བསྟན་རྡོར།
བོད་ རང་བཙན་ སློབ་ཕྲུག་ ཚོགས་པ།
བཙན་གནོན་ མཚམས་འཇོག་ མ་བྱུང་ གོང་ རང་དབང་ མགོ་འཛུགས་ བྱ་ དགོས། རང་དབང་ ནི་ འཐབ་རྩོད་ ཀྱི་ བསྒུབ་བྱ་ ཙམ་ མ་ཡིན་པར་ དེའི་ སྒྲུབ་བྱེད་ ཀྱང་ རེད། རང་དབང་ སྒྲུབ་བྱེད་ ཀྱི་ ལག་ཆ་ གཙོ་བོ་ ཞིག་ ནི་ མི་བསྟུན་པའི་ ལས་འགུལ་ རེད། ད་ཆ་ བོད་ ནང་ མཐུན་ལམ་ མི་བྱེད་པའི་ ལས་འགུལ་ གྱི་ རྩ་བ་ བཙུགས་ ཟིན་པ་ མ་ཟད་ སྡོང་བོའང་ སྐྱེ་བཞིན་ འདུག
བོད་ ནང་གི་ ཞི་རྒོལ་ གྱི་ སྡོང་བོ་ དེ་ནི་ ལྷག་དཀར་ ཡིན། ལྷག་དཀར་ ཞེས་པའི་ མིང་ ནི། སྤྱིར་ རེས་གཟའ་ ལྷག་པ་ འདི་ ༧གོང་ས་མཆོག་ གི་ སྐུའི་ བླ་གཟའ་ ཡིན་པར་ བརྟེན་ ཉི་མ་ དེ་ བདམས་པ་ ཞིག་ ཡིན་པ་ དང་། སྔོན་མ་ ནས་ རེས་གཟའ་ ལྷག་པའི་ ཉིན་ བོད་མི་ མང་པོ་ དགོན་པར་ སྐོར་བ་ ལ་ འགྲོ་བ་ དང་། དམར་ཟས་ སྤོང་བ་ སོགས་ དགེ་བའི་ ལས་ སྒྲུབ་པའི་ ལུགས་སྲོལ་ ཡོད། ད་ཆ་ ཆོས་ཕྱོགས་ ཀྱི་ ལས་དོན་ དེ་དག་ སྤྱི་ཚོགས་ དང་ དཔལ་འབྱོར། ཆབ་སྲིད་ ཀྱི་ ལས་དོན་ དུ་ འགྱུར་བཞིན་ འདུག
༢༠༠༨ ལོའི་ སྒེར་ལངས་ ཆེན་པོ་ ནས་ བཟུང་ བོད་ ཀྱི་ ས་ཁུལ་ མང་པོའི་ ནང་ ལས་འགུལ་ གྱི་ ངོ་བོ་ ལ་ འགྱུར་བ་ ཞིག་ ཕྱིན་ཡོད། དེ་ནི་ སྔོན་མ་ ཡིན་ན་ ཆབ་སྲིད་ ལས་འགུལ་ གྱི་ ངོ་བོ་ གཙོ་བོ་ ནི་ སྐད་འབོད་ དང་ ཁྲོམ་བསྐོར་ ཡིན། འོན་ཀྱང་ ད་ཆ་ བོད་མི་ཚོས་ འཐབ་རྩོད་ བྱེད་སྐབས་ སྐད་འབོད་ ཙམ་ མ་ཟད་ མཉམ་འབྲེལ་ སྤོང་བའི་ ཐབས་ལམ་ དང་ མི་བསྟུན་པའི་ ཐབས་ལམ་ སོགས་ སྣ་ཚོགས་ བེད་སྤྱོད་ བྱེད་བཞིན་ འདུག
འདི་ནི་ ལོ་རྒྱུས་ ཀྱི་ རང་བཞིན་ ལྡན་པའི་ འགྱུར་བ་ ཞིག་ རེད་ལ། རྒྱ་གར་ གྱི་ རང་དབང་ འཐབ་རྩོད་ ནང་ ལའང་ ཐོག་མར་ སྐད་འབོད་ དང་ ངོ་རྒོལ་ གྱི་ ཐབས་ལམ་ ཁོ་ན་ བེད་སྤྱོད་ བྱས་ཤིང་། ཕྱིས་སུ་ མཉམ་འབྲེལ་ སྤོང་བའི་ ལས་འགུལ་ དང་ མི་བསྟུན་པའི་ ལས་འགུལ་ བཅས་ བེད་སྤྱོད་ བྱ་རྒྱུ་ མགོ་བཙུགས་ ཏེ་ འཐབ་རྩོད་ དེ་ ཞེ་དྲག་ གི་ ནུས་པ་ ཆེ་རུ་ ཕྱིན་པ་ རེད། དེ་ལྟར་ ང་ཚོའི་ བོད་དོན་ འཐབ་རྩོད་ ཀྱང་ ནུས་པ་ ཆེ་རུ་ གཏོང་ཆེད། སྐད་འབོད་ ཁོ་ནའི་ ལས་འགུལ་ མ་ཡིན་པར་ དེའི་ སྟེང་དུ་ མི་བསྟུན་པའི་ ལས་འགུལ་ ངེས་པར་ དུ་ བསྣན་ དགོས།
༢༠༠༨ ལོའི་ སྒེར་ལངས་ རྗེས་ སུ་ བོད་མི་ མང་པོས་ རྒྱ་གཞུང་ དང་། དེ་བཞིན་ རྒྱ་མིའི་ སྒྲིག་འཛུགས་ སོགས་པ་ དང་ མཉམ་འབྲེལ་ སྤངས་བ་ དང་ རྒྱ་མི་ དང་ ཚོང་འབྲེལ་ ཡང་ སྤངས། རང་ གི་ ཉིན་རེའི་ འཚོ་བའི་ ནང་ བྱ་སྤྱོད་ ལ་ འགྱུར་བ་ བཏང་བ་ སྟེ། བོད་ཟས་ བཟའ་བ་ དང་། དགོན་པར་ འགྲོ་བ། བོད་སྐད་ གཙང་མ་ རྒྱག་པ། བོད་ཡིག་ འབྲི་ཀློག་ བྱེད་པ། བོད་པའི་ ཟ་ཁང་ དང་ ཚོང་ཁང་ ནས་ ཉོ་ཚོང་ བྱེད་པ་ལས། རྒྱ་མིའི་ ཟ་ཁང་ དང་ ཚོང་ཁང་ ནས་ མི་ཉོ་བ། བཅས་ཀྱི་ ལས་འགུལ་ སྤེལ་རྒྱུ་ མགོ་འཛུགས་ བྱས་འདུག
ལས་འགུལ་ དེ་དག་ གི་ རྐྱེན་པས་ གྲོང་ཁྱེར་ ཆུང་བ་ ཁ་ཤས་ ནང་ རྒྱ་མི་ མང་པོ་ ཚོང་གི ཁེ་སྤོགས་ སྐྱོ་དྲག་ ནས་ རྒྱ་ནག་ ལ་ ལོག་པ་ སོགས་ བྱུང་འདུག འདི་ནི་ ཧ་ཅང་ གི་ གྲུབ་འབྲས་ ཆེན་པོ་ རེད། ད་བར་ རྒྱལ་སྤྱིའི་ གནོན་ཤུགས་ དང་ ཨ་རིའི་ རེ་སྐུལ། བོད་གཞུང་ གི་ འབོད་སྐུལ་ བཅས་ གང་ གིས་ ཀྱང་ གཏོང་ མི་ཐུབ་པའི་ འགྱུར་བ་ ཞིག་ བོད་ ནང་གི་ བོད་མིས་ ཞི་བའི་ འཐབ་རྩོད་ ལ་ བརྟེན་ཏེ། གཏོང་ཐུབ་ཡོད། དེར་བརྟེན། ཐབས་ཇུས་ ཡག་པོ་ གདིང་ ཐུབ་ན་ རྒྱལ་ཁ་ འདི་ ལས་ ཀྱང་ ཆེ་བ་ མང་པོ་ ཏན་ཏན་ འཐོབ་ སྲིད།
ངའི་ གོ་ཐོས་ ལ་ དེང་སང་ བོད་པ་ མང་པོས་ ཕན་ཚུན་ སྐད་ཆ་ ཤོད་སྐབས་ རྒྱ་སྐད་ ཤོར་ན་ ངོ་ཚ་བོ་ བྱེད་ཀྱི་ འདུག་ཟེར། གཞན་ཡང་ ཟ་ཁང་ ནང་ ལ་ ཁ་ལག་ མངགས་དུས་ བོད་སྐད་ མ་རྒྱབ་ ན་ ཁ་ལག་ མ་རག་པའི་ སྐོར་ ཡང་ གོ་ཐོས་ བྱུང་། དེ་ཡང་ ལྷ་ས་ དང་ གཞིས་རྩེ། དེ་མིན་ ཁམས་ དང་ ཨ་མདོའི་ ས་ཆ་ མང་པོའི་ ནང་ ལྷག་དཀར་ གྱི་ ཉམས་ལེན་ མགོ་ ཚུགས་ ཡོད་འདུག ད་ཆ་ བོད་ནང་ ལྷག་དཀར་ གྱི་ མིང་ བེད་སྤྱོད་ བྱེད་མིན་ ལ་ མ་ལྟོས་པར་ མི་བསྟུན་པའི་ ལས་འགུལ་ ཉམས་ལེན་ བྱེད་མཁན་ དམའ་མཐར་ སྟོང་ཕྲག་ ཁ་ཤས་ ཡོད་པ་ གསལ་པོ་ རེད། ལོ་ ཁ་ཤས་ རྗེས་སུ་ ལས་འགུལ་ འདིའི་ ནང་ འཛུལ་ཞུགས་ བྱེད་མཁན་ འབུམ་ ཁ་ཤས་ བཟོ་ ཐུབ་ ན་ བོད་དོན་ འཐབ་རྩོད་ ཀྱི་ ནུས་པ་ ཧ་ཅང་ ཚད་ མཐོ་བོ་ ཞིག་ ལ་ སླེབས་ངེས་ རེད།
མི་བསྟུན་པའི་ ལས་འགུལ་ གྱི་ དགེ་མཚན་ གཙོ་བོ་ ནི་ ཐབས་ལམ་ འདི་དག་ ལག་ལེན་ བསྟར་མཁན་ གྱི་ གང་ཟག་ དེ་ རྒྱ་གཞུང་ གིས་ འཛིན་བཟུང་ བྱེད་པའི་ ཉན་ཁ་ ཆུང་ དུ་ འགྲོ་བཞིན་ ཡོད། རྒྱ་གཞུང་ གི་ ཉེན་རྟོག་པ་ ཞིག་ གིས་ ཁྱེད་རང་ བོད་པའི་ ཟ་ཁང་ ལ་ ཁ་ལག་ ཟས་འདུག་ ཟེར་ནས་ འཛིན་བཟུང་ བྱེད་སྲོལ་ མེད་ལ། ཡང་ ཁྱེད་རང་ རྒྱ་མིའི་ ཚོང་ཁང་ ནས་ དངོས་པོ་ གང་ཡང་ ཉོས་ མི་འདུག་ ཅེས་ ཉེས་བརྡུང་ གཏོང་སྟངས་ ཀྱང་མེད། དེར་བརྟེན་ རིམ་གྱིས་ ལས་འགུལ་ ནང་ ཞུགས་མཁན་ ཡང་ མང་ དུ་ འགྲོ་ངེས་ རེད་ལ། ཉེན་ཁ་ ཆུང་བའི་ ལས་འགུལ་ ནང་ འཛུལ་ཞུགས་ བྱེད་མཁན་ ཡང་ མང་ དུ་ འགྲོ་བ་ འཇིག་རྟེན་ ཆོས་ཉིད་ རེད། འོན་ཀྱང་ ལས་འགུལ་ འདིའི་ ནང་ འཛུལ་ཞུགས་ བྱེད་མཁན་ ཆེས་ མང་པོ་ བྱུང་དུས་ ལས་འགུལ་ གྱི་ ནུས་པ་ ཧ་ཅང་ གི་ ཚད་ མཐོ་བོར་ འགྱུར་ཞིང་། རྒྱ་གཞུང་ དང་ བོད་ ནང་ ཡོད་པའི་ རྒྱ་མིའི་ སྒྲིག་འཛུགས་ ལ་ བརྡབ་གསིག་ ཆེན་པོ་ གཏོང་ ཐུབ་ངེས་ རེད།
འདི་ ནི་ སེམས་དཔའ་ ཆེན་པོ་ གྷན་དྷི་ མཆོག་ གིས་ རྒྱ་གར་ ལ་ དབྱིན་ཇིའི་ འོག་ནས་ རང་དབང་ ཐོབ་ཆེད་ སྤེལ་བའི་ ལས་འགུལ་ དང་ གཅིག་པ་ གཅིག་ཀྱང་ རེད། ལོ་རྒྱུས་ ལ་ ཕྱི་མིག་ བལྟས་དུས་ རྒྱ་གར་ མི་མང་ གིས་ དབྱིན་ཇིའི་ གཞུང་ ལ་ ལོ་ངོ་ ༢༠༠ ལྷག་ རིང་ འཐབ་རྩོད་ བྱས་ཡོད་ ཀྱང་། ༡༩༢༩ ནས་ བཟུང་ མི་བསྟུན་པའི་ ལས་འགུལ་ མ་སྤེལ་ བར་ དུ་ དབྱིན་ཇིའི་ གཞུང་ གིས་ རྒྱ་གར་ གྱི་ འཐབ་རྩོད་ ལ་ བརྩི་མེད་ བཏང་ ཡོད། རྒྱུ་མཚན་ འདི་ལ་ བརྟེན་ཏེ་ མི་བསྟུན་པའི་ ལས་འགུལ་ གྱི་ ནུས་པ་ དང་ སྟོབས་ཤུགས་ ངོ་མ་ ནི་ ལོ་རྒྱུས་ ཀྱི་ རྡོ་རིང་ སྟེང་ འཁོད་ཡོད།
བོད་ ནང་ ལ་ ལྷག་དཀར་ སྲུང་བརྩི་ ཞུ་བ་ ནང་བཞིན་ བཙན་བྱོལ་ ནང་ ལའང་ སྲུང་བརྩི་ ཞུ་མཁན་ མང་ དུ་ འགྲོ་དགོས། བཙན་བྱོལ་ གྱི་ རང་དབང་ བེད་སྤྱོད་ བྱས་ཏེ་ རེས་གཟའ་ ལྷག་པ་ ཙམ་ མ་ཟད་ ཉིན་ལྟར་ ཐབས་ལམ་ སྣ་ཚོགས་ ཀྱི་ སྒོ་ནས་ ལས་འགུལ་ སྤེལ་ དགོས། གོ་སྐབས་ བྱུང་ཚད་ བོད་དོན་ སྐོར་ གླེང་བ་ དང་། དྲ་རྒྱའི་ སྟེང་ བོད་དོན་ སྐོར་ འབྲི་བ་ དང་། ཁྲོམ་ལ་ འགྲོ་དུས་ རྒྱ་ནག་ གིས་ བཟོས་བའི་ ཅ་ལག་ མི་ཉོ་བ་ དང་། ཡང་ཡང་ རྒྱ་ནག་ གི་ གཞུང་ཚབ་ མདུན་ དུ་ ངོ་རྒོལ་ གྱི་ རྣམ་པ་ དུ་མ་ སྟོན་པ་ དང་། ཕན་ཚུན་ སྐད་ཆ་ ཤོད་དུས་ བོད་སྐད་ གཙང་མ་ རྒྱག་པ་ དང་། བོད་ཡིག་ གསར་ཤོག་ ཀློག་པ་ དང་། ངོ་དེབ་ དང་ གློག་འཕྲིན་ ཐོག་ བོད་ཡིག་ གང་མང་ འབྲི་བ། ཆབ་སྲིད་ བཙོན་པའི་ ནང་མི་ སོགས་ ལ་ རོགས་འདེགས་ བྱེད་པ་ དང་། རྒྱ་མིའི་ དཔོན་རིགས་ གང་དུ་ སླེབས་ ཀྱང་ ངོ་རྒོལ་ བྱེད་དུ་ འགྲོ་བ་ ལ་ སོགས་པའི་ ལས་འགུལ་ དུ་མའི་ ནང་ ཞུགས་ཏེ། ལྷག་དཀར་ གྱི་ ནུས་པ་ གོང་མཐོར་ བཏང་ ན་ བོད་པའི་ ཞི་བའི་ འཐབ་རྩོད་ དེ་ འཛམ་གླིང་ ཡོངས་ ཀྱིས་ གུས་བརྩི་ བྱེད་པ་ མ་ཟད་ རྒྱ་གཞུང་ གིས་ ཀྱང་ འཇིགས་སྣང་ བྱེད་ས་ ཞིག་ ཏུ་ འགྱུར་ངེས་ རེད།
མཆན་འགྲེལ།
Noncooperation: མི་རྟོན་པ་དང་། མི་བསྟུན་པ། མཐུན་ལམ་ མི་བྱེད་པ། མཐུན་འབྲེལ་ མི་བྱེད་པ། གང་རུང་ བེད་སྤྱོད་ བྱེད་ཆོག
Disobedience: བཀའ་བརྩི་ དང་ལེན་ མི་ཞུ་བ། བཀའ་ ལ་ མི་བརྩི་བ། གང་རུང་ བེད་སྤྱོད་ བྱེད་ཆོག
བསྟན་རྡོར་གྱིས་རང་གི་བསམ་ཚུལ་གསུངས་བ་ཐུགས་རྗེ་ཆེ། ཁོང་གི་རྩོམ་ཡིག་ནི་བླ་མས་བཤད་པའི་སྟོང་བསམ་གྱི་ལྷ་སྒྲུང་དང་མི་འདྲ་བར་འཇིག་རྟེན་པའི་འཚོ་བ་དངོས་དང་འབྲེལ་ཤིང་དེས་ལག་ལེན་ཐོག་དོན་དངོས་ཀྱི་གྲུབ་འབྲས་ཐོན་པ་སྨོས་མེད་རེད། དེ་མིན་བོད་ཀྱི་བོད་ཀྱི་དབུ་ཁྲིད་ཁ་ཤས་ཀྱིས་རང་གི་གྲགས་པའི་སླད་དུ་རྒྱ་ནག་དང་སྟུན་མཁས་དང་མཛའ་གྲོགས་སྒྲིག་རྒྱུ་འཆར་གཞི་བཀོད་པ་ནི་དོན་དངོས་བོད་རླགས་རྒྱུ་ལས་འོས་མེད་པ་ལོ་རྒྱུས་གསལ་བཤད་ཡོད། རྒྱུ་མཚན་ནི་སྔ་ནས་ད་ལྟའི་བར་རྒྱ་ནག་དང་མ་སྟུན་པ་མིན་ཤིང་སྟུན་རྒྱུ་མང་དྲགས་པ་བོད་ཀྱི་གནས་ཚད་འདི་ལྟར་སླེབས་པ་རེད། བོད་ལ་རང་དབང་བཙན་འདོད་མཁན་ཞིག་ཡིན་ཚེ་མི་སྟུན་པའི་ཐབས་ལམ་སྙེགས་རྒྱུ་ནི་བསྟན་རྡོར་གྱི་དགོངས་ཚུལ་ལྟར་མཐའ་ཐུག་གི་དམིགས་ཡུལ་འགྲུབ་པའི་རྒྱུ་ཞིག་ཡིན་པ་སྨོས་མེད་རེད། དེ་ནི་རྒྱ་གར་གཅིག་པུ་མ་ཡིན་པ་ཨ་རིའི་མི་ནག་གི་འཐབ་རྩོད་དང་། ཕ་ཧྥུ་རི་ཁའི་མི་རིགས་དཀར་ནག་གི་འཐབ་རྩོད། ཡོ་རབ་ཤར་མས་ར་ཤ་ཡའི་དབང་སྒྱུར་ལ་འཐབ་རྩོད་སོགས་བགྲོད་ལམ་གཅིག་པ་རེད།
སྤྱིར་ན།
ངས་ནམ་ཞིག་ཡིན་རུང་། གཞོན་སྐྱེས་ལས་འགུལ་བ་བསྟན་རྡོར་སོགས་ལ་སེམས་བསམ་པའི་གཏིང་ནས། ཡི་རངས་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་པ་ཡིན་ལ། ལག་ལེན་གྱི་ཆ་ནས་ཁོང་ཚོར་མཉམ་རུབ་དང་རོགས་འདེགས་ཀྱང་བྱས་དང་བྱེད་ཀིན་པ་འདི་ཡིན་མོད། ཁོང་ཚོས་བོད་ཀྱི་སྐད་ཡིག་རིག་གནས་ལ་རང་འདོད་རང་བསམ་གྱིས་བཟོ་བཅོས་བྱེད་འདོད་ཀྱི་འདུ་ཤེས་རིང་ལུགས་ཅན་ལ་མཐའ་གཅིག་ཏུ་རྒོལ་གི་ཡིན་ནོ།། གང་ཡིན་ཟེར་ན།
གཅིག་ནས།
ཁོང་ཚོ་འདྲ་བོས་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་གཞུང་ལུགས་ཁག་ལ་སློབ་ཞིབ་དང་འབྲེལ་འདྲེས་ཆེན་པོ་མེད་དུས་དེའི་ཟབ་ཚད་ཤེས་ཀྱིན་མེད་པ་དང་།
གཉིས་ནས།
ཁོང་དང་ཁོང་གི་སྲིང་མོས་བཏོན་དང་འདོན་བཞིན་པའི་གོང་གི་བོད་ཡིག་འབྲི་ཐབས་འདི། ལག་ལེན་ལ་ཕན་ནུས་ཆེན་པོ་ཡོད་པ་ཞིག་ཡིན་ན། དེའང་བསམ་ཞིབ་བྱེད་ཆོག་པ་རེད་དེ། ཕན་པ་ལས་གནོད་སྐྱོན་གྱི་ཕྱོགས་སུ་ལྷུང་ཡོད་པ།
གསུམ་ནས།
བོད་ཀྱི་བརྡ་སྤྲོད་རིག་གནས་འདི་དར་ནས་བཟུང་གོང་གི་འབྲི་ཐབས་ཕྱོགས་ལ་དཀའ་ངལ་གང་ཡང་བྱུང་མྱོང་ཡོད་པ་མ་རེད་ལ། གལ་སྲིད་ཡོང་མི་ཆོག་པ་དེ་འདྲ་རྩ་ནས་མ་རེད་དེ། དཀའ་ངལ་འདིའི་རིགས་ནི། ནང་བྱན་མ་ཆུབ་པ་དང་རང་སྒེར་གྱི་དཀའ་ངལ་གཙོར་འདོན་བྱས་པ་ལས། བརྡ་སྤྲོད་རིག་གནས་ཀྱི་སྒྲོམ་གཞི་མ་འགྲིགས་མ་འཐུས་ཚུལ་ཞིག་མ་ཡིན་པས་ན། རིག་གཞུང་གི་དགོས་དོན་རྟོགས་ཐུབ་ཀྱི་མེད་པ།
བཞི་ནས།
སླ་བཅོས་རིང་ལུགས་ཀྱིས་གཤིས་སྤྱོད་འདི་ལྟར་རིམ་གྱིས་ཆགས་ཡོང་ན། བོད་ཀྱི་རིག་གཞུང་གི་སྤུས་ཚད་དེ་ཞན་སྐྱོན་དུ་ཆགས་འགྲོ་བ་མ་ཟད། ལྷག་པར་དུ། བརྡ་སྤྲོད་རིག་གནས་ཀྱི་རིན་ཐང་རང་ཤུགས་ཀྱིས་བརླག་འགྲོ་བ་ཞིག་ཀྱང་རེད།
ལྔ་ནས།
རྩོམ་པ་པོ་རེ་འདུན་ལ་རྩོམ་སྒྲིག་པའི་དང་ལེན་བྱེད་ཕྱོགས་ལ་བལྟས་ཡོང་ན། བཙན་བྱོལ་ནང་གི་ཚགས་པར་གྲགས་ཅན་《བོད་ཀྱི་དུས་བབ་》ལ་ལངས་ཕྱོགས་དང་རང་རེའི་སྐད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་འགན་ནུས་ཤིག་མེད་པ་ལྟ་བུ་མཚོན་མི་འདུག་གམ།
དྲུག་ནས།
དཀའ་ངལ་འདི། བཙན་བྱོལ་ནང་གི་རེ་གཉིས་ཤིག་གིས་གླེང་སློབ་བྱས་པ་ཙམ་གྱིས་དེ་འདྲའི་དོ་སྣང་ཆེན་པོ་སྤྲད་སྟངས་ལ་ཅིག་བསམས་ཡོང་ན། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་རིག་གཞུང་གི་བླ་སྲོག་ལ་ངོས་འཛིན་དང་སྲུབ་སྐྱོབ་བྱེད་ཕྱོགས་ཀྱི་རྣམ་འགྱུར་ལྷུང་ལ་བུད་པ་མ་ཡིན་ནམ།
བདུན་ནས།
གལ་སྲིད་ངོ་མ་ཅན་གྱི་བརྡ་སྤྲོད་རིག་གནས་རང་གི་ཐོག་ནས་དང་ལག་ལེན་བར་གྱི་དཀའ་ངལ་ཆེན་པོ་ཡིན་ན་ནི། གཞིས་བཞུགས་བརྡ་སྤྲོད་རིག་གནས་ལ་མཁས་དབང་རྣམ་པ་དང་ཤེས་ལྡན་པ་རྣམས་ཀྱིས་སྔར་ནས་གླེང་སློང་དང་དག་བཅོས་བྱས་ཚར་ཡོད་པ་སིམ་ཉི་མི་དགོས་པ་རེད་དེ། དེ་འདྲ་མེད་པའི་རྒྱབ་ལྗོངས་ལ་བལྟས་ཡོང་ན། འདིའི་རིགས་ཀྱི་བསམ་ཚུལ་དང་གླེང་ཕྱོགས་ནི། དགོས་དོན་ཅི་ཡང་མེད་པའི་འཕྲལ་སེལ་སླ་བཅོས་རིང་ལུགས་པའི་བསམ་སྤྱོད་ཀྱི་རྣམ་འགྱུར་བསྟན་པ་ལས། བོད་ཀྱི་བརྡ་སྤྲོད་རིག་གནས་ལ་ཕུགས་ཕན་བསམ་དཀར་གྱིས་བསམ་ཚུལ་ཞིག་བཤད་པ་མིན་པར་རྟོགས་སླའོ།།
བརྒྱད་ནས།
འདིའི་རིགས་ཀྱི་བསམ་ཚུལ་དང་ཐབས་ལམ་དེ་སྤྱིར་ཡོང་ཆོག་པ་མ་རེད་དེ། གལ་སྲིད་། འདིའི་བསམ་ཚུལ་དང་ཐབས་ལམ་འདོན་རྒྱུ་ཡིན་ན། གཞུང་ལུགས་དང་ལག་ལེན་གྱིས་རྒྱབ་རྟེན་འཁུར་ཤོག དེ་ནས་ང་ཚོས་བལྟ་ན་འགྲིགས་ཀི་རེད་ལ། གནད་ལ་སྨིན་པའི་ཐབས་ཚུལ་དང་རིགས་ལམ་འཁྱེར་ཤོག བསམ་ཞིབ་བྱས་ནའང་བདེ་མོ་འདུག མ་གཏོགས་རང་འདོད་རང་རྔམ་གྱིས་བསམ་ཚུལ་ཁོ་ནས་སྤྱི་དམངས་དང་རིག་གཞུང་ལ་ཞབས་འདེབས་འགྲུབ་མི་ནུས་པས་ན། ཡ་ལན་བྱེད་འདོད་མི་འདུག་གོ །
ཨུ་རུ་སུའི་གསར་བརྗེའི་སྐབས་སུ་རྒྱལ་ཁབ་ཆུང་ཆུང་ཁ་ཤས་ཞིག་གིས་རང་རང་ས་ནས་ཡི་གེ་བཟོ་བསྒྱུར་གྱིས་འགོ་བཙུགས་ཡོད། དེའི་ནང་དུ་སོག་པོ་ཡང་འདུས། སོག་པོས་ཡི་གེ་བརྗེས་པ་དེའི་གྲུབ་འབྲས་དེང་སང་བལྟས་ཡོང་ན་ག་འདྲ་རེད་དམ་ཞེ་ན། དེ་སྔོན་གྱི་ཡི་གེ་ནང་དུ་ཡོད་པའི་སོག་པོའི་གནའ་རབས་ཀྱི་བྱ་སྟངས་བྱེད་སྟངས་དང་ལོ་རྒྱུས་རིག་གཞུང་སོགས་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་མི་ནུས་པར་མ་ཟད། སོག་ཡིག་རྙིང་པའི་ནང་དུ་ཡོད་པའི་ནང་ཆོས་སོགས་ཆོས་ལུགས་ཁག་ཀྱང་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་མི་ཐུབ་པར་གྱུར། སོག་ཡིག་གསར་བའི་ནང་དུ་ཡོད་པ་གཅིག་རང་གཅིག་སྟེ། དམར་ཕྱོགས་ཀྱི་འབོད་སྒྲ་དག་དང་རིག་པའི་གཞུང་ལུགས་ཁག་ཡིན། འོན་ཀྱང་དེང་སང་དེའི་བརྗོད་དོན་དགོས་མཁོ་མེད་པར་གྱུར། དེ་ན་སོག་ཡིག་གསར་བ་དེ་འཚོ་ཐབས་ཁོ་ན་ལ་བོད་སྤྱོད་པ་ཙམ་ལས་རྒྱལ་ཁབ་ཞིག་ལ་ཚང་དགོས་པ་ཆ་ཚང་བརྗོད་མ་ཐུབ་པར་གྱུར་ཏོ།
དེ་བཞིན་དུ་རིག་གནས་གསར་བརྗེའི་སྐབས་སུ་བོད་ཡིག་ཀྱང་གཞུང་གི་ཆབ་སྲིད་ལྟར་ན་བཟོ་བཅོས་བྱེད་དགོས་པ་ཡིན་ན་ཡང་། མཁས་པ་རྒན་རབས་པ་རྣམས་ཀྱིས་ཐབས་ལ་མཁས་པའི་ཐོག་ནས་བརྗེས་བོ་རྒྱག་མ་དགོས་པར་གྱུར་པ་དེས། གནས་སྲོལ་དེང་སྲོལ་ཐམས་ཅད་མཐུད་ཐུབ་པར་གྱུར། དེ་བཞིན་དུ་བོད་ཡིག་བེད་སྤྱོད་གཏོང་མཁན་ཡོད་དོ་ཅོག་གིས་དེ་བཞིན་གཅིག་གིས་གཅིག་ལ་འབྲེལ་ཐུབ་བྱེད་ཐུབ་པར་གྱུར། བོད་ནས་སློབ་གྲྭ་སོང་པ་ཁག་ལ་མཚོན་ན་ཡང་བོད་ཡིག་བརྗེས་བསྒྱུར་ཕྱོགས་ལ་བསམ་ཚུལ་འདོད་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད།
འོན་ཀྱང་རྒྱ་གར་ནས་འཁྲུངས་པའི་བྱིས་པ་སྐོར་ཞིག་གིས་བོད་ཡིག་བརྗེས་བསྒྱུར་སྐོར་ལ་བསམ་ཚུལ་ཤུགས་ཆེན་འདོན་བཞིན་འདུག འདི་དང་པོ་ཝ་ར་ན་སའི་སློབ་གྲྭ་ནང་ནས་བསམ་འཆར་དང་པོ་སླེབས་སོང་། དེ་དུས་རྡ་སར་ཨ་མྱེས་རྨ་ཆེན་གྱི་ཚོགས་འདུག་སྟེང་དུ་སྐོར་ཞིག་གིས་གསལ་བྱེད་སུམ་བཅུས་མི་འདངས་ཚུལ་སོགས་ལུང་པ་གང་བཤད་སོང་མོད། ཡི་གེ་གསར་བ་ཁག་ཞིག་ཀྱང་གསར་བ་སླེབས་སོང་མོད། ཁོང་ཚོའི་དེ་ནི་ལམ་འགྲོ་རྒྱུགས་མ་སོང་། དེ་བོད་སྤྱིའི་སྐད་ཡིག་གི་ལས་དབང་ལ་བར་ཆད་གཏོང་ཐུབ་མ་སོང་། ད་ཡིན་ན་ཡང་ནེའུ་ཡོག་གི་བྱིའུ་ཕྲུག་སྐོར་ཞིག་གིས་ཀྱང་འདི་ལྟར་ཅ་ཅོ་སྒྲོག་བཞིན་འདུག འདི་ཕར་བལྟས་ཚོད་ཀྱིས་ཆོ་མེད་པ་ལྟ་བུ་རེད་མོད། འོན་ཀྱང་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་ཐོབ་ནས་ལག་ལེན་ངོ་མའི་སྟེང་དུ་སླེབས་ན། དེ་ནས་རིགས་གནས་གསར་བརྗེ་ངོ་ནས་ཞིག་ཡིན་འདུག་པ། བོད་ཀྱི་སྐད་ཡིག་ལ་བར་ཆད་སླེབས་པ་རེད་དོ།།
རྔ་བ་ཚེ་སྐྱིད་ལགས་ཀྱི་གསུངས་པའི་དགོངས་ཚུལ་དེ་ལ་རྒྱབ་སྐྱོར་གཙང་མ་ཡོད། ངོ་མ་སླ་བཅོས་རང་ལུགས་པ་འདི་ཚོའི་སོ་སོའི་མ་ཤེས་པ་དེ་རྒྱུ་མཚན་དུ་བྱས་ནས་སླ་རུ་བཏང་བ་དེས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་ཕན་པ་ལས་གནོད་སྐྱོན་ཡོད་པ་འདི་རྒྱུ་མཚན་དང་མཐུན་པ་ཞིག་རེད།
གཞོན་ནུ་ཟླ་མེད་ཀྱིས་གསུངས་པར་མངོན་པར་བསྟོད་དོ།
རང་ཉིད་ཀྱི་ཤེས་ཚད་ཀྱི་སྟེང་ནས་བོད་ཡིག་གིས་མི་འདངས་སའི་བསམ་ཚུལ་སྟོན་པ་དེ་ནི་རང་ཉིད་ལ་དེ་ལྟའི་བོད་ཡིག་གི་ཤེས་ཚད་སྐྱོ་བས་ཡིན། བོད་ཡིག་ལ་བསྒྱུར་བཅོས་གཏོང་གི་ཡིན་ཟེར་བ་དེ་དག་དང་པོ་རང་ཉིད་ཀྱི་བོད་ཡིག་ལ་གོམས་པ་ཕུལ་དུ་ཕྱིན་པ་ཞིག་དགོས། དེ་ནས་བསྒྱུར་བཅོས་ཀྱི་བསམ་བློ་གཏོང་དགོས།
གསར་ཐོན་གྱི་དངོས་པོའི་མིང་ཚིག་འགའ་ཞིག་ལ་བོད་ཡིག་གི་ལམ་ནས་འབྲི་རྒྱུར་དཀའ་ན་དེ་ནི་བོད་ཡིག་གི་སྐྱོན་གང་ནས་ཡིན། རང་ཉིད་ཀྱི་ཤེས་ཚད་དེ་གོང་འཕེལ་གཏོང་དགོས་ངེས།
ཨང་གསར་ཆེན་པོ་བྱེད་མི་རུང། རྟ་ཕོ་ལ་རྒྱུགས་རྒྱུ་ཡོད་ན། བྱང་ཐང་ཐང་ལ་ཟད་མཐའ་མེད།་
རྔ་བ་ཚེ་སྐྱིད་འདི་བུད་མེད་འགྲན་ཟླ་བྲལ་བ་ཞིག་རེད།
ཁྱེད་ཀྱིས་གསུངས་པར་མངོན་པར་བསྟོད།
མཉམ་ལང་མཉམ་འབྲེལ་བྱེད་དོ།
དངོས་གནས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་དེས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་སྨིན་ངེས་རེད། དེ་ཡང་མི་ཤེས།
ལྷག་དཀར་གྱི་ལས་འགུལ་ནི་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱིས་འཆར་གཞི་ངེས་ཅན་ལྡན་པའི་རླབས་ཆེན་གྱི་ལས་འགུལ་ཞིག་རེད་། འོན་ཀྱང་། ཞི་རྒོལ་གྱི་རྩ་བ་དང་རང་དབང་གི་སྡོང་པོ་དེ་རྒྱས་སུ་མི་འཇུག་པ་ནི་ཅང་གྲུང་ལྡན་ལ་གཡོ་བྱུས་མཁས་པའི་ཀྲུང་དབྱང་ཚང་གི་ཐབས་བྱུས་རང་བཞིན་ལྡན་པའི་སྲིད་བྱུས་བཟུང་ཡོད་པ་ནི་གདོན་མི་ཟ་བས་ངེས་པར་དུ་དོགས་ཟོན་གནང་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་རེད་། བསྟན་རྡོར་ལགས་དང་མང་པོ་ཞིག་གིས་རྒྱ་གར་མི་དམངས་དང་གྷན་དྷི་ཇི་ཡིས་་དབྱིན་ཇིར་ཞི་བའི་འཐབ་རྩོད་བྱེད་སྟངས་འཁྱེར་ཡོང་གི་འདུག། མ་གཞི་འཐབ་ལམ་གཅིག་པ་ཡིན་ཀྱང་། འཐབ་ཡུལ་དང་། འཐབ་པའི་དུས་སྐབས། འཐབ་པ་པོ་དང་འཐབ་པ་པོའི་གྲངས་འབོར་ལ་དགོངས་པ་ཁྱོན་ནས་བཞེས་ཀྱི་མི་འདུག། དཔེར་ན་་་འཐབས་ཡུལ་དབྱིན་ཇི་ལ་མཚོན་ན་ལོ་ཉི་བརྒྱ་ལྔ་བཅུ་ཙམ་རྒྱ་གར་ཆེན་པོ་བཙན་འཛུལ་བྱས་པ་རེད་། དབྱིན་ཇི་དམག་ཆེན་གཉིས་པ་འཕམ་ཉེས་བྱུང་མེད་ན་རྒྱ་གར་སྐབས་དེར་རང་བཙན་ཐོབ་ཡོད་མེད་མི་ཤེས། རྒྱ་གར་གྱི་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་གཅིག་པུ་མ་ཡིན་པར་དབྱིན་ཇི་དམག་ཆེན་གཉིས་པ་འཕམ་ཉེས་ཆེན་པོ་བྱུང་ཏེ་བཙན་འཛུལ་བྱས་པའི་ལུང་པ་དེ་ཚོ་འབ་སུ་མ་འདུས་པར་རང་བཙན་སྤྲད་དགོས་བྱུང་བ་མ་ཡིན་ནམ? འཐབ་པ་པོར་མཚོན་ན་། གྷན་དྷི་ཇི་ལྟ་བུའི་སྙིང་སྟོབས་ཅན་བོད་པའི་ནང་དཀོན་སེའེ་རེད་ད་། གྲངས་འབོར་ལ་མཚོན་ན་། རྒྱ་གར་དབྱིན་ཇི་མགོ་སེར་ཚོའི་ནང་འཐིམ་ཡོང་སྙམ་པའི་སེམས་འཕྲལ་སྤུ་ཙམ་མེད་། ང་ཚོའི་འཐབ་ཡུལ་ཨ་ཞང་ཚང་ལ་གཅིག་བལྟོས་དང་མཁྱེན་གསལ་རེད་པ། སྐབས་དུས་ལ་མཚོན་ན་ཡུལ་གྲུ་མང་པོ་རང་བཙན་ཐོབ་པའི་སྐབས་ང་ཚོ་རང་བཙན་ཤོར་བ་རེད་པ། བོད་པ་ས་ཡ་དྲུག་ནི་ཨ་ཞང་ཚང་དུང་ཕྱུར་བཅུ་གསུམ་ནང་འཐིམ་རྒྱུ་ནི་གདོན་མི་ཟའོ། བོད་རྒྱལ་ལོ་ཞེས་ཁ་ནས་ཐོན་སོང་།
བསྟན་རྡོ་ལགས་ཀྱིས་ལྷག་དཀར་དང་འབྲེལ་བའི་དཔྱད་གཏམ་སྤེལ་བར་ཡིད་རང་དང་ཉིད་ཀྱིས་ལས་འགུལ་རིགས་ལ་རྒྱུན་དུ་རྒྱབ་སྐྱོར་ཡོད། ལྷག་པར་དུ་བོད་ཡིག་ཐོག་གནས་ཚུལ་སྤེལ་བར་དགའ་བསུ་ཡོད། འོན་ཀྱང་བོད་ཡིག་བར་སྟོང་གི་གསར་གནས་འདིར་ལས་དང་པོ་བ་བོད་ཀྱི་སྐད་ཡིག་སྤྱོད་མཁན་ཁ་ཤས་ཀྱིས་དགའ་བསུ་ཐོབ་སྲིད་ཀྱང་དེ་མིན་བོད་ཀྱི་སྐད་ཡིག་ལ་གོམས་པ་ཡོད་མཁན་ཚོས་དགའ་བསུ་ཞུ་མི་སྲིད་ལ་ཚིག་གི་གཅོད་མཚམས་སོགས་ཀློག་ཀྱང་བདེ་པོ་མི་འདུག། དེར་བརྡ་སྤྲོད་རིག་གནས་སོགས་ཀྱི་སྐྱོན་ཆ་མང་ཙམ་ཡོདཔར་གོང་དུ་དྲ་གྲོགས་ཚོས་གསུངས་འདུག་པས་འདིར་མི་ཞུ། དེ་ལས་བོད་ཡིག་ཐོག་དཔྱད་རྩོམ་དང་འབྲི་ཀློག་སོགས་རྒྱུན་རྟེན་གྱི་རང་གི་རིག་གཞུང་ལྟར་གནང་བ་ཡིན་ན་དེ་ཡང་རིག་གཞུང་སྲུང་སྐྱོབ་སོགས་ལྷག་དཀར་གྱི་དགོས་དམིགས་ཡང་ཅི་མི་འགྱུར།
ལྷག་དཀར་ ལས་འགུལ་ བཟང་ཡང་། རང་བཙན་ ལས་འགུལ་ལ་ ང་རང་ དེ་ཙམ་ མི་མོས་ལགས།
སུམ་བཅུའི་དུས་དྲན་སྐབས་སུ་ཡོ་རབ་ཀྱི་གྲོང་ཁྱེར་ཕཱ་རལ་རྒུ་ནང་བོད་དོན་སྐོར་གྱི་གློག་བརྙན་ཞིག་བརྙན། དུས་འཇུག་ཏུ་གོ་སྒྲིག་པས་ཕྱི་གླིང་པ་མགོ་སེར་རྣམས་ལ་བོད་རང་དབང་ལ་རྒྱབ་སྐྱོར་བྱེད་དམ་རང་བཙན་ལ་རྒྱབ་སྐྱོར་བྱེད་ཅེས་་དྲི་བ་དྲིས་སྐབས། མི་གཉིས་མ་གཏོགས་གཅིག་གྱུར་གྱིས་བོད་རང་བཙན་རྒྱབ་སྐྱོར་བྱེད་ཅེས་ལག་པ་གནམ་ལ་བཅངས། སྐབས་དེར་ང་རང་ཧང་སང་བ་ཞིག་ལ་བཙན་བྱོལ་བོད་མི་ཚོས་གྲས་ནས་བོད་བཙན་དེ་ལྟར་སྤྱི་མོས་ཀྱི་རྒྱབ་སྐྱོར་བྱེད་མཁན་དཀོན་པས་ཡིན། ལོ་ངོ་སུམ་བཅུ་ཙམ་སྔོན་བོད་སྤྱི་ཚོགས་ཁྲོད་བོད་རང་བཙན་ལ་སྐྱོན་བརྗོད་བྱེད་མཁན་དཀོན་ཡང་ད་ལྟ་མང་དུ་ཡོད་པ་ཡོངས་གྲགས་རེད། དེ་ནི་སུས་བཟོ་བ་རེད་ཅེས་དྲི་བ་ཞིག་ངང་གིས་བྱུང་ཞིང་། ལན་དུ་ང་ཚོའི་མགོ་ཁྲིད་ཁ་ཤས་ཀྱིས་བཟོ་བ་རེད་ཅེས་དངོས་ཡོད་ཀྱི་ལན་འདེབས་བྱེད།
ང་ཚོའི་མི་རབས་རྒན་པ་དང་ལོ་རྒྱུས་ཀྱི་བདེན་དོན་གྱིས་ཕྱི་གླིང་པ་འདི་འདྲ་མང་པོ་ཞིག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱང་མ་འོངས་བར་ང་ཚོས་མི་རབས་འདིས་ལམ་ལོག་ཏུ་ཁྲིད་རྒྱུའི་ཉེན་ཁ་ཆེ་བའི་འདོད་འདུན་ཞིག་ངང་གིས་སྐྱེས། གལ་སྲིད་དེ་ལྟར་ཁྲིད་པ་ཡིན་ན་མ་འོངས་བར་སྐྱར་ཉོ་རྒྱུ་ཧ་ཅང་དཀའ་སྟེ། མི་སེམས་ཁ་ལས་སླ་ཞིག་གིས་སྒྱུར་མི་ཐུབ་པས་ཡིན།