ཁར་སང་ངའི་གྲོགས་པོ་ཞིག་གིས་དགའ་ཤར་སོག་པ་ཚུལ་ཁྲིམས་འོད་ཟེར་གྱིས་བྲིས་པའི་དེབ་གསར་པ། བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བ་ཟེར་བ་དེ་ཁྱེར་ནས་སླེབས་བྱུང་། ཤོག་ངོས་༥༣༢འདུག བརྗོད་བྱ་ནི་རང་གི་གྲོགས་པོ་རྙིང་པ་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱི་མགོ་རྡུང་བྱེད་ཅིག་རེད། འབྲེལ་ཡོད་ཀུན་གྱིས་ཤེས་གསལ་ལྟར་གསེར་རྟ་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འོད་ཟེར་གཉིས་ཀྱིས་ལོ་མང་པོའི་སྔོན་གསེར་རྟ་མགོ་ལོག་ཡིན་མིན་གྱི་རྩོད་པ་བྱས་ཏེ་ཁོང་གཉིས་མདོ་སྟོད་སྨད་གཉིས་ཀྱི་སྤྱི་འཐུས་སུ་སླེབས་ཡོད། ཐོག་མར་སྤྱི་ཚོགས་མེ་ལོང་སོགས་ཚགས་པར་གྱི་ཐོག་ནས་རྩོད་པ་བྱས། དེ་ནས་དེབ་འབྲི་རེས་བྱས་ཤིང་། དེབ་ཀྱི་ནང་དུ་གྲོགས་པོ་ཡིན་སྐབས་ཀྱི་གསང་གཏམ་ཡོད་ཚད་ཕྱི་ལ་བཏོན་རེས་བྱས་ཏེ་ཞབས་འདྲེན་ཞུས་ཡོད། ཐོག་མར་དགའ་ཤར་སོག་པ་ཚུལ་ཁྲིམས་འོད་ཟེར་གྱིས་དེབ་ཅིག་བྲིས་འདུག་པས་མི་ཚོས་གསེར་རྟ་ཚུལ་ཁྲིམས་ལ་ལེན་རྒྱུ་ཞིག་བཞག་མི་འདུག་ཟེར། དེ་ནས་གསེར་རྟ་ཚུལ་ཁྲིམས་ཀྱིས་དེབ་དེ་ལ་ལན་གྱི་དེབ་ཅིག་བྲིས་པས་ཡང་མི་ཚོས་ཚུལ་ཁྲིམས་འོད་ཟེར་གྱི་ངོ་ཐང་ལ་འཕངས་འདུག གསེར་རྟ་ཚུལ་ཁྲིམས་རྒྱལ་འདུག་ཟེར། དེ་ཚོ་ལོ་མང་པོའི་སྔོན་གྱི་སྐད་ཆ་རེད། ཉེ་ཆར་ཡང་ཚུལ་ཁྲིམས་འོད་ཟེར་གྱིས་ཤོག་ངོས་༥༠༠ལྷག་ཡོད་པའི་དེབ་ཅིག་བྲིས་ནས་གསར་དུ་བཀྲམས་འདུག་པ་དེ་ཁོའི་དེབ་སྔོན་མའི་གསལ་བཤད་དང་། གསེར་རྟ་ཚུལ་ཁྲིམས་ཀྱི་དེབ་དེའི་ལན་འདེབས་རེད་འདུག ད་རེས་ཀྱི་དེབ་དེ་ལ་ང་ཕྱོགས་མང་པོ་ནས་ཧང་སངས་སོང་། ཧང་སངས་དོན་གསེར་རྟ་མདོ་སྟོད་སྨད་གང་ཡིན་གྱི་ཐོག་ཏུ་ལུང་མང་པོ་དྲངས་འདུག་པ་ལ་ཧང་སངས་ཀྱི་མེད། གསེར་རྟ་མདོ་སྟོད་སྨད་གང་ཡིན་གྱི་སྐད་ཆ་ཉན་རྒྱུ་དང་། དོལ་རྒྱལ་སྐོར་གྱི་སྐད་ཆ་ཉན་རྒྱུ་གཉིས་ལས་ཉོབ་ཆེ་བ་ཞིག་དངོས་གནས་མི་འདུག དེས་ན་གང་ལ་ཧང་སངས་པ་ཡིན་ཟེར་ན། ཧང་སངས་ས་གཙོ་བོ་དེ་དོན་དག་བཞིའི་ཐོག་ནས་ཧང་སངས་སོང་།
དང་པོ། ཚུལ་ཁྲིམས་འོད་ཟེར་གྱིས་དེབ་དེ་འབྲི་དུས་ཁོ་རང་སྐབས་བཅུ་༡༤པའི་སྤྱི་འཐུས་ལས་ཐོག་པ་ཡིན་སྐབས་སུ་བྲིས་འདུག དེས་ན་སྤྱི་འཐུས་བྱས་པའི་དུས་ཡུན་དེའི་རིང་བོད་ཀྱི་སྤྱི་དོན་བསྒྲུབ་རྒྱུ་བཞག་ནས། རང་གི་གྲོགས་པོའི་ཁ་གཅོག་རྒྱུའི་ཆེད་དུ་བལ་ཡུལ་ཡན་ཆད་ཉུལ་ཏེ་རྡོ་ལ་ཨུ་ཁུང་ཕུག་པའི་འབད་བརྩོན་ཆེན་པོ་འདི་འདྲ་ཞིག་བྱས་འདུག་པར་ཧང་སངས་སོང་། ངོ་མ་སྤྱི་འཐུས་འགའ་ཞིག་གིས་སྤྱི་དོན་འཐུས་ཤོར་ཇི་ལྟར་གཏོང་གི་ཡོད་པ་དེབ་འདི་ལ་བལྟས་ཀྱང་ཤེས་ཐུབ་པ་ཞིག་རེད། ད་དུང་རྒྱབ་ཏུ་དམར་མདོག་གྱོན་པའི་གྲྭ་བ་ཞིག་ལ་འདི་ཙམ་གྱི་ཞེ་སྡང་ཆེན་པོ་ཞིག་ཡོད་ན་གྲྭ་བ་བྱས་ནས་ལོ་མང་པོར་གྲྭ་ཚང་གི་བག་ལེབ་ཟོས་པ་ལ་སྙིང་པོ་ཅི་ཞིག་ཡོད་དམ། ཀྲུང་གོའི་བོད་ལྗོངས་དང་། བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ཀྱི་ཐོག་ཏུ་ཡེ་རྡོར་ཟེར་བ་སོགས་ཀྱིས་༧རྒྱལ་བ་དོན་གྱི་བདག་པོ་དང་། བཙན་བྱོལ་བོད་མིའི་སྲིད་ཇུས་ལ་ཅི་ཙམ་གྱི་གཞི་མེད་བསྙོན་འཛུགས་ཤིག་བྱེད་ཀྱི་ཡོད་ཀྱང་། གྲོད་པུ་དང་འདྲ་བའི་གཞུང་ཞབས་སྤྱི་འཐུས་འདིས་ཡི་གེ་ཐིག་ཕྲེང་གཅིག་གིས་ལན་བརྒྱབ་ཡོད་པ་མཐོང་མྱོང་ངམ།
གཉིས་པ། ཚུལ་ཁྲིམས་འོད་ཟེར་གྱི་དེབ་དེའི་ནང་། གསེར་རྟ་ཚུལ་ཁྲིམས་ཀྱིས་བལ་ཡུལ་སྣེ་ལེན་ཁང་དུ་བཀོད་པའི་འབྱོར་ཐོ་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས་དུས་ཀྱི་འགེང་ཤོག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཕུལ་བའི་སྒེར་གྱི་སྙན་ཞུའི་ཡིག་ཆ། སྐུ་སྒེར་ཡིག་ཚང་དུ་ཕུལ་བའི་སྙན་ཞུའི་ཡིག་ཆ་སོགས་ཀྱི་ངོ་བཤུས་ངོ་མ་པར་སློག་བརྒྱབ་ནས་བཀོད་འདུག འདི་ཤིན་ཏུ་ཡ་མཚན་པ་ཞིག་རེད། གང་ཡིན་ཟེར་ན་ལས་ཁུངས་དེ་རྣམས་ཀྱི་ནང་དུ་མི་སུ་ཞིག་གིས་སྒེར་གྱི་སྙན་ཞུ་གང་ཕུལ་བ་དེ་ཚོ་མི་གཞན་པ་སུ་སོང་ཡང་ཀློག་ཆོག་ཆོག་དང་། པར་སློག་རྒྱག་ཆོག་ཆོག་ཅིག་ཨེ་ཡིན་ན། དེ་འདྲ་ཡིན་ན་ལས་ཁུངས་ལ་སྒྲིག་ཁྲིམས་གང་ཡང་མེད་པ་ཡིན་ནམ། གལ་ཏེ་མི་སུ་ཡིན་ཡིན་གྱིས་བལྟ་ཆོག་ཆོག་དང་ཁྱེར་ཆོག་ཆོག་མིན་ན། ཚུལ་ཁྲིམས་འོད་ཟེར་གྱིས་གསེར་རྟ་ཨ་མདོ་ཡིན་པའི་ལོ་རྒྱུས་འབྲི་བཞིན་པ་དང་། ནོར་གླིང་འགན་འཛིན་སྒྲོན་མ་སྐྱབས་དང་སྒྲོལ་དཀར་སྐྱབས་གཉིས་ཨ་མདོ་ཡིན་པ། རྩོམ་པ་པོའི་མཐུན་ཚོགས་ཀྱི་འགན་འཛིན་ཆབ་བྲག་ལྷ་མོ་སྐྱབས་ཨ་མདོ་ཡིན་པ། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ཨ་མདོ་ཡིན་པ་((སྤྱིར་རྔ་བ་ཚེ་རྒྱམ་གྱིས་རྒྱ་ཡིག་གི་སྡེ་ཚན་མ་གཏོགས་བོད་ཡིག་གི་སྡེ་ཚན་གྱི་ཐོག་ལ་ལས་ཀ་བྱེད་ཀྱི་མེད་ཅིང་། བོད་ཡིག་སྡེ་ཚན་གྱི་ལས་ཀ་བྱེད་མཁན་སྐུ་ངོ་བྲེ་སྲང་ཡིན། གསལ་བཤད།))སོགས་ལ་འབྲེལ་བ་ཡོད་དམ། གལ་ཏེ་ཡོད་ན་འཛིན་སྐྱོང་འགན་འཛིན་དག་གི་ངོས་ནས་ལས་ཀ་དེ་འདྲ་བྱེད་རྒྱུ་ཡག་པོ་རེད་དམ། གལ་ཏེ་མེད་ན་སྒེར་གྱི་སྙན་ཞུའི་ཡིག་ཆ་རྙིང་པ་རྣམས་འགན་འཛིན་གྱི་བཀའ་འཁྲོལ་མེད་པར་ཡིག་མཛོད་རྙིང་པ་ཁག་ནས་ཇི་ལྟར་རག་པ་ཡིན་ནམ། ཐང་སན་བླ་མའི་དགེ་ཕྲུག་སྤྲེལ་མགོ་ཅན་ལྟར་ལྐོག་ཏུ་རྫུ་འཕྲུལ་གྱིས་སོང་ནས་ཁྱེར་ཡོང་བ་ཡིན་ནམ། ད་དུང་སྒེར་གྱི་གསང་བའི་ཡིག་ཆ་དེ་དག་མི་གཞན་ཞིག་གིས་གང་འདོད་ལྟར་པར་སློག་རྒྱག་སྐབས། ཡིག་ཚང་དེ་དག་གི་ནང་གི་པར་སློག་འཕྲུལ་ཆས་བཀོལ་ཡོད་དམ་ཡང་ན་མ་ཡིག་ངོ་མ་ཁྱེར་ནས་ཕྱི་ལོགས་སུ་སོང་སྟེ་པར་སློག་བརྒྱབ་པ་ཡིན། ཡང་ན་ད་སྐབས་སྒེར་གྱི་གསང་བའི་ཡིག་ཆ་དེ་དག་གི་མ་ཕྱི་ངོ་མ་དེ་ཚོ་ལས་ཁུངས་དེ་དག་གི་ནང་དུ་ལྷག་ཡོད་དམ་ཚུལ་ཁྲིམས་འོད་ཟེར་གྱི་ལག་ཏུ་ཡོད། འདི་ཇི་ལྟར་བསམས་ཀྱང་ཁྲིམས་འགལ་ཆེན་པོ་ཞིག་རེད།
གསུམ་པ། ཚུལ་ཁྲིམས་འོད་ཟེར་གྱི་དེབ་གསར་བ་འདིའི་ནང་གསེར་རྟ་ཚུལ་ཁྲིམས་ཀྱིས། དེང་སྐབས་རྒྱལ་ཕྱི་ནང་གཉིས་སུ་སེམས་ཅན་གྱི་མགོ་སྐོར་མཁན་ཞིག་ལ་མགོ་ལོག་དང་རྒྱལ་རོང་གཉིས་ལས་སྡུག་ཅིག་གང་ན་འདུག དེ་ཡིན་དུས་གསེར་རྟ་མགོ་ལོག་ཡིན་ཟེར་དགོས་ན་གསེར་རྟའི་མཚན་སྙན་ལ་གནོད་ཀྱི་རེད་ཟེར། ཟེར་བ་སོགས་གསེར་རྟ་ཚུལ་ཁྲིམས་དང་མགོ་ལོག་གི་བར། གསེར་རྟ་ཚུལ་ཁྲིམས་དང་རྒྱལ་རོང་གི་བར། གསེར་རྟ་ཚུལ་ཁྲིམས་དང་རྒྱ་རི་ཚང་གི་བར། གསེར་རྟ་ཚུལ་ཁྲིམས་དང་བསྟན་འཛིན་མགོན་པོའི་བར་སོགས་ལ་རྐང་བཙུགས་ནས་ཆེད་དུ་མི་མཐུན་པ་མང་པོ་བཟོས་འདུག་པས། གལ་ཏེ་གསེར་རྟ་ཚུལ་ཁྲིམས་ཀྱིས་དེ་ལྟར་བཤད་ཡོད་ན་སྐབས་དེར་ཁོའི་གྲོགས་པོ་མང་ཆེ་བ་མགོ་ལོག་ཡིན་པས་ཁོ་ཡང་ངོ་ཚ་ཁྲེལ་མེད་དང་། མངོན་ལྐོག་མི་ཐུབ་མཁན་ཞིག་ཡིན་པ་གསལ་པོར་བསྟན་འདུག་མོད། ཚུལ་ཁྲིམས་འོད་ཟེར་ལྟ་བུའི་གཞུང་ཞབས་སྤྱི་འཐུས་ཤིག་གིས་ཀྱང་བོད་མི་ནང་ཁུལ་གྱི་རྙོག་དྲ་ཇེ་མང་དང་ཇེ་ཆེར་གཏོང་རྒྱུ་འདི་༧རྒྱལ་བའི་བཀའ་དགོངས་དང་མཐུན་པ་ཞིག་རེད་དམ། དཔེར་ན་དེབ་འདིའི་རྐྱེན་ལ་བརྟེན་ནས་མགོ་ལོག་དང་རྒྱལ་རོང་གི་མིས་གསེར་རྟ་ཚུལ་ཁྲིམས་བརྡུང་རྒྱུ་ཡིན་ཟེར་ན། དེའི་འགན་སྔར་དེབ་འདི་འབྲི་སྐབས་གཞུང་ཞབས་སྤྱི་འཐུས་དང་། ད་སྐབས་སྤྱི་ཟུར་ཡིན་པའི་ཚུལ་ཁྲིམས་འོད་ཟེར་གྱིས་ཁུར་ཐུབ་ཀྱི་རེད་ནམ། སྤྱི་འཐུས་ཤིག་གིས་༧རྒྱལ་བའི་བཀའ་སློབ་མ་གོ་བ་ཡིན་ནམ་གོ་ཡང་སྣང་མེད་བྱས་པ་ཡིན།
བཞི། ད་དུང་ཡ་མཚན་པ་ཞིག་ལ། དེབ་དེ་ལ་ཤོག་ངོས་༥༣༢འདུག་པ་ལས་ཤོག་ངོས་༦༧པ་མན་ཆད་དེབ་ཧྲིལ་པོ་ཁོང་གཉིས་སྒེར་གྱི་རྙོག་དྲ་ལས་འཕྲོས་པའི་རྩོད་པ་དང་། དཀྲུགས་ཤིང་། ཚིག་ངན། མིང་འདོགས། དམའ་འབེབ། ཁྱད་གསོད། མཚང་འབྱིན་ཤ་སྟག་གིས་གྲུབ་ཡོད་པས་ཞེ་སྡང་གི་ཕུང་པོ་དེབ་ཀྱི་རང་གཟུགས་སུ་གྲུབ་པ་ཞིག་རེད། ཡིན་ན་ཡང་ཆེས་སྐྱུགས་མེར་ལངས་པ་ཞིག་ལ་དེའི་མཇུག་རྩོམ་གྱི་ནང་དུ། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་ཞབས་བརྟན་བཞེད་དོན་ལྷུན་གྲུབ་རྒྱུ་རུ་བསྔོ།། ཞེས་བྲིས་འདུག གཞུང་ཞབས་སྤྱི་འཐུས་ཤིག་གིས་སྤྱི་དོན་འཐུས་ཤོར་དུ་བཏང་ནས་བོད་མི་ནང་ཁུལ་ལ་དོན་མེད་ཀྱི་རྩོད་པ་དང་། དཀྲུགས་ཤིང་། ཚིག་ངན། མིང་འདོགས། དམའ་འབེབ། ཁྱད་གསོད། མཚང་འབྱིན་འདི་འདྲ་ཞིག་བྱེད་རྒྱུ་དེ་༧གོང་ས་མཆོག་གི་ཐུགས་དགོིངས་དང་མཐུན་པ་ཞིག་རེད་དམ། གལ་ཏེ་མིན་ན་སྐྱག་དྲི་དང་ཁྲག་དྲི་བྲོ་བའི་དེབ་ངན་གདོན་འདྲ་ཞིག་བྲིས་པ་དེ་༧རྒྱལ་བའི་ཞབས་བརྟན་དུ་བསྔོ་བ་འདི་ངོ་མ་ཞབས་བརྟན་དུ་འགྱུར་རམ་ཡང་ན་ལྡོག་ཕྱོགས་སུ་འགྱུར་མ་ངེས་པས་སེམས་ལ་རྣམ་རྟོག་ངན་པ་ཤར་བའི་རྒྱུ་ཞིག་ལས་མེད་པ་འདྲ།
Comments on “བཀླགས་ན་སེམས་མི་སྐྱིད་པའི་དེབ་ཅིག”
Comments are closed.
སྤྱིར་མགོ་ལོག་དང་རྒྱལ་རོང་ཡང་འགྲོ་བ་མི་ཡི་ཡུལ་ཡིན་པས་སེམས་ཅན་མགོ་སྐོར་མཁན་གྱི་མི་སྡུག་ཅག་རེ་ཟུང་ལོས་ཡོད། ཡིན་ན་ཡང་༼རྒྱལ་ཕྱི་ནང་གཉིས་སུ་སེམས་ཅན་གྱི་མགོ་སྐོར་མཁན་ཞིག་ལ་མགོ་ལོག་དང་རྒྱལ་རོང་གཉིས་ལས་སྡུག་ཅིག་གང་ན་འདུག༽ ཟེར་བ་དེ་ལ་ངོས་ལེན་མེད། སྔོན་མ་༧མཁན་པོ་འཇིགས་མེད་ཕུན་ཚོགས་ཚང་གིས་དབལ་ཤུལ་གསེར་རྟའི་རྒད་པོ་ཞིག་རྒྱ་ཡུལ་དུ་སོང་ནས། བྱ་དེ་ཁྲུང་ཁྲུང་དཀར་མོ།། གཤོག་རྩེ་ང་ལ་གཡོར་དང་།། ཐག་རིང་རྒྱང་ལ་མི་འགྲོ།། ལི་ཐང་བསྐོར་ནས་སླེབ་ཡོང་།། ཟེར་བཞིན་དབང་བསྐུར་ཁུལ་བྱས་པ་རེད་གསུངས་པ་དངོས་སུ་ཐོས་མྱོང་། ཡང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་ཅིག་ཏུ། གསེར་རྟའི་མི་འགའ་རེ་ཡར་མགོ་ལོག་ཏུ་སོང་ནས་བླ་རུང་གི་ཚེ་འབར་གྱི་ཞལ་འདེབས་ལ་ཁ་གཡར་ཏེ་ཟོག་མང་པོ་བསྡུ་རུབ་བྱས་ནས་དེད་སོང་ཚུལ་ཞིག་ཀྱང་གསུངས་ཀྱི་འདུག དེས་ན་སེམས་ཅན་གྱི་མགོ་སྐོར་བ་ལ་མགོ་ལོག་དང་རྒྱལ་རོང་གསེར་རྟ་གསུམ་པོའི་སུ་སྡུག་ཤེས་དཀའ་མོ་ཞིག་རེད།
སྔོན་དུ་ཨ་ཞང་རྒྱ་དམར་དྲུང་ནས་ས་ཆ་དེ་ཚུར་ལེན་དང་། དེ་ནས་ཆོལ་ཁ་གང་གི་ཁོངས་སུ་གཏོགས་མིན་རྩོད་ན་ཆོག
དགེ་རབ་ལགས།ཁྱོས་མཐའ་གཅིག་ཏུ་གསེར་འོད་ལ་མ་འགྲིག་རྐྱང་བཤད་དོན་ཅི་ཡིན།གསེར་ཁྲིམས་དཀར་བོ་རེད་མདོག་མདོག་མ་བཤད།ཕྱོགས་གཉིས་ཆར་བལྟས་ན་ཁྱོད་བརྩོག་ཁོ་བརྩོག་རེད།སྐད་ཆ་དྲང་མོ་ཤོད་རོགས།
རྒན་པོ་དྲ་ཐོག་ཏུ་མ་ཡོང་མ་ཡོང་པར་དེ་རིང་སླེབ།
དེབ་ཀློག་པའི་དུས་ཚོད་མེད་གི་མེད་གི་ལ་དེབ་རྩོགས་པ་ཀློག།
འབྲི་ཁོམ་མེད་གི་མེད་གི་ལ་ཁྲོང་ཁྲོ་ཡི་དེད་ནས་རྩོམ་འདི་བྲིས།
ད་གསེར་ཐ་ཚུལ་ཁྲིམས་འོད་ཟེར་གི་ལན་ལ་སྒུག་ནས་སྡོད་ལོ།
ཀུ་རེ་ཡིན་གྲོགས་པོ་མི་དེ་ཚོ་ལ་ཅང་གླེང་རིན་ཡོད་ནི་མ་རེད་ངའི་སྔོན་མ་ནས་བཤད་མྱོང་
ཁ་ཡ་བྱེད་རིན་ཡོད་མ་རེད་གང་བྱེདན་བྱེད་ཆིག་ཁྲབ་སྟོན་པ་རེད་ད་དུང་སྤྱི་སེམས་ཡོད་མདོག་གི་ཁ་སྔོན་སྤྱི་མཐུས་འཚོགས་དུས་ཐ་མའི་ཐོག་ཚོགས་གཙོ་ལ་སྐད་ཆ་རྫིགས་པོ་ག་འདྲ་བཤད་སོང་།།
རེད་གྲོགས་མི་འདི་རྣམས་ལ་རང་ལ་བལྟ་བའི་མེ་ལོང་ཡོད་མ་རེད་སྐུ་རླུང་མ་བཞེངའོ་
རང་བདེ་བོ་ཡིན་ནམ།།།
གསེར་ཐ་ཚུལ་ཁྲིམས་ཟེར་ནས་ཐེངས་མང་པོ་གོ་མྱོང་། འོན་ཀྱང་དོ་སྣང་ཞིག་མ་བྱས། གོང་གི་རྩོམ་ཡིག་འདི་ཀློག་དུས་དེ་ནི་མི་གཉིས་རེད་འདུག ད་ཁོ་གཉིས་རྒྱག་རེས་རྒྱག་བཅུགས། གླེན་པ་བཀག་ན་ཁོག་ནི་མ་རེད། ཕུ་ནུའི་ནང་འཁྲུག་དེར་ལྟོས་ནས་སྡོད་དང་སུ་ངན་པ་དེ་རྒྱལ་འགྲོ་གི་རེད། ཁོང་གཉིས་ཀའི་མཚང་ཕྱི་ལོག་ལ་བཏོན་པ་མ་གཏོགས། གསེར་ཐ་དང་མགོ་ལོག་ཟེར་བ་དེ་ཚོ་འགྱུར་བ་མེད་པར་རང་ཆ་བསྡད་ཀྱི་རེད། ཁོང་གཉིས་ཀས་ག་ཚོད་བརྩད་བརྒྱབ་ན་ཡང་རང་ཆ་བསྡད་ཀྱི་རེད། འོ་ཅིག་དྲན་སོང་། རྨ་ཆེན་གངས་རི་དེ་ཐག་ཉེ་མགོ་ལོག་ཐག་ཉེ་དེ་བར་ཡོད་ས་ཡོད། ཁོང་གཉིས་ཀས་རྨ་ཆེན་གངས་རི་ཅིག་ལ་སྤོར་རྩིས་མེད་པ། ཁོང་གཉིས་ཀས་རྩད་ག་ཚོད་བརྒྱབ་ན་བརྒྱབ། རྨ་ཆེན་གངས་རི་ཅིག་ལ་སྤོ་མི་ཉན་ཡ། ང་ཚོ་ཕ་ཡུལ་ལ་སོང་ན་ས་བཅུ་བ་ཐོབ་པའི་ཨ་མྱེས་རྨ་ཆེན་ཟེར་ནས་བསང་ཕུད་ས་དགོས་ཀི།
ཚད་ལྡན་གྱི་རྩོམ་པ་པོ་ཞིག་ཡིན་ན། དཔྱད་བརྗོད་བདེན་པ་དང་སྐྱོན་འཛུགས་རིགས་ལ་ཁུངས་སྐྱེལ་ཆ་ཚང་ཡོད་དགོས་པ་ཞིག་རེད་མོད། སྤྱི་ཟུར་གྲྭ་ཚུལ་ཁྲིམས་འོད་ཟེར་གྱིས་བཤད་པ་དེ་དག་ལ་ཁོངས་སྐྱེལ་ཚད་ལྡན་གང་ཡང་མི་འདུག དཔེར་ནས་གསེར་རྟ་ཚུལ་ཁྲིམས་ཀྱིས་མགོ་ལོག་དང་རྒྱལ་རུང་མགོ་སྐོར་གཏོང་མཁན་སྡུག་ཤོས་རེད་ཅེས་པའི་སྐད་ཆ་ཡོད་མེད་ལ་ཁུངས་སྐྱེལ་གང་ཡང་ཡོད་པ་མ་རེད།
དེ་བཞིན་དེབ་ཀྱི་བརྗོད་བྱ་གཙོ་བོ་གསེར་རྟ་ཨ་མདོ་ཡིན་པ་ལ་ཡང་ཚད་ཐུབ་ཀྱི་ཁུངས་སྐྱེལ་གང་ཡང་མི་འདུག དེབ་དང་པོ་དེ་ཀློག་མྱོང་ཡོད་ལ། གཉིས་པ་དེ་ཀློག་མེད།
སྐབས་བཅུ་བཞི་པའི་སྤྱི་འཐུས་འོས་བསྡུ་བྱེད་ལ་ཉེ་སྐབས། ཚུལ་ཁྲིམས་འོད་ཟེར་གྱིས་ཁོང་ཨ་མདོའི་སྤྱི་འཐུས་སུ་ལངས་རྒྱུ་ཡིན་ལ། ཁོང་གསེར་རྟ་ཡིན་ཞེས་པ་དང་། གསེར་རྟ་ཨ་མདོ་ཡིན་པའི་དེབ་དེ་བྲིས་པ་རེད།
དེ་ནས་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་བསྡུ་ལ་ཉེ་སྐབས། ད་ཐེངས་ཀྱི་དེབ་གཉིས་པ་དེ་བཀྲམ་འདུག དོན་དམ་པར་ཚུལ་ཁྲིམས་འོད་ཟེར་ནི་ཁམས་དཀར་མཛེས་རྫོང་ཁོངས་ཀྱི་རྡ་ཐལ་མའི་སྡེ་བ་ནས་རེད། གསེར་རྟ་ཨ་མདོ་ཡིན་མིན་བཤད་རྒྱུ་ལས། ཁོ་རང་ཨ་མདོ་ཡིན་མིན་ལྟ་དགོས་པ་ཞིག་རེད། ཆོལ་ཁོངས་ཀྱི་སྤྱི་འཐུས་ནི་ཆོལ་ཁ་དེ་རིང་གི་མི་སྡོད་ས་ཞིག་རེད།
ད་དུང་ཚུལ་ཁྲིམས་འོད་ཟེར་གྱིས་གསེར་རྟ་ཨ་མདོ་ཡིན་པའི་དེབ་དེ་བྲིས་པ་དང་། གསེར་རྟའི་གྲྭ་པ་རེ་ཟུང་གིས་སྔོན་མ་བཙན་བྱོལ་བོད་མིའི་དཔྱ་ཁྲལ་ལག་དེབ་ཁམས་ཁོངས་སུ་བཟོས་ཡོད་ནའང། རྗེས་སུ་ཨ་མདོར་བསྒྱུར་བ་མང་པོ་ཡོད་པ་རེད།
དགེ་འདུན་རབ་རྒྱས་ལགས་ཀྱིས་བཀླགས་ན་སེམས་མི་སྐྱིད་པའི་དབེ་ཅིག། ཞེས་པའི་འགོ་རྗོད་འོག་ཏུ་གཙོ་བོ་དེ་དོན་དག་བཞིའི་ཐོག་ཧང་སངས་སོང་། ཞེས་དོན་གནད་བཞི་ཅན་དེའི་ནང་ནས་ གཉིས་པ། བལ་ཡུལ་སྣེར་ལེན་ཁང་དུ་བཀོད་པའི་འབྱོར་ཐོར་དང་། བོད་ཀྱི་རྩོམ་པ་པོའི ་མཐུན་ཚོགས་སུ་ཞུགས་དུས་ཀྱི་འགེངས་ཤོག། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཕུལ་བའི་སྙན་ཞུའི་ཡིག་ཆ། སྐུ་དགེ་ཡིག་ཚང་དུ་ཕུལ་བའི་སྙན་ཞུའི་ཡིག་ཆ་བཅས་ཀྱི་སྐོར་དེ་དོན་གནད་ཤིན་ཏུ་གལ་ཆེ་ལྡན་པའི་གནས་ཚུལ་ཞིག་བཤད་འདུག། ལག་སྲིད་ཁྲིམ་སར་ནག་ཉེས་སླེབས་པའི་མི་ཞིག་མིན་ཚེ་སྒེར་གྱི་ཡིག་ཆ་གང་འདྲ་ཞིག་ཡིན་ཡང་གཞུང་དང་ཚོགས་པ་དེ་བཞིན་མི་སྒེར་སུ་ཞིག་ཡིན་ཀྱང་མི་དངོས་དེར་དགོངས་སྐོར་མེད་པར་མི་གཞན་གྱིས་པར་ཤུར་དང་ཚིག་ཐོར་གང་ཡང་ལེན་ཆོག་གི་མེད་པར་འཛམ་གླིང་ཁྲིམས་ལྡན་གྱི་དམངས་གཙོའི ་སྲིད་གཞུང་གིས་མི་སྒེར་གྱི་བདེ་འཇག་འགན་ལེན་གྱི་ཆ་ཤས་ཞིག་ཏུ་ངེས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་ཡར་ཐོན་གྱི་དམངས་གཙོ་ཅན་གྱི་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་མི་སྒེར་གྱི་བདེ་འཇག་གི་ཆེད་དུ་མི་སུ་འདྲ་ཞིག་གི་ལོ་རྒྱུན་དང་ཁ་བྱང་སོགས་འབྲེལ་མེད་གཞན་ལ་འཁོར་སྤྲོད་དགོས་རིགས་མི་དངོས་དེར་ངེས་པར་དུ་འབྲེལ་བ་བྱེད་དགོས་ཀྱི་ཡོད། གལ་སྲིད་ཁྱེད་ཀྱིས་བཀའ་འཁྲོལ་མེད་པར་གཞན་གྱི་ཡིག་ཆ་སོགས་འཁོར་སྤྲོད་བྱས་ཚེ་ཁྱེད་ལ་ཁྲིམས་ཉེས་ཕོགས་ངེས། དེར་རྟེན་ད་ལན་ཡིག་ཆ་དེ་དག་གི་དཔར་སློག་བརྒྱབ་པར་འབྲེལ་ཡོད་དང་དགོངས་སྐོར་ཡོད་མེད་དང་གནས་ཚུལ་གང་ཞིག་གི་ཆེད་དུ་འཁོར་སྤྲོད་བྱས་ཡོད་མེད་སོགས་ལ་ཞིབ་འཇུག་གནང་ན་དམངས་གཙོ་དང་རང་དབང་དེ་བཞིན་འགན་དབང་བཅས་ཀྱི་སྐོར་དགོས་པ་ཆེན་པོ་ཡོད་པ་ཞིག་རེད།
ཁོང་གཉིས་ཀྱིས་རྩོད་གཞི་གཞི་དེ་ཆོལ་ཁ་སོགས་གང་ཡང་མིན།
སྐུབས་རྟེགས་ཀྱི་ཆེད་དུ་ཡིན་པ་གསལ་པོ་རེད་ད།
དང་པོ་ང་ཞེས་བདག་ཏུ་ཞེན་གྱུར་ཅིང་། བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་ཞེས་པའི་དོན་ལྟར་འཇིག་རྟེན་འཁོར་བ་ཐོག་མེད་ནས་འཁྱམས་ཟིན་པ་དང་། མཐའ་མེད་དུ་འཁྱམ་པར་འགྱུར་བ། འཁྱམ་བཞིན་པ་འདི་ལ་བསམ་ན་སེམས་མི་སྐྱིད་པ་ཞིག་མ་གཏོགས་སྐྱིད་པ་ཞིག་ཡེ་མི་འདུག་མོད། ཡིན་ན་ཡང་ཧ་ཅང་ཐལ་ཆེས་པ་ཞིག་ལ་རྒྱལ་བ་རྫོགས་པའི་སངས་རྒྱས་དངོས་ལྟ་བུ་༧གོང་ས་མཆོག་གི་བཞུགས་གནས། གངས་ཅན་བྱེས་འབྱོར་གྱི་བསྟི་གནས། བོད་ཀྱི་རྒྱལ་ས་གཉིས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་། དྷརྨྰ་ཆོས་གླིང་ནས་ཁྲིམས་མེད་ལུགས་མེད་བྱ་རོག་སོ་བརྟག་གི་བསྟན་བཅོས་ལྟ་བུ་དུ་མ་ཞིག་ཐོན་སོང་། ཕལ་ཆེ་བ་ཆོས་ལུགས་དང་ཆོལ་ཁའི་གླེང་ཕྱོགས། ང་བཟང་ཁྱོད་ངན་གྱི་སྒྲོ་བསྐུར་དུ་མས་དབུས་གཙང་དང་། ཁམས་པ་དང་ཨ་མདོ། མདོ་སྟོད་དང་མདོ་སྨད་ཀྱི་ལོ་རྒྱུས་ཞེས་ཕྱོགས་རིས་མིག་ཅན་དག་གིས་བསྒྲིགས་པ་ཕལ་ཆེ་བ་རེད་འདུག མ་རབས་མགོ་འཕང་མཐོ་བ་ནི་མཐུན་སྒྲིལ་ཉམས་པའི་སྔ་བལྟས་རེད། དེ་དག་ལ་རིས་མེད་གཟུ་དཔུང་ཞིག་མེད་པའི་ལན་རེད་འདུག་སྙམ། དེ་ལ་བོད་པ་གཞིས་བྱེས་ཀུན་གྱིས་གཟབ་པར་མཛོད། ཐུགས་མཐུན་ཁྲིམས་གཙང་གི་འཆད་རྩོད་རྩོམ་པ་ལ་འབད་དགོས། ལོ་སྔོན་མ་སྐབས་ཞིག་ནས་བཟུང་རྣམ་དཔྱོད་མཁྱེན་རབ་མཁའ་ལྟར་ཡངས་པ། གཟུར་གནས་ལྷག་བསམ་ཟླ་ལྟར་དཀར་པའི་མཁས་དབང་འགའ་ཞིག་གི་སྒྲིག་བཞིན་པའི་(ཆོལ་གསུམ་བོད་ཀྱི་ལོ་རྒྱུས་)དེ་ཡང་དེང་སང་མེ་ཤི་བའི་དུ་བ་བཞིན་དུ་འགྱུར་མ་སོང་ངམ། དེ་དག་ལ་ཡི་རང་བྱེད་ཐུབ་ཀི་མི་འདུག
ཧྥ་རན་སིའི་སྒྲུང་གཏམ་གྲགས་ཅན། རྒྱལ་སྲས་ཆུང་ཆུང་ཟེར་བ་དེའི་ནང་ཏུ་འབངས་མི་མེད་པའི་རྒྱལ་པོ་ཞིག་ཡོད་རབས་དང་། དེའི་བཀའ་གཏོང་ཚུལ་སོགས་ཡོད། དེ་དང་རང་རེའིརྒྱལ་ཁབ་མེད་པའི་ས་རྩོད་ཆུ་རྩོད་ཕྱོགས་འདྲ། ཆོལ་ཁ་དང་ཆོས་ལུགས། ཀརྨ་པ་རྣམ་གཉིས་སོགས་ཀྱི་རྩོད་པ་འཐབ་རྩོད་དངོས་ཡིན་པས་སྤང་བར་ཞུ། མཐུན་སྒྲིལ་གྱིས་ཤིག སྐུ་དྲིན་ཆེ། ཡང་། དགེ་འདུན་ཆོས་འཕེལ་གྱིས། ག་ལེར་བསམ་ན་རང་རེའི་ཐ་སྙད་པའི། །ང་རྒྱལ་དེ་ནི་དོན་གྱི་ང་རྒྱལ་ཡིན། ཞེས་པ་དེ་ཅུང་ཟད་བསྒྱུར་ན། ག་ལེར་བསམ་ན་རང་རེའི་མི་ཆེན་ཚོའི། །འཁྲུགས་རྩོད་དེ་ནི་དོན་ཀྱི་དམག་འཁྲུགས་ཡིན། ། ཅེས་ཀྱང་སྨྲའོ། །
ང་ཚོའི་ཆོལ་གསུམ་ཆིག་བསྒྲིལ་དང་བོད་ཀྱི་སྤྱི་སྐད་སོགས་གཏན་འབེབས་བྱེད་རྒྱུར་འབད་འབུངས་བྱེད་བཞིན་པའི་སྒང་འདིར ང་ཚོའི་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློའི་གཏོང་ངང་བོད་ཀྱི་དོན་དུ་སྐུ་ངལ་སྐྱོན་བཞིན་པའི་སྒང་འདིར ང་ཚོའི་བོད་ཀྱི་གླུ་བ་གླུ་མ་ཚོས་མཐུན་བསྒྲིལ་གྱིས་དང་མཐུན་བསྒྲིལ་གྱིས་ཞེས་འབོད་བརྡ་གཏོང་བཞིན་པའི་སྒང་འདིར ང་ཚོའི་བོད་ཕྱི་ནང་གཉིས་ནས་བོད་ཁ་བ་གངས་ཅན་པའི་ད་ལྟའི་ལས་དབང་དང་མ་འོང་མདུན་ལམ་སོགས་ལ་ཐབས་བརྒྱ་ཅུས་སྟོང་སྒྲུབ་བཞིན་པའི་སྒང་འདིར།
ནང་ཁུལ་དཀྲུག་ཤིང་གི་གདོན་འདྲེ་གསོན་པོ་བཞིན་ རྡོར་རྗེ་ཤུགས་ལྡན་ཚོགས་པ་དང་ལུང་ཚན་འཐེན་ཁྱེར་ཀྱི་གཏེ་བོ་འདི་ཚོས་བརྩམས་པའི་བྱ་བ་སྙིང་ལ་གཟན་པ། སྤུན་ཟླ་ཚོ་ཁོང་ཚོ་ལ་དོག་ཟོན་བྱེད་དགོས་
ང་ཚོའི་མཐུན་བསྒྲིལ་གྱི་གསེར་ཟམ་གཏོར་བར་དོག་ཟོན་བྱེད་དགོས།
སྤུན་ཟླ་ཚོ་དོག་ཟོན་བྱེད་བྱེད་དགོས་ཁོང་ཚོས་རྒྱ་གུང་ཁྲན་པའི་འདོད་འདུན་བསྐོང་ནས་བོད་གངས་ཅན་པའི་ཚེ་སྲོག་ལ་བརྙབ་ཡོང་།
སྤུན་ཟླ་ཚོ་དོག་ཟོན་བྱེད་དགོས་རྡོར་རྗེ་ཤུགས་ལྡན་ཚོགས་པ་དང་ཆོལ་གསུམ་དཀྲུག་ཤིང་གི་མི་ངན་ཚོ་ལ་དོག་ཟོན་བྱེད་དགོས།
ཆོལ་གསུམ་ནང་དཀྲུག་གི་བསམ་ངན་སྦྱོར་རྩུབ་ལ་འབད་པ་བྱེད་ཅིང་ཡིག་ཉོག་འགྲེམས་སྤེལ་བྱེད་མཁན་དག
ལ་དོག་ཟོན་བྱེད་དགོས། ་
དེངས་སྐབས་མགོ་བདེ་བ་དེ་ཚོས་སྤྱི་ཚོགས་ནང་དུ་གླེང་ཕྱོགས་འདྲ་མིན་སྣ་ཚོགས་བཟོས་ཏེ། རང་ཉིད་ལ་སྐད་གྲགས་དང་ཆེ་མཐོང་གི་གོ་སྐབས་འཚོལ་བཞིན་པ་རེད། རྙོགས་ཟིང་ལས་ཕན་ཐོགས་སྤུ་ཙམ་མེད་པས་རྩོད་པ་དེ་ཚོར་དོ་སྣང་བྱེད་དགོས་དོན་མེད། གསེར་རྟ་གུ་ལོག་དང་ཁམས་གང་ཡིན་ཀྱང་། ཁྲལ་འབབས་ཀྱི་སྤྲོད་སའི་གཞུང་གཅིག་ལས་མེད་ལ། ཕྱི་ཚོང་དང་ནང་ཚོང་གི་འབྲེལ་ལམ་གཅིག་ལས་མེད་པས་རྒྱལ་ཁབ་གཉིས་ཀྱིས་མངའ་ཁོངས་བཞིན་རྩོད་པ་བྱས་པ་ལ་མཐར་ཐུག་གི་གྲུབ་དོན་གང་ཡང་མེད། དེས་ན་རྩོད་དེབ་དེ་དག་ནི་བྱ་རོག་སོར་རྟོག་གི་བསྟན་བཅོས་བཞིན་དགོས་པས་སྟོང་པ་ཡིན་ནོ།།
རྩོད་པ་འདིའི་རིགས་ལ་དོན་སྙིང་གཅིག་ཀྱང་མི་འདུག
༡ གསེར་རྟ་དེང་སྐབས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁོངས་སུ་ཡོད་ཅིང་། ཁུལ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་བཅད་བགོས་ཀྱི་ཆ་ཤས་ཤིག་རེད་ལ། ས་ཁོངས་དེའི་སྟེང་དུ་མི་སྡོད་ཆོག་པ་དང་ཕྱུགས་ཟོག་གིས་རྩྭ་ཟ་ཆོག་པའི་ཐོབ་ཐང་ཙམ་ལས་ས་བདག་ཆུ་བདག་ངོ་མའི་དབང་ཤེད་རྒྱ་གཞུང་ལ་ཡོད་པས། རྩོད་པ་རྒྱག་ས་ངོ་མ་དེ་རྒྱ་གཞུང་རེད་མ་གཏོགས་བོད་མི་ནང་ཁུལ་མ་རེད།
༢ གསེར་རྟ་ཚུལ་ཁྲིམས་ལགས་ཀྱི་སྙན་ཞུའི་ངོ་བཤུས་དེ་དག་དེབ་ནང་བཀོད་ཡོད་ན། དོ་བདག་གི་ཆོག་མཆན་མེད་པར་བཀོད་པ་དེ་དང་སྤྲད་མཁན་གཉིས་ཆ་ཁྲིམས་འགལ་ཡིན་པས། ལས་ཁུངས་དེ་དག་ཆ་ཚང་ལྐོག་ཟ་རུལ་སུངས་དང་ངན་གཡོའི་བསྟི་གནས་ཤིག་གི་མཐོང་སྣང་བསྐྲུན་ཐུབ་ཡོད་སྟབས། བོད་ཕྱི་ནང་གཉིས་སུ་ཡིད་ཆེས་བྱ་ཐབས་མེད་པའི་གནས་སྟངས་ཤིག་གི་འོག་ལྷུང་བཅུག་ཡོད།
༣ དེང་སྐབས་གྲ་སྒྲིག་བློ་མཐུན་ཁག་ཅིག་གིས་བོད་ཀྱི་ལོ་རྒྱུས་ནག་བསུབ་ཀྱིས་རྒྱ་གཞུང་གི་རྩ་ཁྲིམས་འོག་འགྲོ་བཞིན་ཡོད་ལ། རྩ་ཁྲིམས་འོག་གོང་གི་རྩོད་པ་འདི་རིགས་ཁྲིམས་འགལ་ཤ་སྟག་ཡིན་པས། བློ་མཐུན་ཚོའི་བྱ་བཞག་ལ་བར་ཆད་བཏང་ཡོད་པར་མ་ཟད། འཐབ་ཕྱོགས་གཅིག་གྱུར་ཁང་གི་དམིགས་ཡུལ་དངོས་སམ་བོད་མིའི་ནང་ཁུལ་འཁྲུག་སློང་གི་ལས་སུའང་ཞུགས་ཡོད་པས། ཁེ་བཟང་རེག་གི་ཡོད་ན་མ་གཏོགས་དབུ་བསྐོར་འོག་ཚུད་མེད་པའང་མ་རེད་འདོད།
བལ་ཡུལ་སྣེ་ལེན་ཁང་དང་། རྡ་རམ་ས་ལའི་ནོར་གླིང་ཡིག་ཚང་སོགས་ཀྱིས། མི་སྒེར་གྱི་སྙན་ཞུའི་ཡིག་ཆའང་ནང་ཁུལ་ལ་མཁོ་སྤྲོད་གནང་གི་ཡོད་པ་འདི་དངོས་ནས་ཡག་པོ་མ་རེད། ལྷག་པར་དུ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལྟ་བུ་ཡིན་ན། དེ་ལས་ཀྱང་སོ་སོའི་ཚོགས་མིའི་ལོ་རྒྱུས་སྙན་ཞུའི་ཡིག་ཆ་དེ་ཚོ་ཁྲོམ་བསྒྲགས་བྱས་པ་ནི་བློ་ཡུལ་དུ་མི་ཤོངས་པ་ཞིག་རེད། ཁྲིམས་ཀྱི་ངོས་ནས་བཤད་ན། འདི་ནི་མི་སྒེར་གྱི་གསང་བ་ཟེར་བ་དེའི་ཁོངས་གཏོགས་ཆགས་ཡད་པ་རེད། མི་སྒེར་གྱི་གསང་བ་ཟེར་བ་ནི། ཁྲིམས་ར་ནས་བདེན་དཔང་དུ་བེད་སྤྱོད་བྱེད་དགོས་པ་ཤར་ན། དེ་ཁོ་ན་ནས་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་ལས། དེ་མིན་ཕྱིར་བསྒྲགས་བྱས་པ་ཡིན་ན། དེ་ནི་ཁྲིམས་དང་འགལ་བར་བརྩི་གི་རེད། ནོར་གླིང་གི་ཡིག་ཚང་ན་ཡོད་པའི་སྙན་ཞུ་དང་། རྩོམ་པ་པོའི་མཐུན་ཚོགས་ན་ཡོད་པའི་སྙན་ཞུ་ནི། སྐད་ཆ་དྲང་བཤད་བྱས་ན། ཨ་མདོ་བ་ཚོས་ཨ་མདོ་བར་ནང་ཚག་བྱས་པའི་ཁུལ་རེད། མ་གཞི་ནས་ནོར་གླིང་ཡིག་ཚང་དང་རྩོམ་པ་པོའི་མཐུན་ཚོགས་ཡིག་ཚང་ལ་ཡིག་ཚང་གི་འགྲོ་སྟངས་གོ་རིམ་ལྡན་པ་ཞིག་མེད་པ་དེས་འདི་བྱུང་བ་རེད། ཨ་མདོ་ནང་ཚག་བྱེད་ནའང་། སྤྱི་བའི་ལས་ཁུངས་དེ་ནང་ཚག་བྱས་ཆོག་པ་འདི་འགྲོ་ལུགས་ཁྱད་མཚར་པོ་ཞིག་རེད། སྐུ་སྒེར་ཡིག་ཚང་གི་ཡིག་ཆའི་ངོ་བཤུས་དེ་ཚོ་ནི་གསེར་རྟ་བ་ཁ་ཤས་ཀྱི་ལག་ན་དཔར་བཤུས་མཐོང་རྒྱུ་འདུག དེ་ནི་ཡིག་ཆ་དེ་གནང་ཡུལ་གྱི་ངོས་ནས་བཀྲམས་པ་ཞིག་རེད་འདོད། དེབ་དེ་ངས་བཀླགས་མྱོང་། གཞན་པ་གང་ལའང་ཧ་ལས་མ་སོང་། ཡིག་ཆ་དེ་ཚོར་ང་ཡང་ཧང་སངས་སོང་། ཧང་སངས་དོན་ནི་གཤམ་གྱི་དྲི་བ་འདི་ཚོར་ལན་རྙེད་མི་རྙེད་ཀྱིས་བྱས་སོང་།
༡ ནོར་གླིང་ཡིག་ཚང་ནས་སྙན་ཞུའི་ཡིག་ཆ་མཁོ་སྤྲོད་གནང་མཁན་སུ་ཡིན་ནམ།
༢ རྩོམ་པ་པོའི་མཐུན་ཚོགས་ནས་སྙན་ཞུའི་ཡིག་ཆ་མཁོ་སྤྲོད་གནང་མཁན་སུ་ཡིན་ནམ།
༣ བལ་ཡུལ་སྣེ་ལེན་ཁང་གི་ཡིག་ཆ་དེ་མཁོ་སྤྲོད་གནང་མཁན་སུ་ཡིན་ནམ།
རེད་རེད། ཞབས་འདྲེན་དང་རེད། ཡིན་ན་ཡང་གསེར་རྟ་ཡིན་ན་གསེར་ཐ་ཡིན་ན་ག་རེ་ཡིན་ན་ལུང་པ་དེ་ལ་ཕལ་ཆེར་མགོ་ལོག་ཡིན་མིན་རྩོད་རྒྱུ་ཡོད་ནི་མ་རེད། རྩོད་ཀི་ཡོད་མ་རེད།
ཡིན་གྱི་མདོ་སྟོད་དང་མདོ་སྨད་གང་ཡིན་རྩོད་ཀི་ཡོད་པ་འདྲ། གསེར་རྟ་མདོ་སྟོད་ཡིན་ན་མགོ་ལོག་ཡིན་མི་ཆོག་རྒྱུ་ཞིག་དང་། མདོ་སྨད་ཡིན་ན་མགོ་ལོག་ཡིན་དགོས་པའི་རྒྱུ་མཚན་ཞིག་ཡོད་ཚོད་མ་རེད། གལ་ཏེ་ཁོང་ཚོ་་མདོ་སྨད་ཡིན་ན་མདོ་སྨད་ཀྱི་སྡེ་པ་མགོ་ཐུབ་ཅིག་ཡིད་ཚོད་རེད། ཧོར་་ཚང་འཇིགས་མེད་ཀྱི་མདོ་སྨད་ལོ་རྒྱུས་ནང་དུ་མགོ་ལོག་དང་གསེར་རྟ་ལོག་སུ་བྲིས་འདུག་མ་གཏོགས། གཞན་གསེར་རྟ་ཡིན་ན་དེ་ཞེ་དྲག་ཧ་གོ་མྱོང་མེད།
གང་ལྟར་མི་འདི་ཚོ་མ་རབ་རེད། དགེ་རབ་ཀྱིས་བཤད་པ་བདེན་པ་རེད། མི་འདི་ཚོའི་དམིགས་ཡུལ་གང་ཡིན་མི་ཤེས་སྤྱི་ཚོགས་ནང་དཀྲུག་ཡོང་ན་ཡག་པོ་མ་རེད།
མདོ་སྨད་ལོ་་རྒྱུས་གཞི་ལ་བཞག་ན་གསེར་རྟ་འདི་མགོ་ལོག་རེད་མི་འདུག མདོ་སྟོད་མདོ་སྨད་ཀྱི་་ས་མཚམས་་རྩོད་པ་ཅན་ཞིག་ཡིན་པ་འདྲ། མ་གཞི་ཁོང་ཚོ་ཚོར་མྱོང་ཙམ་ལས་རྒྱུས་མེད།
དྲ་གྲོགས་རྣམས་ལ་དྲི་བ
གལ་སྲིད་ག་གེ་མོ་ཞིག་གི་སྐྱེས་ས་ཨ་མདོ་དང་ཁོའི་ཕ་མ་གཉིས་ལས་གང་རུང་ཞིག་ལྷ་ས་ཡིན་བ་དང་གཅིག་ཁམས་བ་ཡིན་ན་སྤྱི་འཐུས་ལ་བདམས་ཆོག་གམ གལ་སྲིད་བདམས་ཆོག་ན་ཕྱོགས་གང་གི་བདམས་ཆོག
ཁོ་རང་ཉིད་ག་བ་ནས་ལང་ལང་རེད་དམ་མརེད
སྐབས་འཚོལ་རིང་ལུགས་པ་ཚོ། གསེར་རྟ་མདོ་སྟོད་ཀྱི་མ་རེད་ལ་གསེར་རྟ་མདོ་སྨད་ཀྱི་ཡང་་མ་རེད། གསེར་རྟ་གུང་ཁྲན་ཏང་གི་རེད། རྒྱལ་ཞེན་མེད་པའི་ལུང་ཞེན་ཅན་གྱི་གླེན་པ་ཁྱེད་ཚོས་གསེར་རྟ་བརྩོད་དགོས་ན་སྔོན་ལ་གུང་ཁྲན་ཏང་གི་ས་ནས་བརྩོད་དང་དེ་ནས་གང་དགའ་བོད་གཞུང་གི་བལྟ་ཡི་རེད། ད་ལྟ་གཞན་དབང་གི་དབུས་བོད་མིའི་སྒྲིག་བཙུགས་དེ་ཡང་གནས་མི་གནས་ཀྱི་འཚམས་སུ་གླེན་པ་ཁྱེད་ཚོས་གཞིས་ལུས་ཁ་ཁྲལ་དུ་མ་གཏོང་ཅིག
གཞིས་ལུས་མི་མང་ཁྲག་གི་ནང་དུ་ཉལ་ཡོད་པའི་སྐབས་འདིར་འུ་ཚོས་ནང་ཁུལ་གྱི་མི་རྒྱུ་མཚན་མེད་པ་དེ་ཚོ་བརྩད་ནས་ཅི་ཕན། དེ་རྩོད་མཁན་ཚོ་ཡང་འགན་འཁྲི་མེད་ས་ཞིག་ཏུ་ཨུ་ཚུགས་ཀྱི་འཚང་མཁན་ཤ་སྟག་མིན་ནམ། དངོས་གནས་ནང་འཁོན་རིགས་ཀྱི་འགོ་སློང་མཁན་དེ་རིགས་རྒྱང་ཁད་གྱེས་པས་བཟང་།
བཀྲ་ཤིས་ཀྱིས་བཤད་པ་བདེན་པ་རེད། ༼༼fདེ་རྩོད་མཁན་ཚོ་ཡང་འགན་འཁྲི་མེད་ས་ཞིག་ཏུ་ཨུ་ཚུགས་ཀྱི་འཚང་མཁན་ཤ་སྟག་མིན་ནམ།༽༽ཟེར་བ་འདི་ལོས་བདེན། བོད་དོན་ལ་འགན་འཁྲི་་ཁུར་དགོས་དོན་་མེད་མཁན་གསེར་རྟ་དེ་ཚོ་ཡང་བོད་གཞུང་གི་གཞུང་ཞབས་ལ་འཚང་ག་རྒྱག་གི་ཡོད་ས་རེད། བོད་གཞུང་དགའ་ལྡན་ཕོ་བྲང་དགེ་ལུགས་པ་དང་དབུས་གཙང་གི་ཡིན་པ་༸གོང་ས་མཆོག་གི་གསུང་ཡོད་པ་མ་གོ་ནི་ཡིན་རྒྱུ་རེད། ཞབས་འདྲེན་དེ་ཚོ། མ་རབ་དེ་ཚོ། སྤྱི་འཐུས་ཡིན་ནམ་ག་རེ་སྤྱི་འཐུས་གཏོར་བཤིག་རྐྱང་རྐྱང་རྒྱབ། མི་ངན་དེ་འདྲ་ཞིག་ལ་རྩོམ་ངན་དེ་འདྲ་མ་གཏོགས་འབྲི་རྒྱུ་ག་ལ་ཡོད།
རྣམ་པ་ཚོས་ག་རེ་ཤེས་དགོས་པ་རེད་ཟེར་ན།
ལུང་ཚན་གྱི་མིང་ཁ་ལ་ཁྱེར་ནས་རྙོག་གླེང་གི་གཞི་བསྐྲུན་མཁན་འདི་དག་གི་ངོ་བོ་ངོས་འཛིན་གསལ་བོ་བྱེད་དགོས་པ་རེད། གསེར་རྟ་གང་དུ་གཏོགས་ཀྱང་ད་ལྟ་རྒྱ་ནག་གི་བདག་ཏུ་ཡོད་པས་སྐད་ཆ་བཤད་ས་མེད་པ་གསལ་བོ་རེད། ཡིན་ནའང་། རྒྱ་གར་ལུང་པ་ནས་གང་མིན་ཚད་ཀྱི་བྱ་སྤྱོད་སྟོན་ལ་ཐོགས་མེད་ཆགས་ནས། མགོ་བདེ་དྲན་འཁུལ་གྱིས་རང་ཁེ་རང་ལམ་དོན་དུ་ཇི་གཉེར་ནི་ས་རིས་ཐང་གསལ་ཡིན་པ་དང་། མི་འདི་དག་གི་གྲས་ལ་མཐར་གཏུག་ན་རྒྱལ་ཁབ་དང་ལར་ཞེན་ཟེར་བ་དེའང་མེད་ལ། ཐ་ན་རྒྱུ་འབྲས་དང་ཁྲིམས་ལུགས་བཟང་སྤྱོད་ཟེར་བ་སོགས་ཀྱང་མེད་པས། མི་རེ་གཉིས་ཀྱིས་འཁྲབ་སྟངས་ལ་ང་ཚོ་མང་མང་གིས་ཀྱང་བདེན་ཁ་བྱིན། དོ་སྣང་བྱས་ན་རྦད་དེ་བོད་སྤྱིའི་རྩ་དོན་ལ་ཕན་ལས་གནོད་མ་གཏོགས་མེད་པ་གསལ་བོ་རེད་འདུག་པས། མི་འདི་གཉིས་ཀྱིས་ལུང་ཚན་ཁ་ལ་ཁྱེར་བའི་སྤྱི་འཐུས་ཀྱི་རྐུབ་སྟེགས་ལས་དགོངས་པ་མ་ཞུས་ཚེ། ལོ་རྒྱུས་ནང་འཇོག་པའི་ནག་ཉེས་འདག་ཐབས་མེད་པ་གསལ་བོ་རེད་ལ། ཆོལ་ཁའི་ཆིག་སྒྲིལ་ལ་གནོད་པ་རྐྱང་རྐྱང་བྱེད་རྒྱུ་མཚམས་འཇོག་ཐབས་མེད་པ་རེད།
གསར་དུ་བཀའ་ཁྲིར་སླེབས་པའི་བློ་སེང་ལྟ་བུར་མཚོན་ན་སྔར་མེད་ཀྱི་ཆིག་སྒྲིལ་གནམ་མཁར་སྒྲེང་རྒྱུའི་དམ་བཅས་མནའ་བསྐྱལ། ཁས་བླངས་ཡོད་པ་རེད། ཁོང་གིས་འདི་དག་ལ་སྲིད་བྱུས་ཅི་ཞིག་འཛིན་གྱི་ཡོད་མེད་ལྟོས་ཆོག་གི་རེད་ལ། འདི་འདྲའི་རིགས་ལ་འབྲེལ་བ་ཅི་ལྟར་འཛིན་མིན་ཀྱང་ལྟོས་ཆོག་གི་རེད། བྱུང་ན་སྤྱི་ཚོགས་ཀྱིས་མི་འདི་དག་རང་བཞིན་གད་སྙིགས་ཀྱི་གྲས་སུ་གཡུག་དགོས་པ་རེད། སྐབས་དེར་ཁོང་ཚོ་དག་རུལ་འགྲོ་རྒྱུ་མ་གཏོགས་མེད་པ་རེད་ལ། སྐབས་དེར་ཆོལ་ཁའི་ནད་རོས་རྒྱལ་ཁབ་ཀྱི་འཐབ་རྩོད་ལ་གནོད་སྐྱེལ་ཐུབ་ཀི་མ་རེད།
ཚུལ་ཁྲིམས་འོད་ཟེར་གྱིས་བྲིས་པའི་དེབ་འདིས་ཕལ་ཆེར་ད་དུང་སྤྱི་འཐུས་ལས་གནས་སུ་ཡོད་པའི་ཚུལ་ཁྲིམས་ཀྱི་སྐྱོན་ཚང་རྗེན་པར་སྟོན་ཡོད་པ་འདྲ།
ལྷག་དོན་དགེ་འདུན་རབ་རྒྱས་ཞེས་པ་འདིས་གཞན་གྱིས་ཚིག་ངན་འགོག་པའི་ཚུལ་དུ་བྲིས་ཀྱང་ཁོས་ཚིག་ངན་བདེ་སྤྱོད་བྱས་པ་དེ་ལས་ཧ་སངས་དགོས་པ་ཞིག་རེད།
དེ་ལས་ཁོང་གཉིས་ཀྱིས་རྩོད་དུ་བཅུག་ན་མ་གཏོགས་དགོས་མེད་ཀྱི་ཕྱོགས་ལྷུང་མ་བྱས་ན་ལེགས།
ང་ཚོ་བོད་མི་ནང་ཁུར་ཚིག་རྐམ་སྟོང་བཤད་བྱས་ནས་ཅི་བྱེད་ང་ཚོས་རྩོད་དགོད་པ་བོད་རྒྱལ་ཁབ་རེད་མ་གཏོག་གསེར་རྟ་མདོ་སྟོད་སྨད་གང་ཡིན་རྩོད་ནས་ཅི་བྱེད་ཕན་ཚུན་གཅིག་གིས་གཅིག་ལ་ཚིག་ངན་འགའ་གླེང་ཐུབ་ན་འཇོན་པོ་བསམ་གྱི་ཡོད་པ་འདྲ་དེ་ལ་རིན་ཐང་དབེན། ངོ་མ་ཐབས་སྐྱོ་བོ་རེད་གཞེས་ལུས་སྤུན་ཟླ་མང་པོ་ཞིག་གི་གོ་ན་ངོ་ཚ་རེད།
གསེར་རྟ་ཚུལ་ཁྲིམས་རྩོམ་དེབ་འདི་གུས་པས་བཀླགས་ཟིན་པས་བོད་མི་རིགས་ལ་ཕན་པའི་རྩོམ་ཡིག་སྣེ་གཅིག་མི་འདུག་ཞུ་ན་ཕལ་ཆེར་མ་འདྲིག་པ་གང་ཡང་མི་འདུག་བསམ་།
མ་ཚད་ད་ལྟའི་དུས་ཚོད་འདི་ལ་ཕྱོགས་ཞེན་ཆེ་བའི་མི་སྣ་འདི་ཚོའི་རིགས་གཅིག་ཡོད་ན་མང་དྲག་པ་ལས་ཉུང་བ་མི་འདུག་།
མ་གཞི་ནས་མཆན་འབྲི་མཁན་དག་ནོར་བ་རེད། འདི་འདྲའི་གླེང་རིན་ཡེ་ནས་མེད་པའི་དོན་དག་ཅིག་ལ་ཐུག་དུས་མཆན་འབྲི་མཁན་དང་ཀློག་མཁན་ཇེ་མང་དུ་འགྲོ སྔར་བཙན་བྱོལ་བོད་གཞུང་གིས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་སྐབས་དང་ཉེ་ཆར་བཙན་བྱོལ་བོད་གཞུང་གི་རྩ་ཁྲིམས་སོགས་ལ་འགྱུར་བ་གཏོང་འགོ་བཙུགས་དུས་ཆེད་དུ་མི་དམངས་ལ་བསམ་འཆར་བཤད་རྒྱུའི་གོ་སྐབས་སྤྲད་པ་རེད། ཡིན་ནའང་། དེ་དུས་བླང་བྱའི་དོན་སྙིང་ལྡན་པའི་རྩོམ་ཡིག་ཅིག་ཀྱང་མཐོང་མ་མྱོང་། ང་ཚོའི་མི་རིགས་འདི་ཤོག་ཁག་རྩོད་རྒྱུ་དང་ནང་ཁུལ་གླེང་རྙོག་བཟོ་པར་སུན་རྒྱུ་མེད་ཅིང་རྣམ་རིག་རྒོད། དེ་ནི་མིའི་གཞི་རྩའི་གོ་རྟོགས་མཐོ་དམན་གྱི་ཆ་ནས་བཤད་ན། ཤེས་རིག་ལ་བློ་ཁ་ཕྱོགས་པའི་སྟ་གོན་ཙམ་ལས་བསམ་བློ་བཅིངས་གྲོལ་བྱེད་པའི་ཚད་རིམ་མཐོན་པོར་སོན་མེད། སྤྱིར་སྐྱག་པར་ལག་པ་མ་འཆང་བར་བཞག་ན་དྲི་མ་ཙམ་ལས་དེ་ཙམ་མི་གནོད།
པདྨ་གེ་སར་ལགས། ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་པུན་ཚོགས་འབྱུང་གནས་ལགས་ལ་སངས་རྒྱས་བྱོན་ཀྱང་དེ་ལས་མི་འདུག་སྙམ་པའི་དད་གུས་ཡོད། ཝ་ཤུལ་ལུ་གུ་ལ་ཁ་ལག་བསྲེ་མ་མྱོང་། འོན་ཀྱང་ཆོས་རྗེ་ནས་གསེར་རྟ་ལུ་གུ་ལ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞེས་བསྔགས་པ་ལན་མང་བརྗོད་པ་ཡིན་པས། ཁ་ངན་པ་གཏོང་མི་རུང་སྙམ། ཕྱིས་ཀྱི་འགྱུར་བ་སོགས་མི་ངན་རེ་གཉིས་ཀྱི་བྱས་པ་ཡང་ཡིན་སྲིད། སེམས་ཅན་བསོད་ནམས་ཆུང་བ་ཡང་ཡིན་སྲིད། ཝ་ཤུལ་ལུ་གུ་ལ་ངན་སྨྲས་བརྗོད་པ་ཡིན་ན་ཝ་ཤུལ་མི་རྒྱུད་ཡོངས་ཀྱི་སེམས་ལ་གནོད་ཡོང་བས་བཏང་སྙོམ་གནང་ན་ཅི་མ་རུང་། གནས་སྐབས་ཀྱི་འཆར་སྣང་ཞིག་གོ།
རྩོམ་འདི་ལ་མཆན་སྒོ་བཀག་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com