འཆི་མེད།
༼ན་ཆུང་བུད་མེད་རྣམས་ལ་གླེང་མོལ་དུ།༽
མ་ཡུམ བྱམས་སྙིང་རྗེ་དང་ལས་དྲང་བདེན་གྱི་དེ་ཉིད
མ་ཡུམ དཀྱེལ་ཡངས་དང་ལྷག་བསམ་གྱི་མིང་གཞན
མ་ཡུམ ་་་་་་་
མ་ཡུམ གནམ་འོག་ན་གསེར་འོད་ལམ་ལམ་འཕྲོ་ཞིང༌། ཆེས་གཟི་བརྗིད་ཀྱིས་འཕགས་པའི་ཐ་སྙད་དེ་ལགས།
གྲོགས་མོ་རྣམ་པ། ང་ཚོ་ནི་རླབས་ཆེན་གྱི་མ་ཡུམ་དག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པས་ན། ནམ་ཡང་ང་རྒྱལ་དང་གཟི་བརྗིད་ཀྱིས་འཚོས་ཆོག་ཆོག་ཡིན། ཡིན་ནའང༌། ང་ཚོས་དོན་དམ་མ་ཡུམ་ཞེས་པའི་ཐ་སྙད་འདིར་འགན་ཁུར་ཐུབ་ཀྱི་ཡོད་དམ། ང་ཚོ་ཚང་མ་མིང་དོན་མཚུངས་པའི་མ་ཡུམ་དག་ཏུ་རུང་ངམ་སོགས་ལྡོག་འདྲི་མང་པོ་ཞིག་དང༌། གཞན་ཡང་བུད་མེད་རྣམས་ནི་ཤེས་རབ་ཀྱི་བདག་མོ་ལགས་པས། མཛངས་པའི་ལས་རྣམས་ཕྱི་ནང་གི་དེབ་ཐེར་ཁག་ཏུ་བཀོད་འདུག་པ་དེས་འཐུས་མོད། ང་ཚོས་ནམ་ཡང་འདས་དུས་ཀྱི་ཁོ་མོ་ཚོའི་མཛངས་པའི་མཛད་པ་དག་ད་ལྟའི་རང་ཉིད་ཀྱི་དར་ཆར་བསྒྲེང་ནས་དུས་འདའ་བར་བྱེད་པ་ནི་ཤིན་ཏུ་ནས་མི་རིགས་པས་ན། ངས་ཀྱང་རང་ཉིད་ཀྱི་བསམ་ཚུལ་དག་ཁྱེད་ཅག་ལ་གྲོས་སུ་འདེབ་པར་འདོད་དོ།།
སྤྱིར་ང་རང་ཐེ་བའི་རང་རེའི་བུད་མེད་ཕལ་མོ་ཆེ་ཞིག་ནི་ལྷན་སྐྱེས་ནས་དཔྱོད་ཤེས་ཀྱི་ནུས་པ་དང་ཕུགས་བསམ་མེད་ལ་བདེ་འདོད་སྐྱིད་འདོད་ཆེ་ཞིང༌། སྒོས་སུ་དེང་དུས་ཀྱི་བུད་མེད་ལོ་ཆུང་རྣམས་ནི་ཕྱི་ཡི་མཛེས་འཆོར་དང་གཡུ་བྱུར་གྱི་ཁ་གྲངས། འཚོ་བ་རྒྱས་སྤྲོས་སོགས་ལ་དང་དོད་ཆེ་བས། དེ་ཁོ་ནར་རེ་སྙེག་དང་འགྲན་རྩོད་ཀྱིས་ཡུན་ཐུང་ལ་དོན་ཆེ་བའི་མི་ཚེ་ཧྲིལ་བོ་བཟི་ཡོམ་ངང་དུ་བསྐྱལ་གྱི་ཡོད།
འཇར་མན་གྱི་མཚན་ཉིད་རིག་པ་བ་སུའུ་པུན་ཧེར་ལགས་ཀྱི་《བུད་མེད་ཀྱི་དཔྱད་པ》ཞེས་པར། “བུད་མེད་རྣམས་ནི་མི་ཚེ་གང་བོར་ཡང་བྱིས་པ་ཞིག་དང་འདྲ་བ་ལས་མ་འདས་ཏེ། རྟག་པར་མིག་སྔུན་གྱི་དོན་དག་ལས་མི་མཐོང་ལ། ད་ལྟའི་མངོན་གྱུར་བ་འདི་ཉིད་ལ་སྡུག་འབད་བྱེད་པ་དང༌། དེ་ཚོའི་ཡིད་བྱེད་སྣ་ཚོགས་ཀྱང་སྐྱི་རིམ་ཙམ་ལས་གཏིང་སར་མི་འཇུག་ཅིང༌། གནད་དོན་ཆེ་བར་གཙིགས་འཛིན་མི་བྱེད་པར་དོན་བྱ་ཕྲན་ཚེགས་ཙམ་ལ་དོ་ཁུར་བྱེད་པར་དགའ།”ཞེས་དང༌། ཡང་“ཁོ་མོ་ཚོས་བསམ་གཞིག་གཏོང་ས་ཉག་གཅིག་ནི་ཇི་ལྟར་བྱས་ནས་དགའ་རོགས་སྡེབ་པ་དང༌། ཇི་ལྟར་བྱས་ནས་སྐྱེས་པ་དབང་དུ་བྱེད་པའམ་དེ་དང་འབྲེལ་བའི་དོན་བྱ་ལས་མ་འདས་ཏེ། དཔེར་ན། གདོང་ཚོས་འབྱུག་པ་དང༌། ཞབས་བྲོ་རོལ་བ་སོགས་ཀྱིས་མཚོན་ནོ”ཞེས་དང༌། ད་དུང་རང་རེའི་ལོ་རྒྱུས་སུའང་“མོ་ཡི་རིགས་རྣམས་ནི་ངང་རྒྱུད་ཐུང་ལ་ཕྲག་དོག་ཆེ་བ་་་་་་”སོགས་མང་དུ་བཀོད་ཅིང་ནན་དུ་བསྟན་པ་དག་ནི་དོན་དམ་དུ་ད་ལྟའི་འུ་ཅག་ཚོའི་དམར་དཔེ་ཞིག་ཇི་ལྟར་མིན།
དེས་ན་ངས་ཀྱང་འདི་ནས་ད་ལྟའི་སྤྱི་ཚོགས་དང་འཚོ་བ་དངོས་ཀྱི་ཁྲོད་ནས་ཐོབ་པའི་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་གོང་གསལ་གྱི་ང་ཚོའི་དམར་རྗེན་རྗེན་གྱི་སྡོམ་ཚིག་དེ་ལ་ལད་མོ་ལྟ་བུར། རང་རེའི་བུད་མེད་ཀྱི་སྡེ་ལ་རིགས་དབྱེ་དང་གཤིབ་བསྡུར་རོབ་ཙམ་བྱེད་ན།
རང་རེའི་བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་མདུན་ལྗོངས་དང་མི་ཚེར་འདུ་ཤེས་འཛིན་སྟངས་ཐད་གཙོ་ཆེར་་རིགས་ལྔ་རུ་དབྱེ་བར་འདོད་དེ།
གཅིག སྒེར་ཚུགས་འདུ་ཤེས་ཤུགས་དྲག་ཅན་གྱི་སྡེ།
སྒེར་ཚུགས་འདུ་ཤེས་ཤུགས་དྲག་ཅན་གྱི་སྡེ་ཞེས་པ་ནི། རང་སྒེར་གྱི་ཁྱིམ་ཚང་དང་ལས་
རིགས་སོའི་ཁྱབ་ཁོངས་སུ། བུད་མེད་རང་ཉིད་ཀྱི་བསམ་བློའི་གཏིང་རིམ་ན་སུ་ལའང་མི་བསྟུན་
ཅིང་གང་ལའང་མགོ་སྒུར་མི་འདོད་པའི་ང་རྒྱལ་དང་རང་རློམ་འདྲེས་མའི་སྒེར་ཚུགས་ཀྱི་བསམ་བློ་ཤུགས་དྲག་པོ་ཡོད་པའི་བུད་མེད་རིགས་ལ་འདོད།
བུད་མེད་དེའི་རིགས་ནི་བྱ་བ་གང་ལ་འཕྲད་ཀྱང་རང་རྐྱ་འཕེར་ལ་གཅིག་གཅོད་ཐུབ་པ་ཞིག་ཡིན་པས་ལོས་ཀྱང་དགའ་ལ། སྒོས་སུ་ང་ཚོའི་སུ་ཡིན་རུང་ང་རྒྱལ་དང་རང་རློམ་ཞིག་ངེས་པར་ཡོད་དགོས་ནའང༌། དོན་དེ་དང་འབྲེལ་ནས་བུད་མེད་དེའི་རིགས་ཀྱིས་“ཐོབ་ཐང་”དང་“མོ་དབང་” རྩོན་ལེན་སོགས་གནད་དོན་གཞན་མང་པོ་ཞིག་ཀྱང་ཞོར་ནས་དྲུད་འོངས་ཏེ་“ཉ་དང་ཉུང་མ་སྲེས་”ནས། རང་རེའི་ནང་ཁུལ་དུ་ཕྱོགས་གཞན་ཞིག་གི་ངོས་ན་ཁག་གཉིས་སུ་གྱེས་འགྲོ་བའི་སྣང་ཚུལ་ཀྱང་འདུག་པས། གནད་དོན་འདིར་དམིགས་ཏེ་ང་རང་ཉིད་ཀྱི་བསམ་ཚུལ་ཙམ་བཏོན་ན། སྤྱིར་ན་ང་ཚོ་ནི་“ཉམ་ཞན་ཚོགས་འདུས་”ཤིག་ཏུ་གྱུར་ཚར་ཡོད་པས། ད་ནི་ནང་ཁུལ་ནས་སྙིང་བོས་དབེན་པའི་རྩོད་གཞི་ཞིག་དགོས་དོན་ཨེ་ཡོད་གི་སྙམ། ཚང་མ་འུ་ཚང་ཡིན་པའི་འདུ་ཤེས་ཀྱིས་ཕན་ཚུན་ཁ་ལྟ་མིག་ལྟ་དང་“ཕྱར་གྲུ་མཉམ་འདེགས་”རེ་བྱེད་རྒྱུ་བྱུང་ན་ཅི་མ་རུང༌།དེ་བས། ང་ཚོ་བུད་མེད་རྣམས་ཀྱིས་ཀྱང་ཁ་ཐོག་མིག་ཐོག་གི་བྱ་བ་ཕྲན་ཚེགས་རིགས་ལ་ཤུགས་ཆེན་པོ་མི་རྒྱག་པར། སྤྱི་མཐུན་གྱི་ལས་དབང་ལ་ཁ་ལོ་མི་ལྕོག་ཀྱང༌། དེར་མཐུན་གྱི་རླུང་ཞིག་འགུག་རོགས་སུ་ནུས་པ་རེ་འདོན་ཨེ་ཐུབ་ལ་དམིགས་རྒྱུ་བྱུང་ན། མ་ཡུམ་ལགས་ཀྱི་དཀྱེལ་ཡངས་དང་ལྷག་བསམ་གྱི་ཟུར་ཙམ་མངོན་དུ་གྱུར་བ་མ་ཡིན་ནམ།
གཉིས། གཞན་བརྟེན་འདུ་ཤེས་ཤུགས་དྲག་ཅན་གྱི་སྡེ།
གཞན་བརྟེན་འདུ་ཤེས་ཤུགས་དྲག་ཅན་གྱི་སྡེ་ཞེས་པ་ནི། རང་སྒེར་གྱི་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་གྲུ་ཁ་སོ་སོ་རུ། བུད་མེད་རང་ཉིད་ཀྱི་འདུ་ཤེས་ཟབ་ས་ན་རང་ཉིད་ནི་ནམ་ཡང་“བུམ་པའི་ནང་གི་མེ་ཏོག་”ལྟ་བུར་ངོས་འཛིན་གྱིས། གཞན་དང་གཞན་གྱི་འོས་སྦྱོར་དང་གཉོར་སྐྱོང་ལ་བརྟེན་ནས་རང་ཉིད་ཀྱི་བཀྲག་མདངས་ངོམ་ཞིང༌། དེ་དང་དེའི་ཆེད་དུ་རང་གི་ཡོད་ཚད་གཞན་ལ་འབུལ་བར་ཉམ་མི་ང་ལ།རང་ཉིད་ཀྱི་ལྷན་སྐྱེས་ཀྱི་“སྤྱང་ཇུས་”ལ་བརྟེན་ནས་རང་གི་འདོད་བློ་ཡོད་ཚད་སྐོང་ཅི་ཐུབ་ཀྱིས་འཚོ་གནས་བྱེད་པ་དང༌། ལྷན་སྐྱེས་ནས་རྗེས་དཔག་རང་བཞིན་ཤིན་ཏུ་ཞན་པས་རྒྱང་རིང་མི་དཔོག་ཅིང༌། གནས་སྐབས་ཀྱི་བདེ་བ་ཕྲ་མོའི་དོན་དུ་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་རོལ་རྩེད་ཙམ་དུ་ངོས་འཛིན་ལ། དེའི་དོན་དུ་ལས་འབྲས་བསྣོག་རྒྱུར་ཅི་མི་སྙམ་ཞིང༌། ཁ་དན་ཚིག་ལ་མི་གནས་པས་རང་ཉིད་ཀྱི་མི་གཞིར་རང་གིས་རྡོག་བརྫིས་གཏོང་བར་བག་མི་ཚ་བའི་བུད་མེད་ཀྱི་རིགས་ལ་འདོད།
གནད་དོན་འདིར་དམིགས་ནས་གླེང་དུ་ཡོད་པ་ནི། ང་ཚོ་ནི་“མེ་ཏོག་”ཁོ་ན་ག་ལ་ཡིན། ང་ཚོའི་རྩ་ལམ་ན་རྒྱུ་བའང་ཚ་ལམ་ལམ་གྱི་ཟུངས་ཁྲག་ཡིན་པ་ངེས་པར་ཤེས་དགོས། དེང་གི་སྤྱི་ཚོགས་དང་སྒོས་སུ་སློབ་ཆེན་ཁག་ན་བུད་མེད་ལོ་ཆུང་དག་གིས་ལང་ཚོའི་རིན་ཐང་དངུལ་ལོར་གྱིས་འཇལ་ཅིང༌། དངུལ་ལོར་གྱི་ཆེད་དུ་རང་གི་ཡོད་ཚད་བློས་གཏོང་བར་ཕངས་སེམས་མེད་པ་སོགས་རང་གི་བླ་བཙོང་མཁན་མང་དུ་ཡོད་པར་བཤད།
མཛེས་པའི་མཆོག་ནི་ལྷད་མ་གོས་པའི་རང་བྱུང་གི་མཛེས་པ་དེ་ཡིན་ལ། དྭངས་གཙང་ཞེས་པའང་རང་གི་གཉུག་གཤིས་དེ་ཇི་ལྟར་མིན། དེ་བཞིན་དོན་དམ་གྱི་རིན་ཐང་དེ་ཡང་དྲང་བོ་དྲང་གཞག་དང༌། གང་ལ་གང་མཐུན་དེ་ལ་དེ་བསྟུན་གྱིས་སྤྱི་སེམས་ཡོད་པའི་སྒོ་ནས། ལས་སྒོ་གང་ལའང་རང་གི་ནུས་པ་རེ་འདོན་སྤྲོད་ཨེ་ཐུབ་བལྟ་རྒྱུ་དང༌། རང་ཉིད་ལ་བློ་བདེ་བག་ཕེབས་ཀྱི་ནང་སེམས་ཀྱི་ལོངས་སྤྱོད་དེ་བསྐྲུན་པར་འདོད་ན་ཐོས་པ་དང་བློ་སྦྱོང་བྱེད་པ་ལས་མ་འདས་ཤིང༌། འཚོ་བའི་དེ་ཉིད་དང་མི་ཚེའི་བདེན་པའང་ལས་དེ་ཁོ་ནས་ད་གཟོད་ང་ཚོར་ངོ་འཕྲོད་དུ་འཇུག་ཐུབ་པས་ན། ང་ཚོས་ཀྱང་རྙེད་དཀའ་དོན་ཆེའི་མི་ལུས་རིན་པོ་ཆེ་འདིར“ཙན་དན་སོལ་བར་བསྲེག་པའི་”བརྟུལ་ཞུགས་མི་འཛིན་
པར། མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ལ་གོ་བ་ཡང་དག་ཅིག་ལེན་པར་བྱ། དེ་ལ་ཁྱེད་རང་ཡིད་འཐད་ཨེ་ཡོད། ང་ཡི་སྙིང་ཉེ་བའི་གྲོགས་མོ།
གསུམ། རང་དམན་འདུ་ཤེས་ཤུགས་དྲག་ཅན་གྱི་སྡེ།
རང་དམན་འདུ་ཤེས་ཤུགས་དྲག་ཅན་གྱི་སྡེ་ཞེས་པ་ནི། རྒྱུན་གཏན་གྱི་འཚོ་བའི་ཁྲོད་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་སོ་སོ་ན་ཉམ་ཆུང་དང་བག་འཁུམས། གོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་གྱིས་འཚོ་ཞིང་རང་ལ་ཡིད་ཆེས་མེད་ལ། འཇོན་ནུས་འདོན་སྤྲོད་མི་ཐུབ་ཅིང་བློ་སྦྱོང་མི་ནུས་ལ། བརྩོན་སེམས་ཤིན་ཏུ་ལྷོད་པ། རང་ཉིད་ནི་ནམ་ཡང་གཞན་གྱི་“བྲན་”ཏུ་སེམས་པའི་བུད་མེད་རིགས་ལ་འདོད།
“ང་ཚོ་ལ་ཡབ་མེས་ཀྱིས་ཤེས་རབ་ཀྱི་མིག་ཟུང་བསྩལ་ཡོད། དུས་རབས་ཀྱིས་རང་གཅེས་ཀྱི་མངའ་ཐང་གནང་ཡོད།”དང་“སྤོབས་པས་མགོ་བོ་ཡར་ལ་དགྱེ་དང༌། ང་ཚོ་ལ་མིག་ཆུ་ལས་ལྷག་པའི་ཁྱད་ཆོས་ཡོད་པ་ནི། སྙིང་ཁོང་ན་རྒྱུ་བའི་ཁྲག་རྒྱུན་ཡིན་པས་་་་་་”(རང་གི་སྙན་ངག་ཅིག་ལས་དྲངས)ཞེས་པས་སྣེ་དྲངས་ཏེ་འདིར་བརྗོད་པར་འདོད་པ་ནི། ང་ཚོ་ལ་རང་དམན་གྱི་འདུ་ཤེས་ཤུགས་དྲག་པས་ནམ་ཡང་རང་ཉིད་ལ་རེ་བ་མི་འཆང་ཞིང༌། ལས་ཀ་ལྟ་བུར་མཚོན་ནའང་གང་ཞིག་ལས་སླ་ན་དེ་རང་འདེམ་པར་མོས་ལ། སེམས་ན་དགའ་སྐྱོ་ཆགས་སྡང་གང་ཞིག་ཡོད་ཀྱང་ཕྱི་རུ་མངོན་མི་སྤོབས་ཤིང་སྐྱིད་མི་སྐྱིད་གང་དུའང་སྨྲ་རུ་མེད་པ། མདོར་ན། ནམ་ཡང་མི་ཚེ་དང་ཁོར་ཡུག་ལས་གཡོལ་མི་ཐུབ་ལ་སྨྲ་ཤེས་ཤིང་དོན་གོ་བའི་དུད་འགྲོ་ལྟ་བུར་གྱུར་ཡོད།
དེས་ན་ང་ཡི་གྲོགས་མོ་ལགས། ཁྱེད་ཀྱིས་ལེགས་པར་སོམས་དང༌། མི་ཚེ་དང་འཚོ་བ་ནི་རྒྱལ་ཕམ་དང་འགལ་འདུ་ཡིས་གྲུབ་པའི་གཡུལ་ས་ལྟ་བུ་དང༌། འཇོན་ནུས་དང་རིག་སྟོབས་བཞུ་སྦྱོང་བྱེད་སའི་མེ་ཐབ་ལྟ་བུ་ཞིག་ཡིན་ན། ང་ཚོས་ཀྱང་རང་ཉིད་ལ་ཚོད་བགམ་ཐེངས་ཤིག་དང༌། རང་ཉིད་རང་གིས་ར་སྤྲོད་ཐེངས་ཤིག་བྱས་ན་ཅིས་མི་ཆོག དེ་བས་ང་ཚོས་ངེས་པར་དུ་རང་ཉིད་སྔོག་འདོན་བྱས་ཏེ་རང་སྟེང་གི་འོད་ཐིག་ཅིག་ཀུན་ལ་མཐོང་དུ་འཇུག་འོས་ཤིང༌། གནམ་འོག་ན་གསེར་འོད་ལམ་ལམ་འཕྲོ་ཞིང་ཆེས་གཟི་བརྗིད་ཀྱིས་འཕགས་པའི་ཐ་སྙད་དེ། མ་ཡུམ་ཞེས་པ་ང་ཚོ་རང་ཉིད་ཡིན་ལ། འགྲོ་བ་སེམས་ཅན་
གྱི་མ་གཤིས་ན་འཚེར་བའི་འོད་ཀྱི་ཕུང་བོ་དེ་ཡང་ང་ཚོ་ལས་གཞན་སུ། མདོར་ན་རང་གི་རིན་ཐང་རང་གིས་བསྐྲུན་དེ། རང་གི་རིན་ཐང་རང་གིས་མཐོང་ན་འོས་སྙམ།
བཞི། སྲོལ་རྒྱུན་གྱི་བཀག་རྒྱ་རུ་ཚུད་པའི་སྡེ།
སྲོལ་རྒྱུན་གྱི་བཀག་རྒྱ་རུ་ཚུད་པའི་སྡེ་ཞེས་པ་ནི། རང་རེའི་ཡུལ་ཕྱོགས་འགའ་རེ་ན་ད་དུང་ཡང་སྲོལ་རྒྱུན་གྱི་ལྟ་བ་རྙིང་བའི་དབང་གིས། བུ་མོའི་སྣ་ཐིག་ཕ་མས་བཟུང་ནས་འགྲོ་འདུག་གི་རང་དབང་ཙམ་ཡང་མི་སྤྲོད་པར། བུ་མོའི་ཚེ་གཅིག་གི་རྨི་ལམ་དེ་ལྟར་རྨེག་མེད་དུ་བཅོམས་ཤིང༌། གཞན་ད་དུང་ཨ་ནེ་དང་སྙིད་མོ་མཉམ་འབྲེལ་གྱིས་མནའ་མའི་ཚོགས་ལ་ལུས་སེམས་གཉིས་ཆར་མནར་གཅོད་ཡ་ང་བ་བཏང་སྟེ། མི་ཆོས་དང་བྲལ་བའི་སྡུག་བསྔལ་མྱོང་མཁན་མང་དུ་སྣང་བ་དེའི་རིགས་ལ་སྲོལ་རྒྱུན་གྱི་སྒྲོག་གིས་བཅིངས་པའི་རང་རེའི་བུད་མེད་ཀྱི་སྡེ་རུ་འབོད་དོ།
བུ་མོ་དེ་དག་གི་ཕ་མས་རང་གི་བུ་མོའི་ཚོགས་ལ་ཆུང་ངུའི་དུས་ནས་བློ་སྦྱོང་གི་གོ་
སྐབས་རེ་སྤྲོད་པར་ཡུལ་དུས་ཀྱི་ཆ་རྐྱེན་གྱིས་བསྐལ་ཡང༌། ཆེས་མ་མཐའ་ཡང་བུ་མོ་དེ་དག་ལ་འཇིག་རྟེན་མཐུན་འཇུག་ཐད་རང་དབང་ཞིག་བྱིན་ན་ཅིས་མི་ཆོག “འབྲི་མཛོ་མོའི་བཞོ་ཐོག་ལོ་གཅིག་རེད།། མ་བུ་མོའི་གནས་སྡུག་ཚེ་གཅིག་རེད།།”ཅེས་པ་ནི་ཁྱེད་དང་ཁྱེད་ཀྱི་བུ་མོའི་མི་ཚེའི་སྐྱོ་གར་ཡིན་ཨང༌། དེ་བཞིན་ཁྱིམ་གྱི་བདག་མོ་དེ་དག་གིས་ཀྱང༌། མནའ་མའི་ཚོགས་ནི་“ཕྱི་ཡོང་”ཡིན་པས་“ལས་གླ་མི་དགོས་པའི་གཡོག་མོ་དང༌། བུ་ཕྲུག་བཙའ་བྱེད་ཀྱི་འཕྲུལ་ཆས”ལྟ་བུར་ངོས་འཛིན་མི་བྱེད་པར། ལུས་ངག་ཡིད་གསུམ་མིག་ཆུས་བཀྲུས་ནས་ཟད་ཀྱིན་པའི་བུད་མེད་དེ་དག་གི་ལས་དབང་ལ་འདྲ་མཉམ་གྱི་འདུ་ཤེས་འཛིན་རྒྱུ་དང༌། བུད་མེད་དེའི་རིགས་ཀྱིས་ཀྱང་རང་ཉིད་སྐྱོབ་མཁན་རང་ཉིད་ལས་མ་མཆིས་པར་ངེས་ཤེས་འདྲོང་འོས་སོ།
ལྔ། གང་དུའང་མི་གཏོགས་པའི་སྡེ།
གང་དུའང་མི་གཏོགས་པའི་སྡེ་ཞེས་པ་ནི། རྒྱུན་གཏན་འཚོ་བའི་ཁྲོད་དུ་ཤེས་མེད་ཚོར་མེད་དང༌། དགེ་སྐྱོན་གང་གི་ངོས་ནས་ཀྱང་གྲགས་འགུལ་ཅི་ཡང་སློང་མི་ནུས་ཤིང༌། འགན་འཁྲིའི་འདུ་ཤེས་སྟོངས་ལ་བྱ་བ་གང་ལའང་སེམས་ཁུར་བྱེད་མི་ཤེས་པ་དང༌། རང་ཉིད་ནི་གང་དང་ཅི་ལའངའབྲེལ་བ་མེད་པར་སྙམ་པའི་བུད་མེད་རིགས་ལ་འདོད། བུད་མེད་དེའི་རིགས་ནི་ནམ་ཡང་ནར་སོན་རྒྱུ་མེད་པའི་བྱིས་པ་ཞིག་དང་འདྲ་བར་གླེན་ལ་དཔྱོད་ཤེས་དམན་པས། རང་ཉིད“མི་”གྲལ་ན་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་འདུ་ཤེས་འཛིན་གྱི་ཡོད་པ་དང༌། བུད་མེད་དེའི་རིགས་ལ་བསམ་བློ་ཡེ་ནས་མེད་ནའང༌། རང་ཉིད་ཀྱང་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་སྟེ་མི་ཞིག་ཡིན་པ་ངེས་པར་ཤེས་འོས་སོ།
མཇུག་མཐར།
ང་ཚོ་ནི་རླབས་ཆེན་གྱི་མ་ཡུམ་དག་ཡིན་པ་ཐོག་མར་རང་སྟེང་ནས་ངོས་འཛིན་བྱེད་དགོས་ཏེ། སུ་ཀུ་ལུར་གྱི《བུད་མེད་ཀྱི་གཤིས་རིམ》ཞེས་པར། “གལ་ཏེ་བུད་མེད་ཅེས་པ་མེད་ན། ང་ཚོས་ཚེ་སྲོག་གི་མགོ་རྩོམ་ས་ཉིད་ནས་སྐྱོར་འདེགས་ཀྱི་ནུས་པ་ཤོར་འགྲོ་ཞིང༌། དར་མའི་ཚེ་ན་སྤྲོ་སྐྱིད་བྲལ་བ་དང༌། རྒ་བའི་དུས་སུ་སེམས་གསོ་མེད་པར་འགྱུར་”ཞེས་དང༌། པེའུ་ཏུན་ལགས་ཀྱིས་ཀྱང་“མིའི་རིགས་འདི་དག་མངལ་ལས་ཐོན་པ་ཉིད་ནས་ཅིས་ཀྱང་བུད་མེད་ཀྱི་འོ་འཛིན་ལ་བརྟེན་ནས་ནར་སོན་དགོས་ལ། བུས་པའི་སྐད་ཆ་ཐོག་མའང་བུད་མེད་ཀྱི་ཁ་ལས་བསླབས་པ་ཡིན། ང་ཚོའི་ཆེས་ཐོག་མའི་མིག་ཆུ་དེ་བུད་མེད་ཀྱིས་ང་ཚོར་བསྲན་དུ་བཅུག་ཅིང༌། ང་ཚོའི་ཆེས་མཐའ་མཇུག་གི་ཁ་དབུགས་ཁམ་གང་དེའང་ཕལ་ཆེར་བུད་མེད་ཀྱི་གམ་ནས་ཕྱི་རུ་འབྱིན་་་་་་”ཞེས་སོགས་དང༌། རང་རེའི་བོད་ཀྱི་མཁས་པ་དང་གྲུབ་ཆེན་པ། བསམ་བློ་སོགས་གནམ་གྱིས་ས་བཀབ་པ་ལྟ་བུ་དག་གིས་ཀྱང་མ་དང་བུད་མེད་གལ་ཆེ་རབས་ཇི་ལྟར་གསུངས་ཡོད་པ་རང་སོ་སོའི་ངོས་ན་གསལ་ཆ་ཡོད་ཁོ་ཐག་ཏུ་འདུག་པས་འདིར་ཚིག་ཚོགས་སྐྱོང་བའི་ངལ་བ་མི་བསྟེན་དེ། མདོར་ན། རང་རེའི་རིག་གཞུང་གི་ཉིང་བཅུད་དེ་རྒྱུ་འབྲས་མན་ངག་བདུན་དང་བློ་སྦྱོང་དོན་བདུན་མའི་སྐབས་སུའང་དྲིན་ཆེན་གྱི་མ་ལ་དེ་འདྲའི་ཆེ་མཐོངས་བྱས་ཡོད་(མ་ཡིན་ན་བུད་མེད་ག་ལ་མིན)ན། ང་ཚོ་ཡང་རང་ཉིད་ཀྱི་ཐོབ་ཐང་ལ་ཡིད་ཚིམས་ཏེ་མི་སྡོད་པར། ཐོབ་ཐང་དེ་ལ་ཚོན་མདངས་གསར་བ་ཞིག་སྣོན་དགོས་ཕྱིན། “མི་ཚེ་དོན་ཡོད་ཅིག་བྱེད་ན།། ཐོས་བསམ་སྒོམ་གསུམ་ལ་རེམ་དགོས།།”ཞེས་པའི་དགོངས་དོན་བཞིན། “སྐྱེས་པའི་མི་ལ་གྲགས་པའི་གཏམ་”གྱི་དོན་སྒོར་ང་ཚོས་ཀྱང་ཐོས་པ་གཙོ་བྱས་ཏེ། རང་ཉིད་ཀྱི་སྐབས་བབས་ཀྱི་ལས་ཀར་རང་སོ་སོའི་ངོས་ནས་ཧུར་ཐག་འབད་ཐག་དང༌། རང་རང་ངོས་ནས་དོན་དམ་གྱི་རིན་ཐང་ཞིག་བསྐྲུན་ན་འོས་ཞེས་བདག་གིས་རེ་ཞུ་མང་དུ་ཞུས་མྱོང་ལ། འདིར་ཡང་ཆེད་དུ་གྲོགས་མོ་ཁྱེད་ཅག་ལ་གླེང་མོལ་དུ་ཕུལ་བ་ལགས་ན། ཁྱེད་ཅག་གིས་ཀྱང་སྤངས་བླང་རང་གིས་བགྱིས་ཏེ་མོས་མཐུན་ཡོད་པའི་ཆ་རྣམས་དང་དུ་བླངས་ཏེ་དོན་འཁྱོལ་ཡོང་རྒྱུ་དང༌། ཁྱེད་ཅག་གི་བསམ་གཞི་དང་འགལ་བའི་ཕྱོགས་ཀྱང་ངེས་པར་ཡོད་སྲིད་པས། མཐོལ་ལོ་བཤགས་ཞེས་ལྷག་བསམ་རྣམ་པར་དག་པས་ཕུལ་བ་དགེ།