ལྡོང་ཆུ་ཤེལ། (ལྡོང་ངེ་བསྟན་འཛིན་གྲགས་པ།)
ཐེངས་འདིའི་སྟོན་རླུང་གིས་བཀྱགས་པའི་ཁྲུང་ཁྲུང་གི་གཤོག་རླབས་དཀར་པོ་ལ།
ཁྱོད་ཀྱི་མིག་མཐའ་ནས་ཞུ་མ་ཐུབ་པའི་མུ་ཏིག་རྡོག་པོ་རེ་རེས།
འོད་མདངས་ཟབ་མོའི་འགྲེལ་བབཤད་རེ་རེ་ཁུར་ཏེ།
གངས་རིའི་ཉིན་སྲིབ་ཏུ་ཤུགས་ཀྱིས་འཕྱོ།
མཚོ་མོ་གཞན་ཞིག་གི་གནས་ཚང་ལ་ཤུགས་རིང་འབྱིན་པའི་ངང་བ་ལགས།
ཁྱོད་ཀྱིས་ཅུང་ཙམ་སྒུག་རོགས།
སྙན་ངག་པས། ཁྱོད་དང་རྒྱང་རིང་དུ་ལྷུང་བའི་སྐར་མདའི་རྗེས་ལ།
ཆེས་རྣོ་བའི་མིག་ཟུང་གི་གོམ་འགྲོས་འཁྱོར་བཞིན།
ཆུ་རྒྱུན་དུ་བསྲིངས་པའི་མཛའ་གཞས་དྭངས་མོ་ཞིག་གི་སྣེ་མོར།
འཕག་འཚག་རྒྱག་པའང་ཁྱོད་ཚོའི་ཆེད།
ལས་དབང་ཡོད་ཚད་རྦབ་འགྲོས་ཀྱིས་འཁོར་ཚེ་ཁྱོད་ཚོར་ཁག་ཅི་ཡོད།
མེད་པའི་མིག་འབྲས་ཀྱིས་ཕྱི་བལྟས་ཤིག་སློགས་དང་།
ང་ཚོས། ཁྱེད་ཅག་གི་རྐང་རྗེས་ཆུང་ཆུང་གི་ཤུལ་དུ།
མེ་ཏོག་གི་ལྗོན་པ་རེ་རེ་བཙུགས་ཤིང་།
མེ་ཏོག་གི་འདབ་ལོ་རེ་རེའི་སྟེང་དུ།
མིག་ཆུ་དང་ཟིལ་བའི་རྟོགས་བརྗོད་རེ་རེ་ཕབ་ཡོད།
རྫ་མཐའི་ཡུ་མོ་ཚོས་མགོ་བོ་ཅུང་ཙམ་དགྱེ་རོགས།
འཇའ་ཚོན་གྱི་ཀློང་ལ་ལག་སྙོབ་བྱེད་དུས།
ཅི་ཡང་མེད་པ་བདེན་མོད།
གནས་ལུགས་ཁ་ཤས་ཀྱིས་ང་ཚོས་འཇིག་རྟེན་གྱི་མཐོ་ས་ནས།
བདེན་གླུ་ཞིག་བླང་ཆོག
དཀྱོག་མཚམས་མང་བོ་ཞིག་སྦྲ་ནག་གི་ཆོན་ཐག་ཇི་བཞིན།
ཕྱོགས་དང་མཚམས་སུ་བརྐྱངས་པའི་དེ་རིང་།
ཁྱོད་ཚོ་ཡང་། ཉི་མའི་འོད་ཐིག་ལ་མགོ་བོ་སྙེ་བཞིན།
མཚར་སྡུག་གིས་བཞད་ན་ཅི་མ་རུང་།
ང་ཚོས་འདི་ལྟར་ཉིན་མཚན་དུ་བསགས་པའི་སྐྱོ་ངལ་མང་བོ།
སྨིན་མཚམས་སུ་སྤུངས་པའང་ཁྱོད་ཚོ་ལས་གཞན་སུ་ཞིག་གི་ཆེད།
ནམ་རྒྱུན་ང་ཚོའི་རྨི་ལམ་དུ་ཡང་ཡང་འཁོར་བ།
ཤ་འོད་ཀྱིས་ཁྲིད་པའི་ལོ་མ་སྐྱ་བོ་ཞིག་དང་།
ཅི་ཞིག་གིས་བརླན་པའི་ཁྱོད་ཚོའི་མིག་མཐའ་དེ།
ལས་དབང་གིས་བྱིན་པའི་ཁྱོད་ཚོའི་མིག་མཐའ་དེ་མ་ཡིན་ནམ།
ཐག་རིང་གི་གནས་དེར།
རྨི་ལམ་གྱིས་བོར་པའི་མཚན་མོ་ཧ་ཅང་རིང་།
ངུ་ཤུམ་འཇམ་པོ་ཞིག་གི་མལ་ནས།
ཕྱིར་དྲན་གྱི་མིག་ཆུ་རང་ཉིད་གཅིག་བུས་འཐུངས།
གློ་བུར་དུ་ཟུག་པའི་སྒོ་ཁྱིའི་གཅོང་སྐད་ཀྱིས་གནམ་མཐའི་སྐར་ཆེན་འདར་དུས།
ད་གཟོད་རང་ལ་གདམ་ག་དང་དཔུང་གཉེན་གྱི་རྣམ་གཞག་བྲལ་བའི་སྡུག་ཡུས་དེ།
སྦྲའི་ཁ་ཚུབ་ལ་ཐོགས་པའི་ཚེས་རིས་འཁྱོག་པོ་ཞིག་ལ་བརྗོད་འདོད་ཨང་།
རླུང་འཚུབ་ཅིག་གིས་འཇིག་རྟེན་འདིའི་སྔ་རོལ་ནས།
བརྣངས་དྲགས་པའི་སེམས་གང་མང་ཞིག
ཕྱོགས་མེད་དུ་བརྫངས་ཤིང་འཁྱམས།
དེའི་རྐྱེན་གྱིས་གོ་འདབས་སུ་སྨད་དྲགས་པའི་ཁྱོད་ཅག་གི་མགོ་བོ་ལྕི་མོ་འདིའི་ཆེད་དུ།
ངེད་ཅག་གི་བླའམ་མ་སྲོག་གིས་བྲིས་པའི་དར་ལྕོག་གི་འབོད་པ་ཇི་འདྲའི་མཁོ་ཨང་།
གོམ་ཁ་གཉིས་གསུམ་གྱིས་འཇལ་ཐུབ་པའི་ཁྱོད་ཅག་གི་འཇིག་རྟེན་ཆུང་ཆུང་།
ཆུང་ཆུང་གི་གནས་དེར་འབར་བའི་ཨོང་བའི་མེ་རླབས་ཀྱི་འགྱུར་ཁུགས་དང་།
འབྲི་མོའི་ནུ་རྩེ་ནས་དུང་མདོག་ཏུ་སྦྲུམ་ཅིང་འབབ་པའི་འོ་མའི་ཤག་སྒྲ་ཁོ་ན།
ཁྱོད་ཅག་གི་དགའ་སྐྱོའི་དབྱངས་འགྲོས་ཡིན་ནམ།
རང་དབང་གི་འཇུག་ངོགས་མིན་པའི་སྟོན་རླུང་གྲང་མོར་འཚུབ།
འཁྲེང་ཞེན་གྱི་མིག་ཆུ་དྭངས་མོ་ཚ་རུའི་གོང་ཁ་བརྒྱུད་ནས་བཞུར།
རྟའི་གོང་ནས་ཕྱི་མིག་བསྐྱུར་པའི་བུ་མོ་ལགས།
ཁྱོད་ཀྱིས་ཅུང་ཙམ་སྒུག་རོགས།
ཆུ་བོའི་ཕར་ངོགས་སུ་རྟ་ཁ་ལེན་པའི་བྱིའུ་ཆུང་གྲངས་མེད་འཕུར།
གངས་འདབས་ཀྱི་སེར་ཆེན་མེ་ཏོག་ཚོ།
འབོལ་ཁྲིའི་སྟེང་དུ་ལུག་ཤ་ཚོན་པོར་རོལ་མཁན་ཚོས།
ཁྱོད་ཚོའི་སྐྱོ་གར་ལ་སྤྱན་འབྲས་མི་གཡོར་ལ།
སྡུག་བསྔལ་གྱི་གཞས་དབྱངས་ཕྲ་མོ་དེ་བས་ཀྱང་ཚོར་མི་སྲིད།
འོན་ཀྱང་། ང་ཚོས་མཇུག་མཐའི་ཚེ་སྲོག་གི་དབུགས་རྒྱུན་བཀོལ་ཞིང་།
ཟླ་ངོགས་ཀྱི་མིག་ཆུ་དང་སྙན་ངག་གླེང་བཞིན།
ཁྱོད་ཚོའི་ལས་དབང་གི་དེབ་ཐེར་གསར་བ་འབྲི།
སྙན་ངག་འབྲི་ན་འདི་ལྟ་བུའི་ཚིག་སྦྱོར་སོགས་གང་གི་ཆ་ནས་ལྷོད་ཤ་ཆགས་ཤིང་སྙན་ཆ་དོད་པ། བརྗོད་དོན་བབ་ཆགས་པ་ཞིག་འབྲི་དགོས་པ་ལས། ཁྱོད་ཚོ་ལྟར་ཁ་ནང་ལ་ཡོང་ཚད་ཚང་མ་གོང་བསྒྲིགས་ནས་དྲ་ངོས་ལ་བཤོ་ཡོད་པ་དེ་དག་ལ་སྙན་ངག་ཟེར་བའི་མིང་འདི་སྦྱར་དུ་མི་བཏུབ་བོ།
བཙན་བྱོལ་གྱི་སྙན་ངག་ཁྱར་ཁྱོར་རེ་འབྲི་མཁན་དུ་རློམ་མཁན་ང་ཚོས་ངེས་པར་དུ་སྙན་ངག་འདི་དག་གི་ཚིག་ཉམས་དང་སྡེབ་སྦྱོར།རྒྱབ་ལྗོངས་ཀྱི་སྣང་བརྙན།དབྱངས་ཀྱི་འགྱུར་འགྲོས་སོགས་ལ་ཞིབ་ཚགས་དགོས་སློབ་སྦྱོང་དང་མིག་དཔེ་ཡར་བལྟ་བྱེད་ཐུབ་ན།ང་ཚོས་ཀྱང་རང་དབང་ལུང་པ་འདིར་མཚར་སྡུག་ལྡན་པའི་སྙན་ངག་གི་ཕོ་བྲང་གང་མང་བཞེངས་ཆོག་ཨང་།ད་དུང་སྙན་ངག་པ་འདིའི་སྒྲོལ་དཀར་འཚོ་སྔ་ཕྱི་གཉིས་ལ་ཡང་ཞིབ་བལྟ་བྱེད་གལ།