ཨ་འདུས་མིག་ཆུ
ཤར་ལམ་བརྟོལ་བའི་ཉི་རྩེ་དམར་པོའི་མདངས།།
གསེར་ཏོག་རྒྱན་ལ་ཕོགས་པའི་ལམ་ལམ་འོད།།
འདྲེན་བྱེད་ཕྲེང་བར་གསལ་བའི་སྣང་བ་དེ།།
ད་ལྟ་དྲན་ན་འགྲོ་བའི་འདུན་པ་ལྕི།།
ཚུལ་ཁྲིམས་ངད་ཀྱི་དྲི་བསུང་རབ་ཏུ་འཐུལ།།
མདོ་སྔགས་གཙང་མའི་རྒྱ་མཚོ་ཐུགས་ན་གཏམས།།
བཤེས་གཉེན་འདུལ་འཛིན་མང་བའི་ནོར་བུ་གླིང།།
བྲལ་དགོས་བྱུང་བའི་ལས་འདི་ཀྱེ་མ་ཧུད།།
ངུར་སྨྲིག་གོས་ཀྱིས་བཀླུབས་པའི་འདུས་མང་སྡེས།།
བདག་མེད་ཕྲ་རགས་དཔྱོད་པའི་རྩོད་དབྱངས་སྒྲ།།
དྲི་ཟའི་དབྱངས་ལ་ཅོ་འདྲིའི་ངང་ཚུལ་དཔལ།།
དྲན་ཞིང་དྲན་ན་མིག་ཟུང་མཆི་མ་བསྙིལ།།
ཕྱི་རུ་སྐྱོད་པའི་གོམ་སྟབས་རབ་ཏུ་དུལ།།
ནང་དུ་ཚོགས་པའི་གསུང་དབྱངས་རྣ་ལ་སྙན།།
གྲལ་ལ་འཁོད་པའི་བཞུགས་སྟངས་མིག་ལ་མཛེས།།
འདི་ལྟར་དྲན་ན་བདག་སྙིང་ཁ་ནས་ལུད།།
ཐར་བའི་གྲོང་ལ་སྙེག་པའི་དམིགས་འདུན་ཆེ།།
འགྲོ་རྣམས་སྒྲོལ་བར་བསམ་པའི་ཐུགས་རྒྱ་ཡངས།།
ཆོས་ཀུན་གནས་ལུགས་འཚོལ་བའི་དཔྱོད་ཤེས་ཟབ།།
མང་དང་མཐུན་པར་གསུངས་པའི་གཤིས་སྤྱོད་བཟང་།།
མེས་པོ་གོང་མའི་རིག་གཞུང་རྒྱུན་སྐྱོང་མཛད།།
དེང་རབས་གསར་བའི་ལེགས་ཆ་ནང་དུ་སྡུད།།
ཉེར་གཅིག་དུས་རབས་གསར་བའི་རབ་བྱུང་བ།།
འདབ་ཟུང་ལྡན་པའི་དུས་རབས་མྱི་རུ་བསྐྲུན།།
འདྲེ་སྲིན་འབྱུང་བོའི་ཚོགས་ཀུན་རྒྱང་ལ་སྤྱུགས།།
༸རྒྱལ་བའི་གསུང་གི་བདུད་རྩི་ཉམས་སུ་བཞེས།།
བླང་དོར་ལེགས་པའི་ལམ་ལ་བསྐྱོད་པ་ཡིས།།
བསྔགས་བརྗོད་དད་པའི་མེ་ཏོག་ངང་གིས་འཐོར།།
༸གོང་ས་ཆེན་པོར་བཅངས་པའི་དད་པ་བརྟན།།
རང་རིགས་སྤུན་ཟླར་དུངས་པའི་ཞེན་པ་དཀར།།
གངས་ལྗོངས་གསར་བ་བསུ་བའི་མོས་འདུན་ཟབ།།
དབུ་མའི་ལམ་བཟང་བགྲོད་ལ་ལྷག་པར་དགྱེས།།
བསླུ་མེད་མཆོག་གསུམ་དད་པའི་གཙུག་ཏུ་བཀུར།།
ཆོས་ཀུན་བདེན་པས་སྟོང་བའི་ངེས་ཤེས་རྙེད།།
ལས་འབྲས་ལྡོག་ཏུ་མེད་པ་ཡིད་ལ་དྲན།།
མ་གྱུར་འགྲོ་བའི་སྡུག་བསྔལ་ཁུར་དུ་འཁྱེར།།
བགྲེས་སོང་རྣམ་པས་གནས་ལུགས་རྟོགས་ལ་འབད།།
གཞོན་རབས་ཚོགས་ནི་རྩོད་པའི་གནས་ལ་བྲེལ།།
ལོ་ཆུང་རྣམ་ནི་ཐོོས་བརྩོན་ལམ་ལ་ཞུགས།།
འདི་ལྟའི་ནོར་གླིང་གྲྭ་ཚང་ལྷག་ཏུ་དྲན།།
མཐའ་བཞི་མ་ལུས་ལྗོན་ཚལ་སྟུག་པོས་མཛེས།།
མིས་བཟོས་སྤང་ལྗོངས་སྔོན་མོ་ཡིད་དུ་འོང།།
འཆི་མེད་ཕོ་བྲང་ས་ལ་བཀོད་འདྲ་བའི།།
དགའ་ཤར་ཆོས་གྲྭ་ཆེན་མོ་སྙིང་ན་བཞད།།
ནམ་མཁའི་དབྱིངས་སུ་ཆུ་འཛིན་དལ་གྱིས་རྒྱུ།།
ས་འཛིན་སྒེག་མོ་སྔོ་ལྗང་གོས་ཀྱིས་བཀླུབས།།
སྣ་ཚོགས་མེ་ཏོོག་རྒྱན་དུ་བྱས་པ་ཡི།།
ཡངས་པའི་སྤང་ཐང་ཆེན་མོའི་དཀྱིལ་དབུས་ནས།།
སེམས་པ་དམར་པོ་ལྷོ་རུ་ཤོར་བའི་ཚེ།།
དྲན་པའི་གདུང་བ་མ་ལུས་ཐམས་ཅད་ཀུན།།
ལྡེམ་རྩལ་རབ་ཏུ་རྒོད་པའི་སྨྱུག་རྩེ་ནས།།
ཤོག་དཀར་ལེབ་མོའི་སྟེང་ན་བརྗོད་ལ་འབད།།