགས་རྗེ་ཆེ། །ལས་འབྲས་མཁྱེན་པའི་དགེ་སྦྱོང་གི། །གསུང་ལ་ཡིད་རྟོན་བྱ་བར་རིགས། །ཞིང་གཤེགས་རྣམ་འབྱོར་ཅེན་པོ་ལ། །དད་པས་ཕྱག་འཚལ་གསོལ་བ་འདེབས། །དགོངས་རྒྱུད་ཡེ་ཤེས་འཕོ་བ་དང་། །མཐོང་ཐོས་དྲན་རེག་གྲོལ་བར་ཤོག །ཅེས་རྨི་ལམ་དབང་ཕྱུག་གིས་མཛད་པའི་རྣལ་འབྱོར་པ་ཆོས་དབྱིངས་རྡོ་རྗེ་མཆོག་གི་རྣམ་ཐར་མཇལ་བའི་མོད་ལ་དྲི་མེད་ལྷག་བསམ་གྱིས་འཕྲལ་བྲིས་བྱས་པ་དགེ། །
དེ་ཡང་རྒྱལ་བ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་དང་དབྱེར་མ་མཆིས་པའི་རྫོགས་པའི་སངས་རྒྱས། མཉམ་མེད་ཤྰཀྱ་སེངྒེ་མཆོག་གི་ཁྱད་ཆོས་ལས་ཐུན་མིན་རྣམ་ཀུན་མཆོག་ལྡན་བདེ་གཤེགས་སྙིང་པོའི་རང་བཞིན་གྱི་བདག་ཉིད་རྡོ་རྗེའི་ལུས་ཕུང་འདི་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཁམས་དང་སྙིགས་མ་མ་དག་པ་སྦྱང་བྱ།སྦྱངས་འབྲས་མངོན་འགྱུར་བཅས།དཔེ་དོན་སྦྲེལ་བའི་སྒོ་ནས་རྗེ་བླ་མ་ཁོང་ཉིད་ཀྱིས་ཉུང་བསྡུས་ཞིག་ད་རིས་སྐབས་སུ་བབས་པ་ལ་བཀོད་པར་བྱ། རྩ་བརྒྱུད་བླ་མས་གནང་བར་མཛད་དུ་གསོལ། རྣལ་འབྱོར་པ་ཆོས་དབྱིངས་རྡོ་རྗེའི་ཉམས་སད་ཀྱི་མགུར་འབུམ་ལས་བཏུས་པ་ཡིན།
ཉམས་མགུར་དཔེ་དོན་ངོ་སྤྲོད་རིན་ཆེན་མེ་ལོང་ཞེས་བྱ་བ། །
ཀྱེ་མ་སྐྱོ་བའི་སེམས་དཔའ། །བདག་གི་སྙིང་ལ་ཤར་སོང་། །ཡ་ཀི་དགུང་སྔོན་དབྱིངས་ནས། །ཉི་ཟླ་སྐར་གསུམ་རང་བཞིན། །བཀྲག་མདངས་རང་བཞིན་གྲུབ་ཀྱང་། །ལྷོ་སྤྲིན་འཐིབ་པོས་སྒྲིབ་པས། །ཟེར་མདངས་མངོན་པར་དཀའ་འདུག །མ་ཀི་ས་ཡི་འོག་ཏུ། །རྩེ་བཅུད་འབྲས་བུ་རྒྱས་པའི། །རྩ་བ་སྙིང་པོ་ལྡན་ཡང་། །གྲང་རླུང་ངད་ཀྱིས་བཅོམ་པས། །ལོངས་སྤྱོད་ཐོབ་པར་དཀའ་འདུག །བར་གྱི་སྐྱེ་འགྲོའི་ཁམས་ལ། །དཀོན་མཆོག་རྒྱལ་བའི་དཀྱིལ་འཁོར། །རང་བཞིན་ལྷུན་གྱིས་གྲུབ་ཀྱང་། །མ་རིག་སྒྲིབ་གཉིས་དབང་གིས། །མངོན་སུམ་མཇལ་བ་དཀའ་འདུག །རང་ལུས་ཕུང་ཁམས་འདི་ལ། །རྩ་ཐིག་རླུང་གསུམ་དྭངས་མའི། །བདེ་ཆེན་རང་བཞིན་བཞུགས་ཀྱང་། །གཟུང་འཛིན་འཁྲུལ་པའི་དབང་གིས། །བདེ་ཆེན་ཐོབ་པར་དཀའ་འདུག །འོན་ཀྱང་སྡུག་བསྔལ་བདེ་བསྒྱུར། །ཐབས་དང་རྟེན་འབྲེལ་འགྲིག་ན། །ཨེ་མ་ཡ་མཚན་སེམས་དཔའ། །བདག་གི་སྙིང་ལ་ཤར་གདའ། །མཁའ་རླུང་རྟེན་འབྲེལ་འབྱུང་ན། །ཡ་ཀི་དགུང་སྔོན་དབྱིངས་ཀྱི། །ལྷོ་སྤྲིན་སྒྲིབ་པའི་སྐྱོན་དེ། །སྤྲིན་ཚོགས་རང་སར་དྭངས་པའི། །ཉི་ཟླ་གཟའ་སྐར་བཀྲག་མདངས། །ཇི་བཞིན་མངོན་སུམ་འཆར་ཡོང་། །མ་ཀི་ས་གཞི་འདི་ཡི། །གྲང་ཆག་ངད་རྐྱེན་ཞི་བྱེད། །ནམ་ཟླའི་དྲོད་རླུང་རྒྱས་པའི། །འབྱུང་བཞི་རྟེན་འབྲེལ་འབྱུང་ན། །རྩི་བཅུད་འབྲས་བུ་རྒྱན་པའི། །རོ་བཅུད་མངོན་སུམ་མྱོང་ཡོང་། །བར་གྱི་འགྲོ་ཁམས་འདི་ཡི། །མ་རིག་སྒྲིབ་གཉིས་སྐྱོན་འདི། །དད་མོས་དག་སྣང་ལྡན་པས། །ཚོགས་བསགས་སྒྲིབ་སྦྱོང་བརྩོན་ན། །རྟེན་འབྲེལ་དག་སྣང་ངང་ནས། །དངོས་གྲུབ་མངོན་སུམ་འབྱུང་ཡོང་། །འགྲོ་བའི་ལུས་ཁམས་འདི་ཡི། །སྐྱེ་རྒ་ན་འཆི་ལ་སོགས། །སྡུག་བསྔལ་མང་ལྡན་འདི་དག །སྡུག་བསྔལ་བདེ་བ་བསྒྱུར་པའི། །རྩ་ཐིག་ལས་སུ་རུང་བའི། །གསང་ཆེན་རྒྱུད་སྡེའི་དགོངས་དོན། །ཐབས་ལམ་བདེ་ཆེན་རང་བཞིན། །དབུ་ཕྱག་རྫོགས་པ་ཆེན་པོའི། །འོད་གསལ་རང་བཞིན་དཀྱིལ་འཁོར ། །རང་མདངས་མངོན་སུམ་གྱུར་ན། །སྙིགས་མའི་ཕུང་ཁམས་འདི་དག །དྭངས་མའི་ལྷ་སྐུར་དག་ནས། །སྐྱེ་འཆི་བགྲེས་རྒུད་བྲལ་བའི། །རྡོ་རྗེ་སྐུ་མཆོག་ཐོབ་ནས། །རང་གཞན་དོན་གཉིས་འགྲུབ་པའི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན། །འཕྲིན་ལས་མངའ་དབང་འབྱོར་ཡོང་། །ཨེ་མ་ཧོ་ལ་དགའ་འོ། །མངོན་སུམ་རང་ཡིད་ཆེས་པའི། །བདེན་དོན་འགྲུབ་པར་ཤོག་ཅིག ། ཅེས་པ་དུང་དཀར་མཚོའི་ཡུལ་སྡེ་དབེན་གནས་བཀྲ་ཤིས་ཆོས་གླིང་ནས་རིན་ཆེན་ཆོས་དབྱིངས་རྡོ་རྗེ་ཞེས་བྱ་བས་དཔེ་དོན་ངོ་སྤྲོད་དམ་ཆོས་ངེས་དོན་དང་མཐུན་པར་སྦྱར་པའོ། །
རང་གཞན་དོན་གཉིས་འགྲུབ་པའི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན། །འཕྲིན་ལས་མངའ་དབང་འབྱོར་ཡོང་། ཨེ་མ་ཧོ་ལ་དགའ་འོ། ཞེས་པ་འདི་མཁན་ཆེན་རང་ལ་གདམས་པ་ཡིན་པ་འདྲ། ཡག་པོ་ཚོར་སོང་། བཀའ་དྲིན་ཆེ།
ཅོལ་ཆུང་འུར་སྒྲོག་གི་ཁྱབ་བསྒྲགས་རེད། དེ་འདྲ་བླ་མ་ཞིག་དེང་སང་བྱུང་མྱོང་མེད་པ་རེད། ལྷ་མཐོང་འདྲེ་མཐོང་ཚོ་ལྐོག་གྱུར་འབའ་ཞིག་ལས་མ་མཐོང་ངོ་། །
རྭ་ཧུ་ལས།
མ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།
མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།།
སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།།
དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།།