(འཇིག་རྟེན་ཞི་བདེའི་དེད་དཔོན་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་ལ་དང་པ་ཆེན་པོས་ཕུལ།)
སེར་ཤུལ་རིན་ཆེན་དོན་གྲུབ། ལྷོ་ཕྱོགས།
ལྷ་གདོན་ཁྲོས་པའི་དབང་ཤུགས་སྟོང་གིས་ཞི་བདེའི་མེ་ཏོག་འགྲེམས་ནུས་མིན།།
དྲག་སྤྱོད་དམག་གི་རུ་དཔུང་དར་མས་མཐུན་སྒྲིལ་ས་བོན་སྐྲུན་ནུས་མིན།།
ཉེར་གཅིག་དུས་འདི་ཞི་བདེར་རེ་བའི་གཏན་ཚིགས་སྟོང་གི་ལམ་སྟོན་དེ།།
དུས་རབས་འདི་ཡི་སྟོན་མཆོག་ཁྱེད་ཀྱིས་གླིང་འདིར་འགྲེམས་པའི་གདམ་པ་ཡིན།།
འཚེ་མེད་བྱམས་བརྩེའི་བདེ་བའི་རོ་མཆོག་འཆམ་མཐུན་འཚོ་བའི་རྨང་གཞི་ཉིད།།
ཆོས་ལུགས་བར་གྱི་རིས་མེད་སྤྱོད་པ་མཆོག་གྱུར་ཆོས་པའི་མཛད་བཟང་ལགས།།
ཆོས་ཚན་རིག་པའི་ཟུང་འབྲེལ་ལམ་བཟང་འགྲོ་རྣམས་བདེ་བའི་རེ་སྨོན་ཡིན།།
འདི་ནི་ཞི་བདེའི་འདྲེན་པ་ཁྱེད་ཀྱི་སྙན་པ་འདེགས་པའི་ལྟ་གྲུབ་བོ།།
ཆེ་དགུས་དབང་དང་མཚན་གྱི་ཆེད་དུ་རང་གི་འབངས་དང་བྲན་ལ་སྡང་།།
ཁྱེད་ཀྱིས་འབངས་དང་དམངས་ཀྱི་ཆེད་དུ་དབང་དང་གོ་ཆའི་མཛེས་པ་དོར།།
འདི་ནི་ཁྱེད་ཉིད་ཁྱད་དུ་འཕགས་པའི་མཛེས་པ་སྟོང་གི་ཉིང་བཅུད་ཡིན།།
འདི་ནི་འགྲོ་བའི་གུས་སེམས་བསུ་བའི་འགྲན་བྲལ་མཆོག་གི་སྤྱོད་པ་ཉིད།།
ཁྱེད་ཉིད་གླིང་འདིའི་རྒྱན་དུ་བཞད་པར་ངོ་མཚར་སྟོང་གི་སྙན་དབྱངས་ལྡིར།།
ཁྱེད་ཉིད་གངས་རིའིི་མགོན་དུ་ཕེབས་པས་གདོང་དམར་བོད་ཀྱི་གཟི་བརྗིད་བཏེགས།།
ཁྱེད་ཀྱི་མཛད་འཕྲིན་སྣང་བ་དཀར་པོས་མུན་གླིང་སྣང་བའི་ཡུལ་དུ་བྱས།།
འདི་ནི་ལོ་རྒན་བདུན་ཅུའི་དུས་ཀྱི་ཁྱེད་སྐུ་བཞད་པའི་དགེ་མཚན་ཡིན།།
༢༠༡༡/༦/༧ལ་བྲིས།
དྲྭ་གྲོགས་ལགས་བཀའ་དྲིན་ཆེ་༧གོང་ས་མཆོག་ལ་བསྟོད་པའི་སྙན་ཚིག་ཡག་པོ་ཞིག་བྲིས་འདུག
བརྩེ་བའི་དྲ་གྲོགས་ཡོངས་ལ་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།
དྲ་གྲོགས་ཚོར། ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། དགེ་བར་འགྱུར་ཅིག་གུ
རྟེན་འབྲེལ་ལེགས་པོ་རེད་དེ་ལྟ་བུའི་དུས་ཚོད་ཁྱད་པར་ཅན་འདིར་བསྟོད་ཚིག་གི་མཆོད་པ་ཕུལ་རྒྱུ་བྱུང་བ་དེ་དངོས་ནས་སྐལ་པ་བཟང་པོ་རེད། ཡག་པོ་འདྲི་གནང་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབ་གཅིག་དུས་བཟང་ཁྱད་པར་ཅན་གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐར་ལ་གྲོགས་པོ་ཡོངས་ལ་བཀྲ་ཤིས་བདེ་ལེགས་གང་མང་ཞུ།
གངས་ཅན་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། ཐུགས་རྗེ་ལྷག་པར་གཟིགས་སྟེ་གངས་ལྗོངས་འདིར།
མི་ཡི་ཚུལ་བཟུང་བསྟན་འཛིན་རྒྱ་མཚོ་ནི། སྐུ་ཚེ་བསྟན་ཅིང་མཛད་ཕྲིན་རྒྱས་པ་ཤོག