འབའ་སྲས།
མཚན་བཟང་སྐུ་ཡིས་སྐྱེ་རྒུ་དང་བ་འདྲེན།།
བརྩེ་ཆེན་ཐུགས་ཀྱིས་འགྲོ་རྣམས་རྗེས་སུ་བཟུང་།།
ཡང་དག་གསུང་གིས་བདེ་འགྲོའི་ལམ་སྟོན་པ།།
གངས་ཅན་ཁ་བའི་མགོན་པོའི་ཞབས་ལ་འདུད།།
རཱ་ཛའི་མཚན་སྙན་འཛིན་པ་མང་བྱུང་ཡང་།།
རྒྱལ་ཁབ་ཆོས་ཀྱིས་སྐྱོང་བ་ཁྱོད་ལས་མེད།།
ནགས་མའི་ཀློང་དུ་ལྗོན་པ་མང་སྐྱེས་ཀྱང་།།
ཡོངས་འདུས་ལྗོན་པའི་ཟླ་ལ་འགྲན་ནུས་གང་།།
ཁྱོད་ཀྱི་ཞབས་མཐིལ་དམར་བའི་ཆུ་སྐྱེས་ནི།།
ཕྱོགས་ཀྱི་བུ་མོའི་སྤྱི་བོའི་མཛེས་རྒྱན་དུ།།
ཉེ་བར་བཀོད་པ་འདི་ཡིས་དགེ་བའི་ཚོགས།།
མ་ལུས་རྣམ་པར་རྒྱས་པའི་སྒོ་མོ་ཕྱེས།།
བདེ་བར་བྱས་སོ་འདོད་པས་གདུང་བ་ཅན།།
ཀ་ཤི་མཛེས་དགའ་མ་ཡི་ལང་ཚོས་ཏེ།།
ཕན་ཚུན་དཔུང་གིས་རྒོལ་བའི་གླིང་བཞིའི་ཁྱོན།།
ཁྱེད་གསུང་ཞི་བདེ་ཚངས་པའི་དབྱངས་ཀྱིས་སོ།།
མགོན་པོ་ཁྱེད་ཀྱིས་སྐྱེས་འགྲོ་མ་ལུས་ཀུན།།
བྱམས་བརྩེ་ཕྱག་གིས་སྐྱོང་བ་བློས་མི་དཔོག །
དྲག་གནོན་རྩུབ་སྦྱོར་རྒོད་པ་གཞན་དག་གིས།།
རྣོ་མཚོན་སྤྱོད་པའི་འཇིགས་པ་བློས་མི་དཔོག །
བདུད་རྩིའི་རང་བཞིན་གནས་འདི་ཆུ་ཤེལདབང་།།
ཡང་ན་ལྷ་གཅིག་༧གོང་ས་ཆོས་ཀྱི་རྗེ།།
འཚེ་མེད་ཞི་བའི་བྱམས་བརྩེ་ཐུགས་ལྡན་པས།།
རི་བོང་འཛིན་པའི་དཀྱིལ་འཁོར་མ་ལེགས་སོ།།
མགོན་ཁྱོད་ཤིན་ཏུ་བྱམས་པའི་ཐུགས་ལྡན་ཡང་།།
རྒྱ་དམར་དཔོན་གྱི་སྙིང་ལ་གདུང་བ་བསྐྱེད།།
འོད་དཀར་ཅན་དེ་བསིལ་ལས་འདས་མིན་ཀྱང་།།
ཆགས་ཅན་སྐྱེ་བོའི་ཡིད་ལ་སྲེག་པ་སྟེར།།
དུས་དང་རྣམ་ཀུན་འགྲོ་ལ་རྗེས་ཆགས་པ།།
བྱང་ཆུབ་ཆེ་ལྡན་ཁྱོད་དང་སྤྱན་རས་གཟིགས།།
མཚུངས་པར་གྱུར་ཀྱང་ཐ་དད་འབྱེད་བྱེད་པ།།
འཛམ་གླིང་ཞི་བདེའི་རྟགས་མ་ཐོབ་པས་སོ།།
བརྐུས་འཕྲོག་མིན་ཡང་ཡོན་ཏན་ནོར་གྱིས་ཕྱུག །
འདོད་པ་བྲལ་ཡང་འགྲོ་བའི་རྗེས་སུ་ཆགས།།
བརྡུངས་པ་མིན་ཡང་མཚན་སྙན་རྔ་བོ་ཆེ།།
གླིང་ཆེན་བཞི་ཡི་སྐྱེས་འགྲོའི་རྣ་ལ་ལྡིར།།
སྣང་གསལ་འོད་ཀྱི་དྲ་བ་མི་ལྡན་ཞིང་།།
ཆུ་གཏེར་ཆེ་ཡང་འཕེལ་བར་མི་བྱེད་པའི།།
རབ་གསལ་དཀྱིལ་འཁོར་རྫོགས་པའི་ཆུ་ཤེལ་དབང་།།
སྲིད་ཞིའི་གདུང་བ་འཇོམས་པའི་བྱེད་པོར་ཤར།།
ཀྱེ་མ་མགོན་པོ་ཁྱོད་ཀྱིས་འགྲོ་རྣམས་ལ།།
ཤིན་ཏུ་བརྩེ་བའི་བྱ་དཀའི་ཁུར་ཆེན་པོ།།
སྲིད་གསུམ་འཇིག་རྟེན་ལུས་ཀྱིས་ཐེགས་དཀའ་ཡང་།།
གངས་ཅན་འཛིན་མས་བཟོད་འདི་ངོ་མཚར་ཆེ།།
གང་གིས་བདུད་རྩིའི་གསུང་གི་གཏམ་འགྱེད་ཚེ།།
འགྲོ་རྣམས་དད་པའི་མགོ་བོ་རྣམ་དུད་པ།།
རིན་ཆེན་སྣ་ཚོགས་ལྕི་བའི་ཅོན་པན་དག །
ཁུར་ལ་བཟོད་པར་མ་ནུས་ནོན་པ་བཞིན།།
འཕགས་མཆོག་སྤྱན་རས་གཟིགས་དབང་སྤྲུལ་བའི་སྐུ།།
ཁ་བ་རི་བོའི་མགོན་དུ་བྱོན་པ་དང་།།
ལྷན་ཅིག་འཁྲུགས་རྩོད་ཁུར་གྱིས་ངལ་བའི་འགྲོ།།
ཞི་བདེའི་སྟེགས་བུར་བསྟེན་པའི་ངལ་གསོ་ཐོབ།།
མགོན་ཁྱོད་ལུགས་བཟང་སྲོལ་ལ་མ་རངས་པའི།།
བསྟན་དགྲ་འགའ་ཞིག་རློམ་པའི་དྲེགས་འཛིན་ཀྱང་།།
རབ་དཀར་ཞལ་ལ་འཛུམ་པའི་རྣམ་འགྱུར་གྱི།།
ཐགས་བཟང་ཚེམས་ཕྲེང་མངོན་པའི་ཚུལ་འདི་རྨད།།
བསྟན་སྲིད་རྩ་བ་ཞིག་པའི་དགྲ་བོ་ལ།།
རྣོ་མཚོན་གོ་ཆ་སྤྱོད་པའི་དཔའ་བརྟུལ་ཆུང་།།
དགྲ་ལ་དྲག་ལན་མེད་པའི་དགེ་སྦྱོང་ཁྱོད།།
གདོང་དམར་བོད་ཀྱི་མགོན་དུ་འོས་སམ་ཅི།།
ཤིན་ཏུ་བརྩེ་ལྡན་འགྲོ་ལ་རྗེས་ཆགས་གང་།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལྷུན་རྫོགས་པ།།
མཚམས་སྤྲིན་གསར་དང་དབྱར་རྔ་ཆུ་གཏེར་ལས།།
བསམ་བཞིན་བརྐུས་པར་ངེས་སོ་༧གོང་ས་མཆོག །
ཕུལ་བྱུང་མཚན་དཔེ་རབ་རྫོགས་གང་གི་སྐུ།།
དངོས་སུ་མཇལ་བས་སྤྲོ་བ་རབ་བརྟས་པ།།
གཞན་གྱིས་སྟེར་ནུས་མིན་ཕྱིར་མགོན་པོ་ཁྱོད།།
དུས་གཅིག་མིན་པར་ཡང་ཡང་བྱོན་པར་འཚལ།།
རུ་བཞི་དཔུང་གི་དམག་ཆེན་མ་དྲངས་ཤིང་།།
དུག་མཚོན་སྤྱོད་པའི་སྦྱོར་བ་བཟུང་མིན་པར།།
ཕྱོགས་ཀྱི་མི་སྲིན་ཞི་བར་བཀོད་བྱས་ཏེ།།
གངས་ཅན་འགྲོ་བའི་བདག་པོར་ཇི་ལྟར་གྱུར།།
སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ།།
གང་གི་དྲུང་དུ་ངན་དགུ་སྤྱོད་པའི་དཔོན།།
འཁུན་པར་མི་འཚལ་དེ་ཡི་ཞབས་ཟུང་ཏོག །
རྒྱན་དུ་འཛིན་རྣམས་མཆོག་ཏུ་དགེ་བར་འགྱུར།།
གངས་ཅན་བདག་པོ་འཛམ་གླིང་འགྲོ་རྣམས་ལ།།
ཞི་བདེའི་ལམ་སྟོན་བྱ་ཕྱིར་གཞན་དུ་བཞུད།།
དེ་སྲིད་གདུག་རྩུབ་རྒོད་པའི་རྒྱ་ནག་པ།།
ཁ་བའི་ལྗོངས་སུ་ངན་པ་འཛེམ་མེད་སྟོན།།
མི་མཐུན་དཔུང་གིས་རྒོལ་ལ་འཇིགས་པ་ཡི།།
འགྲོ་རྣམས་རང་དབང་འཚོལ་ལ་རེ་བའི་ཚེ།།
མགོན་པོ་ཁྱེད་ཀྱིས་ཞི་བདེ་ལུགས་བཟང་ཆེ།།
འཇིག་རྟེན་ཐ་གྲུ་ཀུན་ཏུ་ཡངས་པར་ཕྱེས།།
གང་གིས་རྣོ་བའི་མཚོན་གྱིས་གོ་བགོས་ཏེ།།
རྒྱ་དམར་དཔུང་ཚོགས་སྐད་ཅིག་འཇོམས་ནུས་ཀྱང་།།
ཚངས་པར་སྤྱོད་པའི་བརྟུལ་ཞུགས་ལས་བརྒལ་བའི།།
ཉེས་བར་བྱ་བའི་སྐྱོན་ལ་འཇིགས་ཏེ་བཞག །
ཉིད་ཀྱིས་གསར་དུ་མཛད་པའི་མང་གཙོ་དང་།།
དབུ་མའི་ལམ་གྱི་ཆབ་སྲིད་རང་ལུགས་དེ།།
རྒྱ་དམར་སྙིང་ལ་མེ་ལྕེ་སྤྲོ་བ་སྟེ།།
གཞན་གྱི་ངོར་ནི་ཤིན་ཏུ་བསིལ་བར་སྣང་།།
རྨད་བྱུང་ཞི་བདེའི་གསུང་གིས་ཚིམ་གྱུར་ནས།།
རྣམ་པར་དད་པ་གངས་ཅན་བོད་ཁོ་ན།།
མ་ངེས་ནུབ་ཕྱོགས་ཡུལ་གྱི་གྲོང་ཁྱེར་ན།།
གང་ལ་ཤིན་ཏུ་དད་པའི་འགྲོ་བ་མང་།།
འཆི་མེད་ལེགས་བྲིས་རིགས་ལས་བྱོན་པ་མིན།།
སྟོབས་བཅུ་མངའ་བའི་རྒྱུད་ལས་འཁྲུངས་མིན་ཡང་།།
ཞི་དུལ་རྣམ་པར་གནས་པའི་དགེ་སྤྱོད་ཀྱིས།།
འགྲོ་མང་དད་པའི་ཡིད་ཀྱི་བརྟན་པ་འཕྲོག །
གྲུ་འཛིན་བདག་དང་རྒྱལ་སྲས་ལྷ་ཡི་ལྷ།།
རྒྱལ་ཚབ་མི་ཕམ་མགོན་དང་ཁྱེད་ཉིད་ཀྱང་།།
འགྲོ་རྣམས་མ་ལུས་རྣམ་པར་འདྲེན་ནོ་ཞེས།།
ལྷ་མི་དང་བཅས་སྐྱེ་རྒུའི་ཁ་ལས་སྒྲོག །
གང་གི་འདུལ་བྱར་གྱུར་རྣམས་གང་ཉིད་ལ།།
ཞི་བདེའི་གཟེངས་རྟགས་ཐོབ་པས་སྤྲོ་བ་འཕེལ།།
རྒྱ་དམར་དཔུང་དང་དེ་ཡི་ཕྱོགས་གྱུར་བ།།
སོར་མོས་འགྲམ་པ་འདེགས་པའི་སྡུག་བསྔལ་འཛིན།།
ལུགས་གཉིས་གསེར་གྱི་འཁོར་ལོ་སྒྱུར་མི་དགོས།།
འགྲོ་རྣམས་བདེ་ཐབས་ཁུར་ཆེན་བྱ་བ་དག །
སྒྲུབ་ཀྱང་མི་དགོས་གངས་ཀྱི་རྩེ་མོ་ན།།
བག་ཡངས་འཚོ་བའི་གདོང་ལྔ་བ་དེ་སྐྱིད།།
ལྷ་སྲས་སྲོང་བཙན་ཁྲོས་པས་སྐད་ཅིག་ཏུ།།
འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་།།
རྒྱལ་དབང་ཁྱོད་ཀྱིས་གངས་ཅན་བོད་ཀྱི་ས།།
ཁོ་ན་བརྟན་པོར་བསྲུངས་ལ་ཁེངས་འོས་སམ།།
མང་བཀྲ་རྒྱུ་སྐར་དབུས་སུ་ཆུ་ཤེལ་དབང་།།
བསིལ་ཟེར་འགྱེད་ཕྱིར་མཁའ་ལས་ཤར་བ་འདིས།།
མང་མང་འགྲོ་བའི་མགོན་གྱུར་སྐྱབས་མགོན་རྗེའི།།
ཞི་བསིལ་རབ་འཛིན་ཡངས་པའི་ཐུགས་དེ་མཚོན།།
རབ་དཀར་འོད་བརྒྱ་འཛིན་པའི་དཀྱིལ་འཁོར་དང་།།
གང་གི་བསྟན་སྲིད་བྱ་བ་ལྷན་ཅིག་རྒྱས།།
ལུགས་གཉིས་ལེགས་པར་སྐྱོང་བའི་གྲགས་པ་དང་།།
བསིལ་ཟེར་འོད་རླབས་ཕྱོགས་ཀུན་ལྷན་ཅིག་ཁྱབ།།
འཕགས་པ་ཁྱེད་ཀྱིས་འཛམ་གླིང་ཐ་གྲུ་ཀུན།།
ཞབས་རྗེས་རི་མོས་མནན་ཏེ་འགྲོ་རྣམས་ལ།།
ཕན་བདེའི་ལེགས་བཤད་འགྱེད་པས་དེ་རྣམས་ཀྱི།།
དད་གུས་དང་བ་དབང་མེད་ཉིད་དུ་འཕྲོག །
གང་གི་མཛད་བཟང་ཀུན་ཏུ་བཀྲ་བའི་འོད།།
སྟོང་གསུམ་ནམ་མཁའི་མཁའ་ལ་ཁྱབ་གྱུར་ནས།།
རྒྱ་དམར་དཔུང་ཚོགས་བསྐལ་བའི་མཐར་བསྐྲད་དེ།།
རང་དབང་གཙང་མའི་དགའ་སྟོན་མྱུར་འཐོབ་ཤོག །
ལེགས་བྲིས་གཟུགས་ཀྱིས་མཚོན་མིན་མཛེས་པའི་སྐུ།།
ལྷ་ཡི་རྔ་ཆེན་ཇི་བཞིན་སྙན་པའི་གསུང་།།
བསིལ་ཞི་སྟོན་ཟླ་དཀར་བོའི་ཐུགས་ལྡན་པ།།
གངས་ཅན་མགོན་པོ་ཕྱོགས་ལས་རྒྱལ་གྱུར་ཅིག །
འདི་ལྟར་གང་ལ་བསྔགས་འདོད་སྙིང་གི་དབུས།།
དོན་རྒྱན་སོ་ལྔའི་རྒྱན་ལ་སྦྱར་བའི་གླུ།།
གང་གི་ཞབས་རྡུལ་སྤྱི་བོར་འཛིན་པ་ཡི།།
སྙན་ངག་སྨྲ་བ་ཞིག་གི་མགྲིན་ནས་གྱེར།།
དོན་རྒྱན་སོ་ལྔ་ལ་སྦྱར་བའི་༼བསྟོད་པ་དོན་རྒྱན་སོ་ལྔ་བ་༽ཞེས་པའི་ཁ་བྱང་གང་ཞིག་ནས་བོར་སོང་ན་ཡིན་ནམ།