སྦྲ་རིགས་ཐོགས་མེད། (ལྡི་ལི་གཙུག་ལག་སློབ་གླིང་།)
ལོ་རྒྱུས་ལ་གོད་ཆགས་བྱུང་བའི་དུས་དེ་ནས་བཟུང་།
བོད་ཡུལ་དུ་ཁྲག་དམར་འཁྱིལ་བའི་དུས་དེ་ནས་བཟུང་།
ཁྱེད་ཀྱིས་ཕུགས་བསམ་དང་རྨི་ལམ་གྲངས་མེད་ཅིག་ཁུར་ནས་ལམ་དུ་ཆས་སོང་།
ཁྱེད་ཀྱིས་བྱམས་བརྩེ་དང་གཞན་དོན་རྫོགས་མེད་ཅིག་བསྣམས་ནས་རྒྱང་དུ་བཞུད་སོང་།
ཞི་བདེ་ལ་དགའ་བའི་ཧི་མ་ལ་ཡའི་རྒྱལ་སྲས་ཁྱེད་རང་།
རྟེན་འབྱུང་གིས་བཟི་བའི་ནང་བསྟན་རིག་པའི་བསམ་བློ་བ་ཁྱེད་རང་།
ཁྱེད་ཀྱི་མཁྱེན་པ་ནམ་མཁའ་བཞིན་ཡངས་ཤིང་རྒྱ་ཆེ་ལ།
ཁྱེད་ཀྱི་བྱམས་བརྩེ་རྒྱ་མཚོ་བཞིན་ཟབ་ཅིང་གཏིང་མཐའ་བྲལ།
ཁྱེད་ནི་ཟག་མེད་ཡེ་ཤེས་ཀྱིས་བསྡུས་པའི་འོད་ཀྱི་ཕུང་བོ་ཞིག་སྟེ།
ནམ་ཡང་གཟི་བརྗིད་དང་འོང་སྣང་གིས་ཁེངས་ནས་ཡོད།
ཁྱེད་ནི་འགག་མེད་ཤེས་རབ་ཀྱིས་བཞེངས་པའི་རྟོག་གེ་བ་ཞིག་སྟེ།
ནམ་ཡང་རྩོད་སྒྲུབ་དང་རྣམ་དཔྱོད་ཀྱི་མེ་ལྕེ་འབར་བཞིན་ཡོད།
དོག་དཔྱོད་དང་དགག་སྒྲུབ་རྩོད་སྤོང་གསུམ་ནི།
ཁྱེད་ཀྱིས་གནང་བའི་ཤེས་རབ་ཀྱི་རལ་གྲི་གསུམ་ཡིན་ལ།
ལྷག་བསམ་དང་དྲང་བདེན་ཡ་རབས་གསུམ་ནི།
ཁྱེད་ཀྱིས་བསླབ་པའི་མི་གཤིས་ཀྱི་རིན་ཐང་གསུམ་ཡིན།
འདི་ལྟར་སོང་གིན་སོང་གིན་དུ།
ངས་ཁྱེད་ཀྱི་མཁྱེན་དཔྱོད་ལ་ཕ་མཐའ་མེད་པ་རྟོགས་བྱུང་ལ།
འདི་ལྟར་བསམ་གྱིན་བསམ་གྱིན་དུ།
ངས་ཁྱེད་ཀྱི་བྱམས་བརྕེ་ལ་གཏིང་མཐའ་བྲལ་བའང་ཚོར་བྱུང་།
༢༠༡༡/ ༠༧ /༠༦
ཤེས་རབ་ཀྱི་བང་མཛོད། བྱམས་བརྩེ་ཡི་བདག་པོ། དྲང་བདེན་གྱི་རྒྱལ་པོ། ཚུལ་ཁྲིམས་ཀྱི་སྟོན་པ། འཇིག་རྟེན་གྱི་མ་མ། མཁའ་ཁྱབ་ཀྱི་ཉི་མ། སྲོག་ལྡན་གྱི་མགོན་སྐྱབས་ལགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་བཅས།
སྦྲ་རིགས་ཐོགས་མེད་ལགས་ངས་ཀྱང་འདི་ལྟར་གླེང་ན་འདོད། ལེགས་པོ་བྲིས་འདུག
ཁོ་རེ་ རྒྱལ་ཁམས་སྐོར་བའི་༼སློང་མོ་བ་༽ཟེར་ན་ཆི་ཟེར་ལེ་རེད་ ༧སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལ་ཁྱོད་ཀྱི་རྩོམ་གྱི་མགོ་བརྗོད་དེ་དེ་འདྲའི་ངན་ལེ་ལ་ ༧གོང་ས་མཆོག་རྒྱལ་ཁམས་སྐོར་ནས་ཕེབས་ལེ་དེ་འགྲོ་བ་ཡོངས་ལ་ཆོས་དང་ ཡ་རབས་བཟང་སྤྱོད་ ཡིད་ལ་བདེ་བའི་སྦྱིན་པ་སྩལ་དུ་ཕེབས་ལེ་མིན་ཚེ་ སློང་མོ་སློང་དུ་ཕེབས་ལེ་རེད་དམ།
སྙན་ངག་པ་སྦྲ་རིགས་ཐོགས་མེད་ལགས་ཀྱིས་བཞེངས་པའི་སྙན་རྩོམ་ཐུང་བུ་འདི་ངོ་མ་སྙན་ངག་ཟེར་ནི་རེད། ཚིག་གི་སྡེབ་སྦྱོར་ལེགས་པ། དབྱངས་ཀྱི་འགྲོས་ཉམས་པ། འདི་ནང་ལོ་རྒྱུས་དང་། ཆབ་སྲིད། སློབ་གསོ་དང་ཀུན་སྤྱོད། མཛལ་མཐུན་དང་བརྩེ་བ་སོགས་མང་པོ་ཞིག་གསལ་བཤད་བྱས་ཡོད་པས། ངོ་མ་རྗེས་སུ་ཡི་རངས་ཡོད།
མ་གཞི་ཁྱོད་ལྟ་བུའི་སྐད་རིགས་མང་པོ་ཤེས་མཁན་དང་མིག་མང་པོ་ཡོད་མཁན་གྱི་ཤེས་ལྡན་པ། ཁོ་མོ་ཧ་ཅང་གི་དགའ་བོ་ཡོད། ཁྱེད་ཀྱི་སྐུ་ཚེ་བརྟན།