བོད། ལྷ་ཀླུ་གཉན་་གསུམ།
འོད་དེ་འཁྲུངས་ཉིན གནམ་སྔོན་པོ་འོད་ཀྱིས་བཀང་
འོད་དེ་འཁྲུངས་ཉིན ས་དོག་མོ་དྲོད་ཀྱིས་བཟུང་
དེ་ནི་ནམ་ཟླ་ཆེས་ཡག་པོ་ཞིག་ཡིན
དེ་ནས་བཟུང་ གནམ་ས་གཉིས་ཀ་འོད་ཀྱི་གཞི་ཁྱིམ་དུ་གྱུར་མྱོང་
བསམ་ཡུལ་ལས་འདས་པའི་སྔ་དགུང་ཞིག་ལ
འོད་ལམ་དུ་མུན་ནག་ཁྲ་བོ་ཞིག་སླེབས
འོད་འོག་གི་འཇིག་རྟེན་ལ་འཁྱགས་པས་བསྡམས
བསྐལ་བ་བཟང་བོ་དེ་དྲན་གསོ་བྱེད་མཁན་ནི
ས་གཞི་དེར་འཚོ་བའི་གངས་རིའི་མི་རྒྱུད་ཅིག
དུས་ད་ལྟའང་འོད་ཀྱི་བཞུད་ལམ་དུ་འཕྲེང་ནས་ཡོད
འོད་ཀྱི་རང་བཞིན་ནི་ནམ་ཡང་འོད་ཟེར་ཁོ་ན་ཡིན་དུས
འོད་དེ་གང་དུ་ཡོད་ས་ནས འོད་ཀྱི་གཟི་བརྗིད་སྔར་ལས་རྒྱས་ཤིང་
འོད་དེ་ཉིད་ཀྱི་ཁོར་ཡུག་ཡོད་ཚད་དུ
དེ་རིང་སྤྱི་ཟླ་བདུན་པའི་ཚེས་དྲུག་ནི
འོད་ཀྱི་འཁྲུངས་སྐར་དུ་གངས་རི་བ་རྣམས་ཀྱི་སེམས་གཏིང་ནས་གུས་ཤིང་བརྩི
མི་རིང་བར་འོད་དེ འཁྲུངས་ཡུལ་དུ་ཤར་བར
འོད་ལ་དགའ་བའི་མི་དམངས་ཀྱི་རེ་སྨོན་ཡིན་ལ
འོད་རང་ཉིད་ཀྱིས་འཁྲུངས་ཡུལ་དུ་ལོག་པར་རེ་བརྟས་ཡོད
འོད་དེས་འཛམ་གླིང་མུན་པ་ཕ་མཐར་སྤྲད།
འོད་དེས་འཛམ་གླིང་ཀུན་ལ་འོད་སྣང་སྦྱིན།
འོས་དེ་མེད་ན་འཛམ་གླིང་ནག་པོར་གྱུར།
འོད་དེ་འཛམ་བུ་གླིང་གི་སྣང་བྱེད་ཡིན།
འོད་དེ་ཁ་བའི་ལྗོངས་ཀྱི་སྙིང་སྟོབས་ཡིན།
འོད་དེ་ཁ་བའི་ལྗོངས་ཀྱི་རྒྱན་ཆ་ཡིན།
འོད་དེས་ཁ་བའི་གཞོན་ནུར་འོད་སྣང་སྦྱིན།
འོད་དེ་མེད་ན་གངས་ལྗོངས་མུན་པར་གྱུར།
འོད་དེར་ཨོ་བྷ་མ་ཡང་ཡིད་དབང་འཕྲོག
འོད་དེས་བང་ཀིང་མུང་གི་མིག་ཟུང་འབྱེད།
འོད་དེས་འཛམ་གླིང་ཆེ་དགུའི་ལམ་སྣ་འདྲེན།
འོད་དེས་ཚན་རྩལ་མཁན་པོའི་བློ་མིག་འབྱེད།
འོད་དེས་འཚོ་བྱེད་མཁན་པོའི་བློ་སྟོབས་རྒྱས།
འོད་དེས་སྲིད་དོན་མཁན་པོར་སྙིང་རྗེ་སྦྱིན།
འོད་དེས་ཆོས་ལུགས་ཡོངས་རྫོགས་མཐུན་ལམ་སྦྱིན།
འོད་དེས་ཆོས་ཀྱི་སྙིང་དོན་ངོ་མ་རྟོགས།
འོད་དེས་ཆོས་ཀྱི་སྙིང་དོན་བྱམས་སྙིང་རྗེ།
འོད་དེས་འགྲོ་བ་ཀུན་ལ་རྔན་པར་སྦྱིན།
འཛམ་གླིང་རྣམ་དཔྱོད་ལྡན་པའི་སྐྱེ་བོ་རྣམས།
འོད་དེའི་རྗེས་སུ་འབྲངས་ནས་མི་ཚེ་འདི།
འོད་སྣང་ལྡན་པའི་འཚོ་བར་རོལ་བཞིན་གནས།