(བོད་པ་སྒྱུ་རྩལ་པ་རྐྱང་རྐྱང་གིས་བསྒྲུབ་པའི་དེང་དུས་བོད་ཀྱི་པར་རིས་འགྲེམས་སྟོན་ཞིག་ ཡོ་རོབ་དུ་འགོ་ཚུགས།)
གངས་འདབས་ནས་།
ཡོ་རོབ་ཀྱི་གྲོང་ཁྱེར་གྲགས་ཅན་ཨམ་ས་རྡར་ཊམ་ནང་བོད་པ་སྒྱུ་རྩལ་པ་རྐྱང་རྐྱང་གིས་བསྒྲུབ་པའི་དེང་དུས་བོད་ཀྱི་པར་རིས་འགྲེམས་སྟོན༼ནང་གི་མཐོང་སྣང་༽ཞེས་པ་ཞིག་གི་སྒོ་འབྱེད་མཛད་སྒོ་སྤྱི་ཟླ ༦པའི་ཚེས༣༠ཉིན་གྱི་ཕྱི་དྲོར་གཉེར་སོང་།
ལོ་རྒྱུས་ཀྱི་སྣེ་མོར་འཁྲི་བའི་བོད་ཀྱི་དེང་དུས་པར་རིས་སྒྱུ་རྩལ་དེ་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པ་མཚོན་ཆེད་དུ་ད་རེས་ཀྱི་འགྲེམས་སྟོན་འདི་བྱུང་པ་ཡིན་འདུག་ལ། „འགྲེམས་སྟོན་འདི་ནི་བོད་པ་སྒྱུ་རྩལ་པ་ཚོས་རང་ཉིད་ཀྱི་ཁོར་ཡུག་དང་། སྤྱི་ཚོགས། དེ་བཞིན་རང་ཉིད་ཀྱི་ཉིན་རེའི་འཚོ་བར་ལྟ་བའི་འཆར་སྣང་དང་། མཐོང་ཚུལ་རྣམས་པར་རིས་སམ་འདྲ་པར་སྒྱུ་རྩལ་གྱི་རྣམ་པ་ལས་མངོན་པར་བྱེད་པ་ཞིག་ཡིན་ལ། འགྲེམས་སྟོན་འདི་རིགས་ཧོ་ལན་ཌི་ལ་སྤེལ་པ་ནི་ད་རེས་ཐེངས་དང་པོ་ཆགས་ཡོད་རེད། ལོ་རྒྱུས་ཀྱི་དོན་སྙིང་ལྡན་ལ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་གོམས་སྟབས་སྤོ་བཞིན་པའི་གཟི་བརྗིད་ཀྱི་རྣམ་པ་དང་། སྲོལ་རྒྱུན་གྱི་རྩི་བཅུད་ལ་རྒྱབ་བརྟེན་བཅོལ་ཞིང་དེང་དུས་ཀྱི་ཚན་རྩལ་བེད་སྤྱོད་བཏང་བ་ལས་རང་ཉིད་ཀྱི་ངོ་བོའམ་ཐོབ་བབ་ཅིག་མངོན་ཐུབ་པ་བྱས་ཡོད།“ ཅེས་འགྲེམས་སྟོན་གོ་སྒྲིག་པས་གཏམ་བཤད་བྱས་སོང་།
ལྷ་སར་གཏན་ཆགས་སུ་ཡོད་པའི་„དགེ་འདུན་ཆོས་འཕེལ་སྒྱུ་རྩལ་ཚོགས་པ“ལས་ཚེ་དབང་བཀྲ་ཤིས་དང་ངག་མཁྱེན་སོགས་ཚོགས་མི་བདུན་དང་། དེ་བཞིན་གྲགས་ཅན་སྙན་ངག་པ་དང་། གློག་བརྙན་ཕབ་སྐྲུན་པ་ལྗང་བུའམ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་བཅས་ཁྱོན་བསྡོམས་སྒྱུ་རྩལ་པ་བརྒྱད་ཀྱི་པར་རིས་སྒྱུ་རྩལ་གྱི་བརྩམ་བྱ་ཁག་༣༠འགྲེམས་སྟོན་བྱས་པ་དང་། སྙན་གྲགས་ཅན་གྱི་བོད་ཀྱི་གཞས་མ་རྣམ་རྒྱལ་ལྷ་མོ་དང་སྙན་ངག་པ་ལྗང་བུ། འགྲེམས་སྟོན་གོ་སྒྲིག་གནང་མཁན་ཁོངས་ཀྱི་སྒྱུ་རྩལ་པ་འདུས་བྱུང་ཕུན་ཚོགས་ཚེ་རིང་སོགས་བོད་པ་སྒྱུ་རྩལ་པ་སྐོར་ཞིག་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོར་བཅར་ཡོད་པ་དང་། ལྷག་དོན་འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས་ཀྱི་སྒྲིག་གཤོམ་བརྩམ་བྱ་༼དུས་གསུམ༽ཞེས་པའི་བློས་བསླངས་ཀྱི་ཀ་བ་གསུམ་ཚུགས་ཅན་ཞིག་འགྲེམས་སྟོན་ཁང་གི་དབུས་སུ་བཞུགས་པ་དེ་ནི་སྒྱུ་རྩལ་གྱི་རྣམ་པ་ལ་བརྟེན་ནས་རྟེན་འབྲེལ་མཚོན་ཐབས་ཤིག་རེད་ཅེས་ཀུན་གྱིས་བསྔག་བརྗོད་མི་དམན་པ་མཛད་ཡོད་འདུག
འགྲེམས་སྟོན་དེ་བཞིན་གོ་སྒྲིག་བྱ་མཁན་གཙོ་བོ་ནི་རྗར་མན་བོད་ཀྱ ི་ཁང་པ་དང་། འོ་མའི་དཀར་ལམ་འགྲེམས་སྟོན་ཁང་། དེ་བཞིན་བོད་ཀྱི་ཤེས་རིག་མཚམས་སྦྱོར་ཐེབས་རྩ་དང་། ཕྱོགས་མཐུན་གྱི་སྒྱུ་རྩལ་ཁང་བཅས་རེད་འདུག
རྗར་མན་བོད་ཀྱི་ཁང་པ་ནི་རྒྱལ་སྤྱིའི་ནང་གདེངས་འཇོགས་ཚད་ལྡན་ཡོད་པའི་བོད་ཀྱི་ཤེས་རིག་ཀྱི་ལྟེ་གནས་ཤིག་ཡིན་པ་དང་། ལྟེ་གནས་དེ་ལ་ལས་ཀའི་རྣམ་གྲངས་སྡེ་ཚན་ལྔ་ཡོད་པའི་ནང་ནས་༼སྒྱུ་རྩལ་དང་ལེགས་བྱང་༽སྡེ་ཚན་གྱི་ཁྱབ་ཁོངས་ནང་འགྲེམས་སྟོན་གོ་སྒྲིག་བྱེད་པ་དང་སྤེལ་བའི་ལས་འགུལ་རྣམས་ཚུད་ཡོད་འདུག་ལ།ཁོང་ཚོས་༼ཡིག་གཟུགས་ཁྲོད་ཀྱི་བགྲོ་གླེང་༽དང་། ༼རང་ངོས་ལ་བལྟ་བ།༽ལ་སོགས་ད་བར་འགྲེམས་སྟོན་མང་པོ་སྤེལ་མྱོང་འདུག
འགྲེམས་སྟོན་འདི་ནི་༢༠༡༡ལོའི་ཟླ་བ་༨ཚེས་༢༧བར་སྤེལ་གྱིན་ཡོད་ལ། འདི་ལ་བོད་དབྱིན་སྐད་གཉིས་ཤན་སྦྱར་གྱི་དཀར་ཆག་བཟོས་འདུག་པས་ན་༼རྒྱ་ཆེའི་ཐུགས་བཞེད་གནང་མཁན་ཁྲོད་མངགས་ཉོ་གནང་མཁན་ཡོད་ཚེ་དྲྭ་ཚིགས་བརྒྱུད་འབྲེལ་བ་གནང་ཆོག་གི་འདུག ༽
ཁྱེད་ཅག་ཕན་བདེའི་ལས་ལ་རོལ་བ་འདིས། ངེད་ཚོར་དགའ་བདེའི་ངལ་གསོའི་དབུགས་དབྱུང་སྦྱིན་ཟེར་བས་མཚོན་ལེགས་སོའི་མེ་ཏོག་མང་པོར་སྟོར་ལགས།
ཐུགས་རྗེ་ཆེ། ཁ་བྲོ།