བཅར་འདྲི་མཁན། སྨྲེང་བུ།
དྲི་བ། འཆི་མེད་ལགས། ཁྱེད་རང་སྙན་ངག་གསར་རྩོམ་གྱི་ལམ་དུ་གོམ་ཁ་བསྒྱུར་འགོ་ཚུགས་པའི་དུས་སྐབས་ནི་ནམ་ཡིན།
ལན། དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བ་དང་དགུ་ཅུ་བའི་ནང་སྔར་བྱུང་མ་མྱོང་བའི་གསར་རྩོམ་གྱི་རྣམ་པ་ཞིག་གིས་བོད་ཀྱི་རྩོམ་སྟེགས་ཧྲིལ་བོ་སྐྱོམ་པར་བྱས་ཤིང༌། དེ་དང་དུས་མཉམ་དུ་བོད་རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་བསམ་བློ་གསར་བ་དང་དངོས་ཡོད་འཚོ་བ། དུས་རབས་ཀྱི་རེ་སྙེག་དང་སྙིང་སྟོབས་མངོན་པར་མཚོན་པའི་བརྩམས་ཆོས་མང་དུ་བྱུང་བ་དེས་བོད་ཀྱི་རྩོམ་རིག་གོང་དུ་སྤེལ་བར་ཚད་ངེས་ཅན་ཞིག་གི་སྟེང་ནས་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད་ངེས་རེད་ལ། དེ་བཞིན་དུ་ང་ལ་མཚོན་ནའང་དུས་རབས་དེ་དང་ལོ་རབས་དེའི་ནང་བྱུང་མྱོང་བའི་སྐྱེས་པ་སྙན་ངག་སྨྲ་བ་དག་དང་མཉམ་དུ་འཚར་ལོངས་བྱུང་ཞིང༌། མཉམ་དུ་རྒས་པའི་བུད་མེད་གསར་རྩོམ་ལ་མོས་པ་ཡོད་མཁན་གྱི་མི་རབས་དང་པོའི་གྲས་ཤིག་ཡིན་པའི་ཆ་ནས། སྐབས་དེ་ནི་ང་རང་སྙན་ངག་གསར་རྩོམ་གྱི་ལམ་དུ་གོམ་ཁ་བསྒྱུར་འགོ་ཚུགས་པའི་དུས་སྐབས་སུ་ངོས་འཛིན་བྱས་ཆོག་པར་འདོད། མ་ཟད་ང་ལ་གསར་རྩོམ་གྱི་དཀྱོགས་མཚམས་ཤིག་ངེས་པར་བརྗོད་དགོས་ཟེར་ན། ང་ལ་མཚོན་ན་མངོན་གསལ་གྱི་དཀྱོགས་མཚམས་ཤིག་ངོས་འཛིན་དུ་མེད་ནའང༌། ལོ་ན་གཞོན་དུས་བྲིས་པའི་སྙན་ངག་ཕལ་མོ་ཆེ་ཞིག་ནི་མི་རང་ཉིད་ཀྱི་བརྩེ་དུང་གི་ཐོབ་ཤོར་དང་གྱེས་བྲལ་གྱི་གདུང་བ་སོགས་རང་སྒེར་གྱི་སེམས་འགྱུ་ཕྲ་མོ་དག་བརྗོད་བྱར་བཀོད་པའི་དུངས་བརྗོད་སྙན་ངག་རྐྱང་རྐྱང་ཡིན་ལ། ལོ་དང་ན་ཚོད་ཀྱི་དབང་གིས་ཡིན་ནམ་ཅི། ན་ནིང་དོ་ཚིགས་བྲིས་པའི་སྙན་ངག་རེ་གཉིས་པོའི་བརྗོད་བྱར་འགྱུར་བ་ཐེབས་པ་མངོན་གསལ་རེད་ཅེས་ཀློག་མཁན་མི་ཉུང་བ་ཞིག་གིས་གླེང་གིན་འདུག་པས། ང་ལ་མཚོན་ན་སྙན་ངག་གི་བརྗོད་བྱར་འགྱུར་བ་ཐེབས་པའི་གནས་སྐབས་དེ་ནི་གསར་རྩོམ་གྱི་དཀྱོགས་མཚམས་ཤིག་ལ་ངོས་འཛིན་དགོས་ནི་ཨེ་ཡིན་ནམ་སྙམ།
དེ་བཞིན་སྙན་ངག་ཟེར་བའི“ལན་ཆགས”དེ་ང་རང་གིས་བརྗེད་མ་ཐུབ་པ་དང་འདོར་མ་ཐུབ་པའི་རྒྱུ་མཚན་དེ་གླེང་དགོས་ན།
སྤྱིར་བྱིས་དུས་ཀྱི་འཚོ་བ་ནི་འཇའ་ཚོན་དང་རྨི་ལམ་ནང་བཞིན་མཛེས་སྡུག་ལྡན་ལ་ཡིད་དུ་འོངས་པ་ཞིག་ཡིན་ནའང༌། ང་ལ་མཚོན་ན་སྐལ་བ་དེ་རག་མ་ཐུབ་སྟེ། ངའི་དྲིན་ལྡན་གྱི་ཕ་མ་གཉིས་པོ་ཡང་གཞན་དང་གཞན་གྱི་ཕ་མ་ནང་བཞིན་ཡ་ང་བའི་ལོ་ཟླ་དེ་དག་རིམ་པར་བརྒྱུད་ཅིང༌། གྲལ་རིམ་འཐབ་རྩོད་ཀྱི་བུ་ཡུག་དེ་ངའི་ཕ་མ་གཉིས་པོའི་མགོ་ནས་འཚུབ་པས། མི་ལོ་བཅུ་ལ་ངའི་ཕ་ལོ་ཁྲི་མུན་ནས་ལུས་ཤིང༌། ཞིང་གྲོང་གི་བུད་མེད་ཕལ་བ་ཞིག་སྟེ་ངའི་མ་ལོས་ཀྱང་མི་ལོ་བཅུ་ལ་ཉིན་དང་མཚན་བཞིན་རྫོགས་རྒྱུ་མེད་པའི་འཐབ་རྩོད་དང་སྡུག་ལས་མང་པོ་མྱངས་ནས་ཁོ་མོའི་ལང་ཚོ་རིམ་གྱིས་ཟད། དེ་ལྟར་ང་རང་མོ་ལོ་བཅོ་ལྔར་བུད་དུས་སྙིང་ནས་བརྩེ་བའི་ཕ་མ་གཉིས་པོས་ནར་མ་སོན་པའི་ངེད་ཅག་མིང་སྲིང་བཞི་བོར་བྱམས་བརྩེའི་ལག་འཇུ་ལྷོད་ནས་སོང༌། དུས་དེ་ནས་ངེད་ཚོས་མི་ཡུལ་གྱི་ཚ་སྐྱུར་མངར་གསུམ་གྱི་བྲོ་བ་མ་མྱངས་པ་མེད་ལ། ངེད་ཅག་མ་བརྒྱུད་པའི་དཀའ་སྡུག་གི་ལམ་བུའང་གང་ཞིག་ཡོད། དེ་ལྟར་ངེད་ཅག་ནར་སོན་པའི་གོ་རིམ་ནི་དེ་འདྲའི་ཡ་ང་བ་ཞིག་རེད་ཨང༌།
དེ་བས་གཉོམ་ལག་མ་རྒྱས་པའི་ན་ཆུང་གི་སེམས་ཁམས་ཤིག་དེ་ལྟར་རྨེག་མེད་བཅོམས་ཤིང༌། བརྩེ་དྲོད་ཀྱིས་བཏང་ཞིང་རེ་ས་དང་རྟེན་ས་མེད་པའི་ཉམ་ཆུང་གི་རྣམ་ཤེས་ཕྲ་མོ་ཞིག་ལ་ནམ་ཡང་སོས་སུ་མེད་པའི་རྨ་ཁ་ཟབ་མོ་ཞིག་བཏོད་པས། མི་ལོ་སུམ་ཅུ་ནི་དུས་ཡུན་ཐུང་ཐུང་ཞིག་མིན་ནའང༌། ཡིད་ལ་བརྣག་པའི་འདས་དོན་དེ་སྐར་ཆ་ཙམ་ལའང་ངའི་སེམས་ངོ་ནས་དོར་མ་མྱོང་ལ། འདས་དོན་དེ་ད་ལྟ་ད་དུང་ཡང་གཟུགས་ཅན་བཞིན་དུ་ངའི་སྣང་ངོ་ན་རྒྱུ་ཞིང༌། དེས་ནམ་ཡང་ངའི་རུས་རྐང་གི་ཟབ་སར་ཚ་འདྲི་དང་གསལ་འདེབས། ཡང་ན་བཟོད་དུ་མེད་པའི་མནར་གཅོད་ཡང་ཡང་གཏོང་བས། སྙན་ངག་ཅེས་པའི་སྐྱིད་སྡུག་འཆད་སའི་སྙིང་གྲོགས་ཤིག་ངེས་པར་མཁོ་ཞིང༌། དེ་ཁོ་ནས་ད་གཟོད་ངའི་སེམས་པར་ལོག་མལ་དང་དབུགས་དབྱུང་སྟེར་ཐུབ་པས་ཡིན།
(མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན《བུད་མེད་དང་འཇོན་ཐང་བར་གྱི་གླེང་མོལ སྐྱེས་མ་ཞིག་གི་མི་ཚེའི་གཏམ་རྒྱུད》ཅེས་པའི་སྐབས་སུའང་ང་རང་ཆུང་དུས་ཀྱི་འཚོ་བ་ཞིབ་ཏུ་ངོ་སྤྲོད་བྱས་ཟིན་པས་ཀློག་མཁན་འགའ་རེས་ཐོས་ཡོད་ཀྱང་སྲིད)
དྲི་བ། སྤྱི་ལུགས༡༩༩༧ལོའི《གངས་རྒྱན་མེ་ཏོག》དེབ་བཞི་པའི་སྟེང༌།ང་རང་གིས《སྙན་ངག་གི་རྒྱབ་ལྗོངས་ཁྲོད་ཀྱི་གོ་བ་ཕྲན་བུ པད་མ་འཚོའི་སྙན་ངག་ལ་དམིགས་པ》ཞེས་པའི་དཔྱད་བརྗོད་ཐུང་ངུ་ཞིག་སྤེལ་བ་ཡིན། དེའི་ནང་དུ། འཆི་མེད་ཀྱི་སྙན་ངག་གི་ཁམས་སུ་འཐིམས་པའི་ཁྱད་ཆོས་གཙོ་བོ་དེ་སྒུག་འབོད་དང་བཟོད་སྒོམ། རྨི་ལམ་བཅས་ཀྱིས་གྲུབ་
ཡོད་པའི་ལྟ་ཚུལ་བཏོན། དེ་ནས་ད་ལྟའི་བར་ལོ་ངོ༡༤ལྷག་འགོར་སོང་ཡང༌། ཁྱེད་ཀྱིས་དཔྱད་ན་ད་དུང་དེ་འདྲ་ཞིག་ཨེ་ཡིན། ཁྱད་ཆོས་གཞན་ཞིག་ཁ་སྣོན་རེ་རྒྱག་དགོས་ན་དེ་ནི་གང་ཡིན།
ལན། ཁྱེད་རང་ཀློག་པ་པོ་ཞིག་གི་ལངས་ཕྱོགས་ནས་བསྡད་དེ་ངའི་སྙན་ངག་ནི་སྒུག་འབོད་དང་བཟོད་སྒོམ། རྨི་ལམ་བཅས་ཀྱིས་གྲུབ་ཡོད་པའི་ལྟ་ཚུལ་བཏོན་པར་ང་རང་ཤིན་ཏུ་འཐད་དེ། དེ་ནི་ཁྱེད་རང་ཡང་ཀློག་པ་པོ་ཡིན་པས་སོ།
ཁྱེད་ཀྱི་ལྟ་ཚུལ་དེ་བཏོན་ནས་ལོ་ངོ་བཅུ་བཞི་ལྷག་འགོར་སོང་ཡང༌། ངའི་བརྩམས་ཆོས་ཀྱི་ཁྱད་ཆོས་གཙོ་བོ་དེ་ད་དུང་ཡང་སྔར་བཞིན་ཁྱེད་ཀྱི་སྡོམ་ཚིག་དེ་ལས་འདའ་ཐུབ་མེད་པ་རེད། ཡིན་ནའང༌། ཁྱད་ཆོས་གཞན་ཞིག་ཁ་སྣོན་བྱེད་དགོས་ན། དེ་ནི་ངའི་བསམ་བློ་སྨིན་ཙམ་གྱི་ཁྱད་རྟགས་སུ་རྩོམ་གྱི་བརྗོད་བྱར་འགྱུར་བ་ཐེབས་པ་དེར་ངོས་འཛིན་རྒྱུ་ལས་གཞན་མེད་པས། དེ་ཡང་ཁྱོད་ཀྱི་མྱོང་བ་བཞིན་གོ་བ་བླངས་ཆོག
དྲི་བ། ཚེ་གྲུབ་ལགས་ཀྱིས《སོ་ལྟ་དང་གཟབ་ཉན》ཞེས་པའི་ནང་དུ། འཆི་མེད་ནི་སྙན་ངག་གི་ལམ་དུ་ཞུགས་མ་ཐག་ནས་རྒོལ་སེམས་ཀྱི་འདུ་ཤེས་དྲག་པོ་ལྡན་པ་ཞིག་སྟེ། མོས་གསར་རྩོམ་བྱས་པའི་སྙན་ངག་མང་བོར་མི་ཆོས་དང་མི་མཐུན་པའི་སྲོལ་རྒྱུན་གྱི་ལྟ་བ་རྙིང་བར་རྒོལ་བའི་འདུ་ཤེས་དྲག་པ་ལས་གཞན། རང་བཀུར་རང་གཅེས་ཀྱི་འདུ་ཤེས་ཀྱང་རུས་རྐང་དུ་སིམ་འདུག ཅེས་དཔྱད་པའི་ལྟ་བ་དེར་ཁྱེད་རང་མོས་མཐུན་ཨེ་ཡོད།
ལན། ཚེ་གྲུབ་ལགས་ཀྱི་ལྟ་བ་དེར་ལན་ཇི་ལྟར་འདེབ་དགོས་ངས་ཀྱང་མི་ཤེས། ཡིན་ནའང་ཁོང་གིས་བཏོན་པའི་རང་བཀུར་རང་གཅེས་ཀྱི་འདུ་ཤེས་ཤིག་རུས་རྐང་དུ་སིམ་འདུག་ཅེས་པར་ང་རང་མོས་མཐུན་ཡོད། རྒྱུ་མཚན་ནི་འདུ་ཤེས་དེའི་རིགས་ནི་ང་ཚོའི་སུ་ལའང་ངེས་པར་ལྡན་དགོས་པའི་སེམས་ཀྱི་འཁྱེར་སོ་ཞིག་མ་ཡིན་ནམ། འོན་ཀྱང༌། སྙན་ངག་མང་བོར་མི་ཆོས་དང་མི་མཐུན་པའི་སྲོལ་རྒྱུན་གྱི་ལྟ་བ་རྙིང་བར་རྒོལ་བའི་འདུ་ཤེས་དྲག་པོ་ལྡན་ཞེས་པའི་ལྟ་བ་དེར། ཚེ་གྲུབ་ལགས་ལ་ཁོ་རང་ཉིད་ཀྱི་གནས་ལུགས་ཤིག་ཡོད་དུ་ཆུགས་ཀྱང༌། ད་ལྟ་ཕྱིར་དྲན་ཞིག་བྱས་ན་ངས་ནི་རང་ཉིད་ཀྱི་ཨ་གསར་གྱི་བསམ་པའི་འཆར་སྒོ་ཙམ་ལ་ངོས་འཛིན་གྱི་ཡོད། སྲོལ་རྒྱུན་གྱི་ལྟ་བ་རྙིང་པ་ཞེས་པ་དེ་ཡང་སྤྱི་ཚོགས་ཧྲིལ་བོའི་སྣང་ཚུལ་ཞིག་ཡིན་པས། ང་ལ་དམིགས་བསལ་རྒོལ་རྒྱུ་ཡོད་པ་ཞིག་མ་རེད། དེ་བས་དྲི་བ་འདིའི་སྐོར་གཞན་དང་(མཚོ་སྔོན་བོད་སྐད་བརྙན་འཕྲིན་འཆད་ཁྲིད་མུན་སེལ་སྒྲོན་མེའི་ལེ་ཚན་ནང་〈〈བོད་རིགས་བུད་མེད་ཀྱི་ཐོབ་ཐང་〉〉ཞེས་པའི་འཆད་འཁྲིད་སྐབས་དང་〈〈བོད་མོའི་དོགས་གཞི་དང་ཐུན་མོང་གི་ལྟ་ཚུལ〉〉ཞེས་པའི་དཔེ་དེབ་སོགས་སུ་ཞིབ་ཏུ་གླེང་ཡོད)གཞན་ན་ང་རང་གིས་ལན་ཁ་གསལ་རེ་བཏབ་ཡོད་པས་འདིར་བསྐྱར་ཟློས་མི་བྱེད་དོ།
དྲི་བ། དེ་སྔོན་ཁ་པར་འཕྲིན་ཐུང་གི་ལམ་ནས། ཇི་སྐད་དུ། རང་ཉིད་རང་གི་མགོན་ཡིན་ཞེས་པའི་ལེགས་བཤད་དང་འདྲ་བར། ཁྱེད་ཀྱིས་རང་ཉིད་ནི་རང་གི་ཆེས་ཡག་ཐག་ཆོད་པའི་ཀློག་པ་པོ་ཡིན་ཞེས་ལྟ་ཚུལ་བརྟན་སྲུང་བྱས་ཚུལ་དེ་དྲན་སོས་ཀྱིན་འདུག་གམ། ཁེར་རྐྱང་གི་རྩོམ་པ་པོ་དང་སྙན་ངག་པ་ཞིག་ལ་མཚོན་ན། སེམས་ཀྱི་རྒྱབ་རྩ་ནོན་པའི་ཀློག་པ་པོ་དེ་སུ་ཡིན་ནམ།
ལན། དེ་ལོས་དྲན། ངས་ནི་ནམ་ཡང་རང་ཉིད་རང་གི་བློས་ཐུབ་ཀྱི་ཀློག་པ་པོ་ཞིག་ལ་སེམས་ཡོད། རྒྱུ་མཚན་ནི། བརྩམས་ཆོས་ཁག་ཅིག་རྩོམ་མཁན་རང་ཉིད་ཀྱི་མྱོང་བྱ་ཡིན་པ་ལས་ནམ་ཡང་གཞན་ལ་འགྲེལ་དུ་མེད་པས་མ་ཡིན་ནམ། དཔེར་ན། ངས་ལོ་ངོ་བཅུ་ཁ་ལྷག་གི་ཡར་སྔོན་ལ་བྲིས་པའི་སྙན་ངག་〈〈འབྲི་མོ〉〉(ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་དུ་བཀོད)ཞེས་པ་བཀླགས་ན་ད་ལྟ་ད་དུང་ཡང་མཆི་མ་དབང་མེད་དུ་ལྷུང་ཞིང་ཡིད་སེམས་སྐྱོ་ལྷང་ལྷང་ཞིག་རེད། ཡིན་ནའང་ཀློག་མཁན་གཞན་ལ་ཚོར་བ་དེ་འདྲ་ཞིག་ཡོད་ཐུབ་རྒྱུ་ཨེ་རེད། དེ་གཏན་ནས་ཡོད་ཐུབ་རྒྱུ་མ་རེད། སེམས་ལ་ན་ཟུག་སློང་བའི་ཚོར་བ་དེ་འདྲ་ང་རང་ཁོ་ནས་མ་གཏོགས་རྙེད་མི་ཐུབ་པས་ན། ང་ནི་རང་ཉིད་ཀྱི་ཀློག་པ་པོ་མ་ཡིན་ནམ། ཡང་ཅིག་བཤད་ན། ང་རང་ཉིད་ཀྱི་བརྩམས་ཆོས་དེ་ལ་སྒྱུ་རྩལ་མཚོན་ཐབས་དང་ཡང་ན་ཡིག་རྩལ་སོགས་གང་གི་ཆ་ནས་ཤིན་ཏུ་ལྷོད་པས་བརྗོད་འདོད་པ་གང་དེ་ཇི་བཞིན་དུ་ཡིག་ངོར་ཕབ་མ་ཐུབ་པས་ཡིན་ནའང་ཐང༌། ཡང་ན་“ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་ན།། དེ་ལྟར་མཁས་པའི་ངག་ནི་ལྐུག་པར་འགྱུར།།”ཅེས་པ་ལྟར་ཚོར་བ་དེ་སྨྲ་བསམ་བརྗོད་མེད་ཅིག་ཏུ་སོང་ཡོད་ནའང་འདྲ། ཡང་ན་སྙན་ངག་དེའི་རྒྱབ་ལྗོངས་ང་རང་ཁོ་ནར་ངེས་པས་ཡིན་ནའང་ཆོག གང་ལྟར་ང་ལ་ནི་གཞན་སུ་ལའང་ཡོད་མ་མྱོང་བའི་ཚོར་བ་ཞིག་ཡོད་པས། གལ་ཏེ་ཀློག་མཁན་ལ་གཙོ་ཕལ་དབྱེ་དགོས་པའི་དབང་དུ་བཏང་ན་རང་ཉིད་ནི་གཙོ་བོ་དང༌། གཞན་རྣམས་ནི་ཕལ་བར་འདོད་དོ།
ཚོགས་འདུར་ཁྱེད་རང་དཔྱད་འདེམ་པ་ཞིག་གི་ཚུལ་དུ་ཞུགས་ཡོད།ཁྱེད་ལ་མཚོན་ན། ཚོགས་འདུ་དེའི་སྟེང་གི་ཚོར་སྣང་ཆེ་ཤོས་དེ་གང་ཡིན། དཔྱད་འདེམ་པ་རེ་གཉིས་ཀྱིས་ཐེངས་དེའི་འགྲན་རྩོད་ལ་ཕུལ་བའི་རྩོམ་ཡིག་ཕལ་མོ་ཆེར་སྐྱེས་མའི་བྲོ་ཉམས་མི་འདུག་ཅེས་བསམ་འཆར་བཏོན་པ་དེར་ལྟ་ཚུལ་གང་འདྲ་ཡོད།
དྲི་བ། སྤྱི་ལུགས༢༠༡༡ལོའི་ཟླ་བཞི་པར་ཟི་ལིང་དུ་འཚོགས་པའི“བྱམས་བུད་མེད་རྩོམ་རིག་བྱ་དགའ”སྩོལ་བའི་ཚོགས་འདུར་ཁྱེད་རང་དཔྱད་འདེམ་པ་ཞིག་གི་ཚུལ་དུ་ཞུགས་ཡོད།ཁྱེད་ལ་མཚོན་ན། ཚོགས་འདུ་དེའི་སྟེང་གི་ཚོར་སྣང་ཆེ་ཤོས་དེ་གང་ཡིན། དཔྱད་འདེམ་པ་རེ་གཉིས་ཀྱིས་ཐེངས་དེའི་འགྲན་རྩོད་ལ་ཕུལ་བའི་རྩོམ་ཡིག་ཕལ་མོ་ཆེར་སྐྱེས་མའི་བྲོ་ཉམས་མི་འདུག་ཅེས་བསམ་འཆར་བཏོན་པ་དེར་ལྟ་ཚུལ་གང་འདྲ་ཡོད།
ལན། སྐབས་དེར་དཔྱད་འདེམ་པ་རེ་གཉིས་ཀྱིས་བཏོན་པའི་བསམ་འཆར་དེར་ང་རང་ཡང་ཤིན་ཏུ་མོས་མཐུན་ཡོད་ལ། དེ་བཞིན་ང་ལའང་ཁོ་ཚོ་ནང་བཞིན་གྱི་བསམ་ཚུལ་དེ་འདྲ་སྐྱེས་སོང༌། དེའི་སྟབས་ཀྱིས་ཚོགས་འདུའི་སྐབས་སུ་ངས་ཀྱང་ཐེངས་དེའི་དཔྱད་འདེམ་པ་ཞིག་གི་ངོས་ནས། དཔྱད་འདེམ་གྱི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་དང་རང་གི་མྱོང་ཚོར་སོགས་སྦ་གསང་མེད་པར་དམར་བརྗོད་བྱས་པ་ཕལ་ཆེར་ཁྱོད་ཀྱིས་ཀྱང་ད་རུང་བརྗེད་མེད་ཚོད་ཡིན་རྒྱུ་རེད། མ་ཟད་ད་དུང་ཉིན་དེར་ང་རང་གིས་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཁམས་པའི་བརྙན་འཕྲིན་གྱི་བཅར་འདྲི་དང་ལེན་བྱེད་དུས་ཀྱང་བུད་མེད་དང་བུད་མེད་ཀྱི་རྩོམ་རིག་ཐད་གནས་པའི་གནད་དོན་མང་པོ་ཞིག་བརྗོད་པ་ནི་སྐབས་དེའི་ངའི་ཚོར་སྣང་ཆེ་ཤོས་དེ་ཡིན་ལ། ཉན་མཁན་དང་ལྟ་མཁན་མང་པོ་་ཞིག་གིས་ཐོས་ཡོད་ཚོད་ཡིན་པས་འདིར་མི་འགོད་དོ།
དྲི་བ། ཁྱེད་རང་སྤྱི་ལུགས༡༩༨༧ལོར་མཚོ་སྔོན་མི་རིགས་སློབ་གླིང་བོད་ཡིག་སྡེ་ཁག་ནས་ཐོན་རྗེས་ཕ་ཡུལ་རེབ་གོང་དུ་ལོག་སྟེ་གནམ་འོག་ན་ཆེས་དཀར་གཙང་གི་ལས་ཀའི་གྲས་ཤིག་སྟེ་དགེ་རྒན་གྱི་ཁྲིད་སྟེགས་བདམས། ལོ་ངོ་ཉི་ཤུ་ལྷག་རིང་འཆད་པ་གཙོ་བོར་བཟུང་ཞིང་རྩོམ་པ་ཕལ་བར་བཟུང་བའི་བརྒྱུད་རིམ་ཁྲོད། ལོ་ཆུང་སློབ་མ་དག་གི་མིག་ལམ་མམ་ཡང་ན་སེམས་ཁོང་དུ་ཁྱེད་ནི་གཅེས་སུ་རུང་བའི་དགེ་རྒན་ཞིག་གི་གཟུགས་བརྙན་ཞིག་ཡིན་ནམ། ཡང་ན་དུངས་སེམས་གླུ་རུ་འགུག་པའི་སྙན་ངག་པ་ཞིག་གི་གཟུགས་བརྙན་ཞིག་ཡིན།
དཔེ་དང་འབྲེལ་ནས་རང་གི་ཚོར་སྣང་ཞིག་གླེང་རོགས་མཛོད།
ལན། མི་ལོ་ཉི་ཤུ་ལྷག་གི་དཔེ་ཁྲིད་མི་སྐྱོང་གི་འཚོ་བའི་ཁྲོད། ང་རང་སློབ་ཕྲུག་ཚོའི་དགེ་རྒན་ཡིན་པའི་ངོས་ནས་རང་གིས་སྦྱང་ཚད་དང་ཤེས་ཚད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཁོ་ཚོའི་རྒྱུད་ལ་འཇོག་གང་ཐུབ་བྱས་ཤིང༌། ང་རང་སློབ་ཕྲུག་ཚོའི་ཕ་མ་ལྟ་བུ་ཡིན་པའི་ཆ་ནས་ནམ་རྒྱུན་ཁོ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་བློ་ཞིབ་མོས་མཉམ་འཇོག་དང༌། ཁོ་ཚོའི་འཚོ་བ་དང་བདེ་ཐང་སོགས་ལ་སེམས་ཁུར་བྱས་པས། ཁོ་ཚོའི་སྣང་ངོ་ན་ང་ནི་ནམ་ཡང་འཇམ་རྩུབ་ཀྱི་རང་བཞིན་གཉིས་དང་ལྡན་པའི་ཕ་མ་དང་དགེ་རྒན་དུ་མཐོང་གི་ཡོད་པ་ལས། སྙན་ངག་ལ་མོས་པ་ཡོད་མཁན་ཞིག་ཏུ་ངོས་འཛིན་གྱི་མི་འདུག མཚམས་ལན་རེར་ཁོ་ཚོས་བོད་ཡིག་གི་དུས་དེབ་སྣ་ཚོགས་ལ་ལྟ་ཀློག་བྱེད་སྐབས་ང་རང་གི་རྩོམ་ཡིག་ཀྱང་ཀློག་གིན་འདུག་མོད། འོན་ཀྱང་དེ་འབྲི་བ་བོ་ནི་རང་ཉིད་ཀྱི་དགེ་རྒན་ཡིན་པ་ཁོ་ཚོས་ནམ་ཡང་ཤེས་ཀྱི་མི་འདུག དེ་ནི་ཁོར་ཡུག་ཅིག་གི་དབང་གིས་ཡིན་ནམ་ཡང་ན་སློབ་བུ་ཚོའི་ན་ཚོད་དང་མོས་པའི་དབང་གིས་ཡིན་པ་ངས་ཀྱང་མི་ཤེས་མོད། གང་ལྟར་སློབ་ཕྲུག་ཚོས་ང་རང་ནི་ནམ་ཡང་རང་ཉིད་ཀྱི་ཕ་མ་ལྟ་བུ་དང་དགེ་རྒན་ཁོ་ནར་ངོས་འཛིན་གྱིན་འདུག
དྲི་བ། རྒྱུ་རྐྱེན་གང་ཡིན་གསལ་བོར་མ་ངེས་ཀྱང༌། ཁྱེད་ཀྱིས་ད་ལྟའི་བར་ཐོབ་ཤོར་དང་རེ་འབོད། འཁྲེང་སེམས། སྡུག་ཡུས། ཕམ་ཉེས། འཚོལ་སྙེག རེ་བཅོལ། གཏོང་ཕོད། འགལ་འདུ། བཟོད་སྒོམ། སྨྲེང་སེམས། རྨི་ལམ་སོགས་སོགས་མཚོན་པའི་སྙན་ངག་མང་པོ་ཞིག་བར་མ་ཆད་པར་ཞིབ་ཚགས་ཡིན་མིན་གྱི་ཀློག་པ་པོར“སྦྱིན་པ”བཏང་བ་ཁོ་ཚོའི“བསོད་ནམས”ཀྱི་བགོ་སྐལ་དུ་སྨིན་ཡང༌། སྙན་ངག་ཕྱོགས་བསྒྲིགས་ཤིག་མིག་གི་ལོངས་སྤྱོད་དུ་མ་སྨིན་པའི་གནད་ཀ་དེ་གང་ལ་ཐུག དེའི་ཕྱོགས་ལ་རེ་ལྟོས་ཤིན་ཏུ་ཆེ།
ལན། རེད་དེ། ཐོབ་ཤོར་དང་ཕམ་ཉེས། འགལ་འདུ་སོགས་བརྗོད་བྱར་བྱས་ཏེ་རང་གིས་སྙན་ངག་ཅིག་ཡིན་ཁུལ་དུ་རློམ་པའི་ཡིག་ཚོགས་མི་ཉུང་བ་ཞིག་སྤེལ་བ་བདེན་ཡང༌། དེ་ནི་ཀློག་པ་པོར་“སྦྱིན་པ་”དང་ཁོ་ཚོའི་“བསོད་ནམས་”སུ་ནམ་ཡང་སེམས་མི་ཐུབ། རྒྱུ་མཚན་ནི། ཁྱེད་ཀྱིས་བཤད་པ་ནང་བཞིན་ཀློག་པ་པོ་ནི་སེམས་ཀྱི་རྒྱབ་རྩ་ནོན་པའི་གྲོགས་པོ་ཞིག་ཡིན་པའི་ངོས་ནས། ངས་ཀྱང་རང་ཉིད་ཀྱི་བདེ་སྡུག་དང་འཁྲེང་ཞེན་གྱི་སེམས་ངོ་ཙམ་ཕྱིར་བསྟན་པ་ཁོ་ན་ཡིན། དེ་བཞིན་སྙན་ངག་ཕྱོགས་བསྒྲིགས་ཤིག་ཁྱེད་ཅག་གི་གཟིགས་མོར་འབུལ་མ་ཐུབ་པའང༌། ཡང་ཡང་གས་ཆག་ཤོར་བའི་ངའི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་ངེས། ཁྱེད་རང་གཙོ་བྱས་ངའི་གྲོགས་པོ་དང་གྲོགས་མོ། ད་དུང་ཀློག་པ་པོ་ཕལ་ཆེ་བ་ཞིག་གིས་ཤེས་གསལ་ལྟར། ངའི་སྙན་ངག་གི་སྨྱུག་རྩེ་བཅག་ནས་མི་ལོ་བཅུ་ལྷག་འགོར་ལ། མི་ཚེ་གཅིག་ནི་མི་ལོ་བཅུ་ཕྲག་ག་ཚོད་ཀྱིས་གྲུབ་བམ། ང་ལ་མཚོན་ན་རྐྱེན་དབང་གིས་གསར་རྩོམ་དང་འབྲེལ་མཚམས་བཅད་དེ་མི་ལོ་བཅུ་ལྷག་སོང་བ་ནི། ངའི་མི་ཚེ་འདིའི་ཆེས་ཆེ་བའི་ཕམ་ཉེས་དང་སྐྱོ་གར་ཡིན།
རྗེས་ཕྱོགས། ཁྱེད་ཅག་ལ་དེབ་ཆུང་ཞིག་གི་སྐྱེས་ཤིག་དབུལ་རྒྱུའི་འཆར་གཞི་ཙམ་ཡོད་མོད། འོན་ཀྱང༌། འཆར་གཞི་ནི་ནམ་ཡང་འཆར་གཞི་ལགས་པས། འགྲུབ་དང་མི་འགྲུབ་ཀྱི་གདེང་ཚོད་སུ་ལའང་མེད་པ་ཁྱོས་ཀྱང་ལོས་ཤེས།
དྲི་བ། ཉེ་སྔོན་ཁྱེད་རང་གིས《དེ་ནི་ཁྱོད་ཉིད་ཡིན་ནམ སྒྲོལ་མ》ཞེས་པ་དང《སྨོན་ལམ ༥.༡༢ལ》《འབྲོག་ཁྱི》《ངའི་སེམས་ཀྱི་བདེ་ཆེན་ཉི་ཟླ་རྫོང》《ངའི་སེམས་ཁོང་གི
ཤམ་བྷ་ལ ཁྱེད་ད་ལྟ་གང་དུ་མཆིས》《དགུན་ཟླ་མཐའ་མར ངས་འདི་ལྟར་དྲན》སོགས་སྙན་ངག་གསར་པ་ཁ་ཤས་བྲིས་ཡོད་པ་བཞིན། སླད་མར་མུ་མཐུད་ཁྱེད་ཀྱི་དུངས་སེམས་ཀྱི་གླུ་སྐད་ཐོས་ཐུབ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག སྙན་ངག་གསར་རྩོམ་གྱི་ཕྱོགས་ལ་སེམས་ཤུགས་དང་འཆར་བཟོ་གང་འདྲ་ཡོད་མེད་ཐད་ཉིད་ཀྱི་བསམ་ཚུལ་རེ་གླེང་ན་ཅི་འདྲ་རེད།
ལན། གོང་ནས་གླེང་ཟིན་པ་ནང་བཞིན་རྒྱུ་རྐྱེན་ངེས་ཅན་ཞིག་གི་དབང་གིས་གསར་རྩོམ་དང་རིང་དུ་གྱེས་པའི་འཚོ་སྟངས་དེ་ཡང་ད་ལྟ་ངང་གིས་རྒྱུན་འབྱམས་སུ་སོང་འདུག་པ་དང༌། ཡང་ན་ན་ཚོད་སོགས་ཀྱི་དབང་གིས་གསར་རྩོམ་ཐད་སེམས་ཤུགས་ཇེ་ཞན་དུ་སོང་འདུག་པས་འཆར་བཟོ་འདྲ་གླེང་མི་སྤོབས་ཀྱང༌། གང་ལྟར། རང་ཉིད་བརྒྱུད་པའི་ལམ་བུ་དང་དེ་ལས་ཐོབ་པའི་མྱོང་བར་གཞིར་བྱས་མི་ཚེ་དང་འཚོ་བའི་བདེན་པ་བརྗོད་པའི་སྙན་ངག་རིང་མོ་ཞིག་ལ་བློས་བསླང་བྱ་འདོད་ཤིན་ཏུ་ཆེ། ཡིན་ནའང་དེ་ནི་བསམ་ཚུལ་ཙམ་ལས་འཆར་བཀོད་འདྲ་ཡེ་ནས་མིན་པས། རེ་བ་དོན་འཁྱོལ་ཡོང་རྒྱུར་ང་ལའང་གདེང་ཚོད་མེད་དོ།
དྲི་བ། ངས་གོ་བ་བླངས་པ་ནོར་མེད་ན་གསར་དུ་བརྩམས་པའི《འབྲོག་ཁྱི》ཞེས་པ་ནི་ཁྱེད་ཀྱིས་དེ་སྔོན་བརྩམས་པའི་སྙན་ངག་ཁྲོད་ཅུང་མཐོང་དཀོན་པའི་རྩོམ་སྟངས་ཤིག་ཡིན་པ་འདྲ། དེ་ནི་བྱུང་རིམ་དང་ལྡན་པའི་སྙན་ངག་ཡག་པོ་ཞིག་རེད། བསྡུས་བརྗོད་དང་དངོས་ཡོད་ཟུང་དུ་འབྲེལ་བའི་བྱུང་རིམ་དང་ལྡན་པའི་སྙན་ངག་འདི་ལྟ་བུ་ནི་ཁྱེད་ཀྱི་གསར་རྩོམ་ཁྲོད་ཀྱི་ཚོན་མདངས་གཞན་པ་ཞིག་ཡིན་པ་འདྲ། དེ་འདྲ་རེད་དམ།
ལན། ཁྱེད་ཀྱི་གོ་བ་ལེན་སྟངས་ལ་ང་རང་ཤིན་ཏུ་འཐད་དེ། 《འབྲོག་ཁྱི》ཞེས་པ་ནི་ངས་ཅུང་འཁྱོངས་ཁུལ་དུ་རློམ་ཡོད་པའི་སྙན་ངག་ཁྲོད་ནས་ང་རང་ཉིད་ཆེས་དགའ་བའི་འདང་རྩིས་བཞག་ཡོད་པ་ཞིག་ཡིན། ཡིན་ནའང༌། ཡང་སྙིང་ཅི་ཞིག་ལན་སོང་བ་ངས་ཀྱང་མི་ཤེས་མོད། རྩོམ་སྒྲིག་ཁང་ཞིག་གིས་སྙན་ངག་དེ་དུས་དེབ་ཏུ་འགོད་ཁ་མ་ཉན་པ་རེད། གང་ལྟར། ཀློག་མཁན་རྣམ་པས་རང་རང་གི་མྱོང་བ་ལྟར་གོ་བ་ཅི་དགར་བླངས་ཆོག
དྲི་བ། གླེང་མི་ཚར་བའི་བཅར་འདྲི་རིང་མོ་འདི་ད་ནི་རེ་ཞིག་མཚམས་འཇོག་པར་བྱ། འཆད་པ་དང་རྩོམ་པའི་ཁུར་གྱིས་ནོན་པའི་གནས་སྐབས་སུ་ཁྱེད་ཀྱིས་བཅར་འདྲི་འདི་དགའ་བས་དང་ལེན་ཞུས་པར་ཐུགས་རྗེ་ཆེ། ཁ་བྲོ་བཀྲ་ཤིས།
ལན། ཁྱེད་ཀྱིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་བུད་མེད་དག་གི་བསམ་པའི་འཁྱེར་སོ་དང་བུད་མེད་ཀྱི་རྩོམ་རིག་གི་འཕེལ་འགྱུར་སོགས་ལ་ཐུགས་ཁུར་ཟབ་བཞེས་དང་གདེང་འཇོག་ཡང་དག་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ལགས།།
འཆི་མེད་དང་ལྡོང་ཆུ་ཤེལ་བར་གྱི་འབྲེལ་བའི་སྐོར་སྐད་ཆ་ཚིག་གཅིག་ཀྱང་འདྲི་མ་ཐུབ་པ་ནི་གྱོང་གུད་ཆེན་པོ་རེད།