(ངས་ཁོང་གི་ལོ་རྒྱུས་འདི་རང་ཉིད་ཀྱི་སེམས་ཁོང་སྐྱོ་བས་བརླན་བཞིན་བྲིས།)
པདྨ་རྡོ་རྗེ།
ང་ནི་ཕྱི་ལོ་ 1989 ལོ་ཟླ་ 7 ཚེས་ 22 ཉིན་མདོ་སྨད་ཐེ་བོ་བྲག་སྒམ་གདོང་བ་སྡེ་བའི་ནང་གི་ཕ་སྐལ་བཟང་བཀྲ་ཤིས་དང་མ་མགོན་པོ་མཚོ་གཉིས་ཀྱི་བུ་རུ་སྐྱེས། ངའི་ཕ་མ་གཉིས་ལ་བུ་བུ་མོ་མིང་སྲིང་བཞི་ཡོད་པའི་ནང་གི་ཆུང་ཤོས་དེ་ང་རང་ཡིན། ངའི་ཆོས་མིང་ལ་དཀོན་མཆོག་སེངྒེ་དང་སྐྱ་མིང་ལ་པདྨ་རྡོ་རྗེ་ཟེར། (ཁྱིམ་མཚེས་གཡས་གཡོན་གྱི་མི་ལ་ལས་པད་རྒན་དང་ལ་ལས་པདྨ་མ་སྐྱེས་ཞེས་འབོད།) ལོ་ལྔའི་ཐོག་བྲག་སྒམ་པའི་སློབ་ཆུང་དུ་སོང་ཞིང་སློབ་ཆུང་ནས་སློབ་མཐར་ཕྱིན་རྗེས། རང་ལོ་ 15 སྟེང་བྲག་སྒམ་ལྷ་གསོལ་དགོན་པའི་ནང་ཆོས་ཞུགས་བྱས། ཕྱི་ལོ་ 2008 ལོར་བོད་ས་ཡོངས་ནས་བོད་མི་མང་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས། དཀོན་མཆོག་བསྟན་པ་དང་ངེད་གཉིས་ཀྱིས་མདོ་སྨད་ཐེ་བོ་ནས་མི་མང་ལ་སྐུལ་སློང་བྱས་ཏེ་བྲག་སྒམ་པའི་དགོན་གྲོང་གཉིས་ཀྱི་སེར་སྐྱ་མི་མང་ 120 ཙམ་སྣེ་ཁྲིད་ཀྱིས་ཐེ་བོ་རྫོང་མི་དམངས་སྲིད་གཞུང་གི་སྒོ་ཆེན་མདུན་དུ་ཞི་བའི་ངོ་རྒོལ་བྱ་རྒྱུར་གྲ་སྒྲིག་བྱས་པར། ཐེ་བོ་རྫོང་གི་ཉེན་རྟོག་པ་དང་དྲག་ཆས་དམག་མིས་ངེད་གཉིས་ཀྱི་གཙོས་ཐེ་བོ་བྲག་སྒམ་པའི་དགོན་གྲོང་གཉིས་ཀྱི་སེར་སྐྱ་མི་མང་ 120 སྤྱི་ཟླ་གསུམ་པའི་ནང་འཛིན་བཟུང་བཙོན་འཇུག་བྱས་པར་མ་ཟད། ཐེ་བོ་རྫོང་མི་དམངས་ཁྲིམས་ཁང་གིས་ངེད་གཉིས་ཀྱིས་ཁ་བྲལ་རིང་ལུགས་པའི་བསམ་བློ་བརྒྱུད་བསྒྲགས་བྱས་པ་དང་། རྡུང་གཅོག་འཕྲོག་སྲེག་གི་འགོ་ཁྲིད་ནས་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་འཇགས་དང་རྒྱུ་ནོར་ལ་གཏོར་བརླག་བཏང་བའི་ནག་ཉེས་བཙུགས་ཏེ་ངེད་གཉིས་ཆར་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཅིང་། རྒྱ་ནག་ཀན་སུའུ་ཞིང་ཆེན་པེ་ཡུས་(甘肃省白银)བཙོན་ཁང་དུ་བཙོན་འཇུག་བྱས། ཕྱི་ལོ་ 2010 ལོ་ཟླ་ 3 ཚེས་ 30 ཉིན་ངའི་ཁྲིམས་ཐག་གི་ལོ་གྲངས་ཚང་ཟིན་པར་བརྟེན་ང་རང་གློད་བཀྲོལ་བཏང་།
བོད་ས་བྱི་ཞི་རྒོལ་ཆེན་མོའི་སྔ་ཕྱི་དང་ངའི་རྐང་རྗེས།
ཕྱི་ལོ་ 2008 ལོར་བོད་ས་ཡོངས་ནས་བོད་མི་མང་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་རྒྱ་ནག་གིས་མི་ལོ་ལྔ་བཅུ་ལྷག་གི་རིང་བོད་མི་མང་ལ་བཙན་གནོན་དང་དབང་སྒྱུར་བྱས་པ་དེར་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་ཐོན་བཞིན་པར་བརྟེན། བདག་གིས་ཀྱང་བློ་གཅིག་སེམས་གཅིག་གིས་དེ་ལྟའི་ལས་དོན་རླབས་ཆེན་དེ་མ་སྐུལ་དང་ལེན་བྱ་རྒྱུར་ཐག་གཅོད་བྱས་པ་ཡིན། ཐེངས་དང་པོ་ 2008 ལོའི་ཟླ་ 3 ཚེས་ 15 ཉིན། དཀོན་མཆོག་བསྟན་པ་ངེད་གཉིས་དགོན་པའི་ཚོགས་གྲོལ་རྗེས་སྦག་སྦག་ཞོན་ནས་ཐེ་བོ་རྫོང་ཐོག་ཏུ་སོང་བ་ཡིན།
རྫོང་ཐོག་ཏུ་སླེབས་རྗེས་དཀོན་མཆོག་བསྟན་པ་ཇ་ཁང་ནང་ལ་ཇ་འཐུང་གི་སོང་ཤུལ་ནས། ང་དྲ་ཁང་དུ་སོང་བ་ཡིན། ངས་ QQ སྒོ་ཕྱེ་སྐབས་རོགས་པ་ཞིག་གིས་ངའི་ཡིག་སྒམ་དུ་ལྷ་ས་ན་ཞི་བའི་ངོ་རྒོལ་བྱས་ནས་སྐད་འབོད་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཞིག་བཏང་འདུག དེར་བརྟེན་ང་མགྱོགས་པོ་ཇ་ཁང་དུ་སོང་ནས་བསྟན་པ་ལ་དེའི་སྐོར་བཤད་པ་ཡིན། ངས་ལྷ་ས་ན་བོད་པ་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་ཀྱིན་ཡོད་ན་ད་ལྟ་ངེད་གཉིས་ཀྱིས་ཀྱང་ཐེ་བོ་ནས་མི་མང་གི་རང་བཞིན་ལྡན་པའི་ཞི་བའི་ངོ་རྒོལ་བྱེད་མཁན་གྱི་རྩ་འཛུགས་ཤིག་གི་མགོ་ཨེ་འཁྱོངས་ཀི་ལྟ་ཞེས་བཤད་པ་ཡིན། ངའི་བསམ་ཚུལ་ལ་དཀོན་མཆོག་བསྟན་པས་མོས་མཐུན་གཙང་མ་བྱས་སྟབས་དེ་མ་ཐག་ངེད་གཉིས་ཐེ་བོ་རྫོང་ཐོག་ནས་ཡར་མར་སོང་སྟེ་རོགས་པ་ཚོར་ལྷ་ས་ན་ཁ་རྩང་དེ་རིང་བོད་མི་མང་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་ཀྱིན་པའི་གནས་ཚུལ་བཤད་ནས་ང་ཚོས་ཀྱང་ད་ལན་རང་ས་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཞིག་བྱེད་ཐུབ་ན་བཟང་རབས་ཀྱི་རྒྱུ་མཚན་མང་དུ་བཤད་པ་ཡིན།
འོན་ཀྱང་མི་མང་པོ་ཞིག་གིས་ངེད་གཉིས་ཀྱི་སྐད་ཆར་ཡིད་ཆེས་བྱེད་ཀྱིན་མི་འདུག་ནའང་། ཕྱོགས་གཅིག་ནས་ཁོང་ཚོས་ལྷ་ས་ན་ད་ལྟ་བོད་པ་ཚོས་རྒྱ་ནག་གཞུང་ལ་དེ་འདྲ་ངོ་རྒོལ་ཞིག་བྱེད་ཀྱིན་ཡོད་ན་བཟང་གི་མོད། འོན་ཀྱང་གནས་ཚུལ་དེ་ཕལ་ཆེར་བདེན་པ་ཡིན་རྒྱུ་མ་རེད་ཟེར་གྱི་འདུག
དེར་བརྟེན་ཐེ་བོ་རྫོང་ཐོག་ནས་དཀོན་མཆོག་བསྟན་པ་ངེད་གཉིས་ལ་བྱ་ཐབས་གཞན་མེད་སྟབས། ཡང་བསྐྱར་སྦག་སྦག་ཞོན་ཏེ་གཡི་བ་ཞང་ཐོག་ལ་ཕྱིར་སོང་ནས་གཡི་བ་དང་བྲག་སྒམ་པའི་སེར་སྐྱ་མི་མང་ལ་དེའི་སྐོར་བཤད་པ་ཡིན། བཤད་སའི་མི་སྣ་ཡང་གཙོ་བོ་བོད་པའི་ལ་རྒྱ་ཡོད་མཁན་དང་སྤོ་ཤོ་དགོན་པ་དང་སྔོ་ཁྱེ་རི་ཁྲོད་ནང་གི་གྲྭ་པ་ངོ་ཤེས་པ་ཚོ་ཡིན། ངེད་གཉིས་ཀྱིས་ཁོ་ཚོ་ལ་ལག་ཁྱེར་ཁ་པར་བཏང་ནས་ལྷ་ས་ན་ཁ་རྩང་དེ་རིང་བོད་པ་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་ཀྱིན་ཡོད་པའི་ཛ་དྲག་གི་གནས་ཚུལ་རྣམས་བཤད་ནས། ད་ལན་ང་ཚོས་ཀྱང་ཐེ་བོ་རྫོང་མི་དམངས་སྲིད་གཞུང་གི་སྒོ་ལ་བསྡུ་འཛོམས་བྱས་ནས་ཞི་བའི་ངོ་རྒོལ་ཞིག་བྱེད་ཐུབ་ན་བཟང་ཚུལ་བཤད་པ་ཡིན། སྐབས་དེར་ཁོང་ཚོས་ལམ་སེང་ངེད་གཉིས་ཀྱི་བསམ་ཚུལ་ལ་མོས་མཐུན་དང་རྒྱབ་སྐྱོར་བྱས་ནའང་ད་དུང་ངེད་གཉིས་ཀྱིས་ཁོང་ཚོར་ང་ཚོའི་དགོན་པའི་ནང་ལ་གྲྭ་པ་མང་པོ་མེད་པས་གཡས་གཡོན་གྱི་སྡེ་པའི་ནང་ནས་ཞི་བའི་ངོ་རྒོལ་བྱེད་དུ་འགྲོ་ངེས་ཀྱི་མི་མང་པོ་ཞིག་བསྡུ་རུབ་བྱ་རྒྱུར་འབྲེལ་ཡོད་ངོ་ཤེས་པ་ཚོ་ལ་ཁ་པར་བཏང་ནས་འབྲེལ་བ་བྱུ་རྒྱུ་ཡིན་ཞེས་བཤད་པ་ཡིན།
ཕྱི་ཚེས་ 16 ཉིན་ངེད་གཉིས་ཡང་བསྐྱར་ཞི་བའི་ངོ་རྒོལ་བྱ་རྒྱུར་རྒྱུད་སྐུལ་ཆེད་སྦག་སྦག་བཏང་ནས་ཐེ་བོ་རྫོང་ཐོག་ཏུ་སོང་བ་ཡིན། ཉིན་དེར་སྟག་ཚང་ལྷ་མོ་ཀིརྟིའི་དགོན་པའི་སློབ་གྲྭའི་སློབ་མ་དང་དགོན་པའི་གྲྭ་པ་ཚོ་སྟག་ཚང་ལྷ་མོའི་ཞང་གི་ཁྲོམ་སྲང་དུ་ཐོན་ནས་ཞི་བའི་ངོ་རྒོལ་བྱས་ཡོད་སྟབས། བྲག་སྒམ་པ་དང་ཐེ་བོ་རྫོང་ཐོག་གི་རོགས་པ་ཚང་མས་དེའི་སྐོར་ཤེས་འདུག ཁོ་ཚོས་ངེད་གཉིས་ལ་ད་ལན་ཁྱེད་གཉིས་ཀྱི་བྱེད་སྟངས་འདི་ཧ་ཅང་ཡག་པོ་འདུག འོན་ཀྱང་ང་ཚོ་ལ་མི་མང་པོ་དགོས་ཀྱི་འདུག ཁྱེད་གཉིས་ཀྱིས་གང་མགྱོགས་མི་མང་པོ་ཞིག་བསྡུ་ཨེ་ཐུབ་ལྟོས་དང་། ཁྱེད་ཚོ་ཐེ་བོ་རྫོང་ཐོག་ཏུ་ཐོན་མ་ཐག་ང་ཚོ་ཚང་མ་ཁྱེད་ཚོའི་རྒྱབ་ཏུ་ལངས་ནས་ཡོང་གི་ཡིན་ཞེས་བཤད་ཀྱི་འདུག དེ་ནས་དཀོན་མཆོག་བསྟན་པ་ངེད་གཉིས་ཉིན་དེ་རིང་ལ་སྦག་སྦག་བཏང་ནས་ཡང་བསྐྱར་བྲག་སྒམ་པ་ནང་ཕྱིར་ལོག་སྟེ་སྡེ་པ་རེ་རེའི་ནང་སོང་ནས་ང་ཚོ་ཚང་མ་ཐེ་བོ་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་ལ་སྐྱོད་དགོས་པ་དང་རྫོང་ཐོག་ཏུ་ང་ཚོ་ཡོང་རྒྱུར་མི་མང་པོ་ཞིག་བསྒུགས་ནས་བསྡད་ཡོད་རབས་བཤད་པ་ཡིན་ལ། ཉིན་དེར་བྲག་སྒམ་པའི་ནང་གི་མི་མང་པོ་ཞིག་གིས་ཀྱང་ལྷ་སའི་གཙོས་པའི་བོད་ས་མང་པོ་ཞིག་ཏུ་བོད་པ་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་ཀྱིན་པའི་གནས་ཚུལ་དེ་གསལ་པོ་གོ་ཡོད་ནའང་། མི་ཁ་ཤས་ཀྱིས་ད་དུང་གནས་ཚུལ་དེ་གསལ་པོ་ཞིག་གོ་ཡང་གོ་མི་འདུག་ལ་ཤེས་ཀྱང་ཤེས་ཀྱི་མི་འདུག དེར་བརྟེན་ངེད་གཉིས་བྲག་སྒམ་པའི་སྡེ་པ་རེ་རེའི་ནང་ལ་སོང་ནས་མི་ཚང་མ་ཐེ་བོ་རྫོང་མི་དམངས་སྲིད་གཞུང་གི་སྒོ་ཆེན་མདུན་དུ་ཞི་བའི་ངོ་རྒོལ་བྱེད་དུ་འགྲོ་དགོས་པའི་སྐུལ་སློང་བྱས་པ་ཡིན། འོན་ཀྱང་ཉིན་དེར་ཡང་ཚང་མས་ཁ་གཅིག་གྲག་གིས་ངེད་གཉིས་ལ་ལས་དོན་འདིའི་འགོ་འཁྱོངས་སོང་ན་བཟང་གི་མོད། འོན་ཀྱང་ལས་དོན་འདི་འདྲ་ཞིག་སྤེལ་བ་ལ་མི་མང་པོ་ཞིག་བསྡུ་ཐུབ་པ་བྱེད་དགོས་ཀྱི་འདུག ཁྱེད་གཉིས་ཀྱིས་ངེས་པར་དུ་མི་མང་པོ་ཞིག་བསྡུ་ཨེ་ཐུབ་ཀི་ལྟོས་ལབ་བྱུང་། དེ་ནས་ངེད་གཉིས་ཉིན་དེར་སྡེ་པ་རེ་རེའི་ནང་ལ་སོང་ནས་མི་མང་པོ་ཞིག་བསྡུས་པ་ཡིན།
ཚེས་ 17 ཉིན་ཡང་བསྐྱར་ངེད་གཉིས་ཐེ་བོ་རྫོང་ཐོག་གི་གནས་ཚུལ་ཁ་ཤས་རྒྱུས་ལོན་དང་རོགས་པ་ཚོར་འབྲེལ་གཏུག་ཆེད་སྦག་སྦག་བཏང་ནས་སོང་བ་ཡིན། ངེད་གཉིས་ཐེ་བོ་རྫོང་ཐོག་ཏུ་ཐོན་དུས་ཉིན་གུང་གི་ཆུ་ཚོད་དང་པོ་རེད་འདུག ཉིན་དེར་ཐེ་བོ་རྫོང་གི་ཉེན་རྟོག་པས་ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་ཕྱེ་མི་ཆོག་པའི་བཀའ་རྒྱ་བཀྲམ་ནས་སྒོ་བརྒྱབ་འདུག འོན་ཀྱང་ངེད་གཉིས་སྦག་སྦག་བཏང་ནས་མར་འགྲོ་སྐབས་བོད་པའི་ཚོང་ཁང་དང་ཟ་ཁང་ཚང་མའི་སྒོ་ལ་ཁ་བཏགས་རེ་འཐེན་ཡོད་པ་དང་རྣམ་བཅུ་དབང་ལྡན་རེ་སྦྱར་འདུག་པ་མཐོང་མ་ཐག་ངེད་གཉིས་ཀྱི་སེམས་པ་དགའ་ལྷང་ལྷང་གྱུར་སོང་། ཡིན་ཡང་ཉིན་གུང་ཆུ་ཚོད་གཉིས་པའི་ཐོག་ལ་ཉེན་རྟོག་པས་ཟ་ཁང་དང་ཚོང་ཁང་གི་སྒོ་ལ་བཏགས་ཡོད་པའི་ཁ་བཏགས་དང་རྣམ་བཅུ་དབང་ལྡན་གྱི་པར་ཚང་མ་མར་བཀོག་ནས་བསྡུ་གསོག་རྒྱག་གི་འདུག དེ་ནས་ངེད་གཉིས་ཀྱིས་ཐེ་བོ་རྫོང་ཐོག་ཏུ་ཡོད་པའི་ངོ་ཤེས་པ་དང་རོགས་པ་ཚོར་ད་ཁྱེད་ཚོས་འདི་ན་གྲ་སྒྲིག་བྱས་ནས་སྡོད་དང་ང་ཚོ་ཚང་མས་སྒང་ནས་གྲ་སྒྲིག་བྱས་ཚར་སོང་། ད་ལྟ་ངེད་གཉིས་བྲག་སྒམ་ནང་ཡར་སོང་ནས་དེ་ནས་མར་ཡོང་གི་ཡིན་ཞེས་བཤད་པ་ཡིན། དེ་ནས་ངེད་གཉིས་ཡར་བྲག་སྒམ་ནང་ལ་ཕྱིར་ལོག་ཞོར་སྡེ་པ་རེ་རེའི་ནང་སོང་ནས་ངེད་གཉིས་ཀྱིས་མི་མང་པོ་ཞིག་བསྡུ་ཐུབ་སོང་། ཐེ་བོ་རྫོང་ཐོག་ཏུའང་མི་མང་པོ་ཞིག་གིས་ང་ཚོ་མར་ཡོང་རྒྱུར་བསྒུགས་ནས་བསྡད་ཡོད་པས། དེ་རིང་ང་ཚོ་ཚང་མ་མར་ཞི་བའི་ངོ་རྒོལ་བྱེད་དུ་འགྲོ་རྒྱུ་ཡིན། ཁྱེད་ཚོ་ཚང་མས་རང་རང་ས་ནས་གྲ་སྒྲིག་ཡག་པོ་བྱས་ནས་སྒུག་སྡོད་ཅེས་བཤད་པ་ཡིན། དེ་ནས་ངེད་གཉིས་ལྷ་གསོལ་དགོན་པའི་ནང་ཕྱིར་ཐོན་ནས་དགོན་པའི་ནང་གི་གྲྭ་པ་ཚང་མ་བསྡུས་ནས་འདུ་ཁང་མདུན་དུ་ཚོགས་སྐབས་སྡེ་དཔོན་ཚང་མ་ཐོན་ནས་ཁྱེད་ཚོས་སྐད་འབོད་མ་བྱེད། མར་རྫོང་ཐོག་ཏུའང་མ་འགྲོ་ཞེས་བཤད་ཀྱིན་འདུག དེར་བརྟེན་ངས་སྡེ་དཔོན་དང་གྲྭ་མང་ཡོད་ས་ནས་སྐད་མགོ་ཐོན་པོས་ཐེ་བོ་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་བྱེད་དུ་འགྲོ་ངེས་ཚང་མ་མགོན་ཁང་ནང་ལ་གསང་གསོལ་བྱེད་དུ་འགྲོ་ཞེས་བཤད་ནས་མགོན་ཁང་ནང་ལ་སོང་ནས་གསང་གསོལ་བྱས་པ་ཡིན། དེ་ནས་ངེད་གཉིས་ཀྱིས་སྡེ་པའི་ནང་གི་མི་མང་ཚོར་ད་ང་ཚོས་མགོན་ཁང་ནང་ལ་གསང་གསོལ་བྱེད་ཀྱིན་ཡོད། ཁྱེད་ཚོས་ཀྱང་རང་རང་སོ་སོའི་ས་ནས་གསང་གསོལ་རེ་བྱས་ནས་མར་ཐོན་ཤོག་ཅེས་ཁ་པར་བཏང་བ་ཡིན། ང་ཚོས་གསང་གསོལ་བྱས་ཚར་རྗེས་ལྷ་གསོལ་དགོན་པའི་གྲྭ་པ་ཚང་མས་སྐད་འབོད་བྱེད་ཞོར་མར་ཐེ་བོ་རྫོང་ཐོག་ཏུ་གཏད་ནས་བསྐྱོད་པ་ཡིན་ལ། སྐབས་དེར་མཚན་མོ་ས་རུབ་ནས་ཆུ་ཚོད་དགུ་པ་ ཟིན་འདུག
དེ་ནས་ང་ཚོ་མར་གང་འཚམ་ཐོན་དུས་སྡེ་པའི་ནང་གི་རྒན་རྒོན་ཚོ་ཡོང་ནས་ང་ཚོའི་སྔུན་བཀག་སྟེ་ཁ་ཏ་བྱེད་ཀྱི་འདུག རྒན་རྒོན་ཚོས་ 1958 ལོར་ང་ཚོའི་ལག་ན་མེ་མདའ་དང་མཚོན་ཆ་ཡོད་པའི་སྐབས་ལའང་རྒྱ་དམག་གིས་ང་ཚོའི་མི་དེ་འདྲའི་མང་པོ་ཞིག་བསད་བཟུང་དང་བཙོན་འཇུག་བྱས་པ་རེད། དེ་རིང་ཁྱེད་ཚོ་ཚང་མ་ལག་པ་སྟོང་པ་ཁྱེར་ནས་རྒྱ་དམག་གི་མདུན་ལ་སོང་ན་གྱོང་རེག་ཁོ་ཐག་རེད། ཐུགས་རྗེ་གཟིགས་འདི་ནས་མར་གཏན་ནས་མ་འགྲོ་ཟེར་ནས་ང་ཚོའི་སྔུན་འགོག་གིན་འདུག འོན་ཀྱང་ང་ཚོས་ཁོ་ཚོའི་ཁ་ལ་མ་ཉན་པར་མུ་མཐུད་དུ་སོང་བ་ཡིན། བྲག་སྒམ་ནང་ནས་མར་སྤྱི་ལེ་ ༡༥ ཙམ་གྱི་སར་གཡི་བ་ཞང་ཡོད་པ་དང་། ང་ཚོ་གཡི་བ་ཞང་གི་ཉེ་འཁྲིས་སུ་སླེབས་རྒྱུར་སྤྱི་ལེ་གཅིག་ཙམ་གྱི་སར་ཐོན་དུས་གཡི་བ་ཞང་དང་ཐེ་བོ་རྫོང་ཐོག་ཏུ་ཡོད་པའི་གཡི་བ་དང་བྲག་སྒམ་པའི་ནང་གི་ལས་བྱེད་རྣམས་རྒྱ་ནག་གཞུང་གིས་ང་ཚོ་བཀག་འགོག་བྱེད་དུ་མངགས་འདུག ཁོང་ཚོས་ས་དེ་ནས་མར་ཅུང་ཟད་ཀྱང་འགྲོ་མི་ཆོག་ཚུལ་གྱི་ཐ་ཚིག་བསྒྲགས་ནས་ང་ཚོ་བྲག་སྒམ་པའི་སེར་སྐྱ་མི་མང་ཞི་རྒོལ་བ་རྣམས་མར་ཐེ་བོ་རྫོང་ཐོག་ཏུ་འགྲོ་རྒྱུར་བཀག་འགོག་བྱེད་ཀྱི་འདུག དེར་བརྟེན་ང་ཚོས་ཁོང་ཚོའི་གདོང་ལ་ཐད་ཀར་མཛུབ་མོ་བཙུགས་ནས་བོད་པའི་ཞབས་འདྲེན་པ་ཁྱོད་ཚོ་ཞེས་ཁོང་ཚོ་ལ་སྡིགས་མོ་བྱས་པར་མ་ཟད། དེ་རིང་ང་ཚོ་འདི་ནས་མར་ངོ་རྒོལ་བྱེད་དུ་མངགས་པ་ཡིན་ན་ཁྱེད་ཚོ་ཚང་མ་སྔར་བཞིན་བོད་པའི་ལ་རྒྱ་ཡོད་པའི་རྟགས་ཡིན་པ་དང་། ང་ཚོའི་བར་ན་སྔར་ལུགས་ལྟར་ཅི་ཡང་བཤད་རྒྱུ་མེད་ལ། གལ་སྲིད་ང་ཚོ་ས་འདི་ནས་མར་མི་མངགས་པར་བཀག་འགོག་བྱེད་རྒྱུ་ཞིག་ཡོད་ཚེ། ཁྱེད་ཚོ་ཚང་མ་དེ་རིང་འདི་ན་རྡུང་རྡེག་གཏོང་གི་ཡིན་ཞེས་བཤད་པར་མ་ཟད། རྗེས་མ་ནས་ང་ཚོས་ཁྱེད་ཚོ་བོད་པ་ཞིག་ལ་བརྩི་རྒྱུ་མིན་ལབ་པ་ཡིན། སྐབས་དེར་ཁོ་ཚོས་ཀྱང་ཀར་ཀོར་གང་ཡང་མེད་པར་ང་ཚོ་མར་མངགས་སོང་། ས་དེར་མ་བསླེབས་བར་ང་ཚོ་ཚང་མས་སྦག་སྦག་བཏང་ནས་སོང་བ་ཡིན། དེ་ནས་མར་སྦག་སྦག་བཏང་ནས་སོང་ན་གལ་སྲིད་རྒྱ་དམག་གིས་ང་ཚོའི་ནང་ནས་མི་གཅིག་གཉིས་རེ་བཟུང་སོང་བ་ཡིན་ན་མི་ཤེས་ཀི་ཟེར་ནས་སྦག་སྦག་ཚང་མ་ས་དེར་བཞག་ནས་རྐང་ཐང་ལ་སོང་བ་ཡིན།
དེ་ནས་ང་ཚོ་གཡི་བ་ཞང་གི་ཡར་ནང་སྤོ་ཤོ་དགོན་པའི་ཉེ་འདབས་སུ་སླེབ་དུས་རྒྱ་དམག་ཚང་མ་སྔོན་ནས་ས་ཆ་དེར་བསླེབས་ཏེ་ཐེ་བོ་རྫོང་ཐོག་ཏུ་བསྐྱོད་སའི་རྒྱ་ལམ་གྱི་དཀྱིལ་དང་གཡས་གཡོན་ཚང་མ་ཕྱི་སྐོར་ནང་སྐོར་བྱས་ནས་བསྐོར་ཡོད་པ་དང་། དམག་ཁག་དེར་དམག་མི་བཞི་བརྒྱ་ལྷག་ཡོད་པ་དང་དེ་ཚོ་ནི་ཏིས་ཤིས་ཟེར་བའི་ཀན་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་ས་ཆ་ཞིག་ནས་ཡོང་བ་རེད། དམག་མིའི་རླངས་འཁོར་ཆུང་བ་གསུམ་སྔོན་ལ་གཤིབ་སྒྲིག་གིས་བཞག་ཡོད་པ་དང་རླངས་འཁོར་ཆེན་པོ་གསུམ་དེའི་མཇུག་ལ་བཤིབས་ནས་ལམ་ཁ་རྦད་དེ་བཅད་འདུག རླངས་འཁོར་དེ་ཚོའི་རྒྱབ་ལོགས་སུ་དམག་མིས་བསྲུངས་ནས་བསྡད་ཡོད་པ་དང་། སྐབས་དེར་མཚན་མོ་ཆུ་ཚོད་བཅུ་གཅིག་རེད། གང་ཡིན་ཞེ་ན་ང་ཚོས་གྲ་སྒྲིག་ཡོངས་རྫོགས་ཚར་ཏེ་བྲག་སྒམ་ནང་ནས་མར་དངོས་སུ་ལམ་ལ་ཆས་དུས་དགོང་མོའི་ཆུ་ཚོད་དགུ་པ་ཟིན་འདུག ང་ཚོ་དེར་སླེབས་མ་ཐག་འོད་ཤུགས་ཧ་ཅང་ཆེ་བའི་གློག་བཞུ་ཞིག་ང་ཚོའི་གདོང་ལ་བཀར་བར་མ་ཟད་ད་དུང་ང་ཚོའི་སྟེང་ལ་མིག་ཆུ་འབྱིན་བྱེད་ཀྱི་དུག་མདའང་གཅིག་རྗེས་གཉིས་མཐུད་དུ་བརྒྱབ་ཡོང་གི་འདུག དུག་མདའ་དེ་མི་ལ་ལའི་ངོ་གདོང་ལའང་ཕོག་སོང་། དུག་མདའ་དེའི་དུ་བས་མིག་ཆུ་བཞུར་དུ་འཇུག་ཅིང་དབུགས་ལེན་མི་ཐུབ་པར་གྱུར་རྗེས་མགོ་ཡོམ་འཁོར་ནས་རང་དབང་མེད་པར་ས་ལ་འགྱེལ་འགྲོ་ཡི་འདུག མུན་ཁྲོད་དུ་དམག་མི་མང་པོས་མེ་མདའ་གནམ་འཕེན་བྱས་ནས་ང་ཚོ་ལ་འཇིགས་སྐུལ་བྱེད་ཀྱི་འདུག ང་ཚོའི་མི་ཉུང་ཤས་ཤིག་གིས་ལག་ཏུ་སྟ་རེ་དང་གྲི་སོགས་བཟུང་ཡོད་ནའང་མུན་པ་སྟུག་པོའི་ཁྲོད་ལུས་པོ་ཡོངས་རྫོགས་དེང་རབས་དྲག་ཆས་ཀྱིས་སྤྲས་ཤིང་ངོ་གདོང་གཏུམ་དྲག་གིས་ཁེངས་པའི་རྒྱ་དམག་དེ་ཚོའི་མདུན་ལ་ང་ཚོའི་ལག་ཆ་དེས་བྱེད་ཐུབ་པ་གང་ཡང་ལྷག་མི་འདུག གདུག་རྩུབ་ཀྱིས་ཁེངས་པའི་རྒྱ་དམག་དེ་ཚོས་ང་ཚོའི་གདོང་ལ་གཟས་ནས་བརྒྱབ་པའི་དུག་མདའ་དེ་ཚོ་ང་ཚོས་ས་ནས་ཡར་བསྒྲུགས་ཏེ་ཕྱིར་རྒྱ་དམག་གི་ཐོག་ལ་ཕར་འཕངས་བ་ཡིན་ལ། སྐབས་དེར་ང་ཚོས་བྱེད་ཐུབ་པ་ནི་དེ་ཙམ་ལས་གཞན་གང་ཡང་མི་འདུག དེ་ནས་ང་ཚོས་སོ་སོའི་ཁོང་ཁྲོ་མ་གནོན་པར་རྡོ་བརྒྱབ་ནས་རྒྱ་དམག་གི་རླངས་འཁོར་རྣམས་བཅག་པ་ཡིན། མཚན་མོ་དེར་རྒྱ་དམག་གིས་ང་ཚོའི་སྟེང་ལ་དུག་མདའ་བརྒྱབ་པ་དང་ང་ཚོས་ཕར་ཁོ་ཚོས་ང་ཚོའི་སྟེང་ལ་བརྒྱབ་ཡོང་བའི་དུག་མདའ་དེ་ཚོ་ཕྱིར་ལག་པས་ཁོ་ཚོའི་སྟེང་ལ་ཕར་བརྒྱབ་པ་དང་། གང་འཚམ་ཞིག་ནས་དམག་མི་དང་ང་ཚོ་མི་མང་བར་ཕན་ཚུན་རྡོ་རྒྱག་རེས་བྱས་ནས་ཆུ་ཚོད་གཉིས་ལྷག་ལ་བསྡད་པ་ཡིན།
སྐབས་དེར་ཡང་བསྐྱར་ལུང་པའི་རྒན་རྒོན་ཚོ་ཡོང་ནས་ང་ཚོ་ལ་ངུ་བཞིན་ཞུ་བ་འཐེན་གྱིན་འདུག 1958 ལོར་ང་ཚོའི་མི་དེ་འདྲའི་མང་པོ་བསད་བཟུང་བཙོན་འཇུག་བྱས་པ་རེད། དོ་ནུབ་ཁྱོད་ཚོའི་ལག་ཏུ་ལག་ཆ་ཅི་ཡང་མི་འདུག ཚང་མ་ལག་སྟོང་རེད། རྒྱ་དམག་གིས་མེ་མདའ་འདི་འདྲའི་མང་པོ་རྒྱག་གི་འདུག གལ་སྲིད་དོ་ནུབ་ཁྱེད་ཚོ་ཚང་མ་བསད་བཞག་ན་ཡང་སུ་གང་གིས་ཤེས་ཀྱི་མ་རེད། ཐུགས་རྗེ་གཟིགས་ཕྱིར་ནང་ལོག་འགྲོ་རོགས་གྱིས་ཟེར་ནས་ངུ་འབོད་དང་བཅས་ཞུ་བ་བྱེད་ཀྱི་འདུག དེར་བརྟེན་ང་ཚོ་ཡང་ཡར་ཅུང་ཙམ་ཡོང་ནས་རྒྱ་དམག་དང་ཕན་ཚུན་སྐད་ཆ་བཤད་ན་གོ་ས་ཞིག་དང་། མིག་གིས་བལྟས་ན་རིག་ས་ཞིག་ཏུ་ཚོགས་ནས་སྐད་འབོད་བྱས་པ་ཡིན། སྤྱིར་བཏང་མཚན་མོ་དེར་སྐད་འབོད་ཀྱི་ནང་དོན་འདྲ་མིན་ཅི་རིགས་ཡོད་ནའང་། སྐད་འབོད་ཀྱི་ནང་དོན་གཙོ་བོ་ནི་ང་ཚོ་ལ་བོད་རང་བཙན་དང་། འགྲོ་བ་མིའི་ཐོབ་ཐང་དགོས་ཚུལ། མི་རིགས་འདྲ་མཉམ་ཡིན་དགོས་ཚུལ་བཅས་རེད། ས་དེར་ང་ཚོས་སྐད་འབོད་བྱས་ནས་ཆུ་ཚོད་གཅིག་ཙམ་བསྡད་པ་ཡིན། སྐབས་དེར་ང་ཚོ་ཚང་མས་སྐད་འབོད་ཁོ་ན་བྱས་ནས་བསྡད་ཡོད་སྟབས། རྒྱ་དམག་གིས་མེ་མདའ་གནམ་འཕེན་ཡང་བྱེད་མཚམས་ཀྱང་བཞག་སོང་། ཡིན་ན་ཡང་། ཁོ་ཚོས་ང་ཚོས་སྐད་འབོད་བྱེད་ཀྱིན་པའི་རྣམ་པའམ་གནས་ཚུལ་ཚང་མ་བརྙན་པར་དུ་བླངས་སོང་། དེ་ནས་ང་ཚོས་སྐད་འབོད་བྱས་ཚར་རྗེས་མཚན་དཀྱིལ་ཆུ་ཚོད་དང་པོའི་ཐོག་ཚང་མ་ཕྱིར་ལོག་ཡོང་བ་ཡིན།
ཚེས་18 དང་ 19 ཉིན་ཅི་ཡང་གོ་རྒྱུ་མི་འདུག ཚེས་ 20 ཉིན་རྒྱ་དམག་གི་རླངས་འཁོར་ཆེ་བ་བཅུ་གཅིག་དང་ཆུང་བ་བརྒྱད་བཅས་བྲག་སྒམ་ནང་ལ་བསླེབས་འདུག དེ་ནས་མི་ཚང་མས་ང་ཚོ་ལ་ཁྱེད་ཚོ་སྐད་འབོད་བྱེད་མཁན་ཚང་མ་རི་ལ་མ་བྲོས་ན་རྒྱ་དམག་གིས་འཛིན་རྒྱུ་རེད་ཟེར་ནས་འབྲོ་དགོས་པའི་སྐུལ་མ་བྱས་སོང་། དེར་བརྟེན་ང་ཚོ་ཚང་མ་ཚེས་ 21 དང་ 22 ཉིན་ལྷ་གསོལ་དགོན་པའི་ཉེ་འཁོར་དུ་བསྡད་པ་ཡིན། ཉིན་དེ་གཉིས་ལ་བྲག་སྒམ་པའི་མི་ཞིག་ཡིན་ཕྱིན་ཆད་ཚེས་ 17 ཉིན་སྐད་འབོད་བྱེད་དུ་སོང་ཡོད་མེད་ལ་མི་ལྟ་བར་འཛིན་བཟུང་བྱེད་རྐྱང་བྱེད་ཀྱི་འདུག དེར་བརྟེན་ཚེས་ 23 ཉིན་ང་ཚོས་རྒྱ་དམག་ལ་མགོ་མི་འདོགས་ཟེར་ནས་ཚང་མ་རི་ལ་བྲོས་ཕྱིན་པ་ཡིན། ཚེས་ 25 ཉིན་སྡེ་དཔོན་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ་ཚོས་ང་ཚོ་རི་ལ་བྲོས་ཕྱིན་པའི་གྲྭ་པ་ཚང་མ་ཕྱིར་ཡོང་དགོས་པའི་སྒྲིག་ལམ་ཞིག་བཟོས་འདུག ཚེས་ 25 དགོང་མོ་ང་ཚོ་ཚང་མ་ཕྱིར་དགོན་པའི་ནང་དུ་བསླེབས་ནས་ཆུ་ཚོད་གསུམ་པ་ཙམ་གྱི་རྗེས་སུ་དགོན་པའི་གླིང་མཐའ་ལ་རླངས་འཁོར་གྱི་སྒྲ་གྲག་གི་འདུག་པར་བརྟེན། ང་ཚོ་ཕྱི་ལ་ཡོང་ནས་ལྟ་དུས་རྒྱ་དམག་གིས་དགོན་པའི་གླིང་མཐའ་ཚང་མ་བསྐོར་ཚར་འདུག དེའི་མཚན་མོ་དེར་རྒྱ་དམག་གིས་མཚན་གང་པོར་དགོན་པའི་གླིང་མཐའ་དམ་བསྒྲགས་བྱས་ནས་སྲུང་འདུག
ཚེས་ 26 ཞོགས་པ་ཆུ་ཚོད་ 10 ཐོག་ཉེན་རྟོག་པ་དང་དྲག་ཆས་དམག་མི་མཉམ་དུ་ཡོང་ནས་གྲྭ་པ་ཚང་མ་སོ་སོའི་ཤག་ནས་འཛིན་བཟུང་བྱས་སོང་། ཚེས་ 26 ཉིན་ང་ཚོ་གྲྭ་པ་ཚང་མ་འཛིན་བཟུང་བྱས་ནས་ཐེ་བོ་རྫོང་གི་བཙོན་ཁང་དུ་སླེབས་དུས་མི་སྐྱ་ཚང་མ་ང་ཚོའི་སྔོན་ལ་འཛིན་བཟུང་བྱས་ཏེ་བཙོན་འཇུག་བྱས་ཚར་འདུག སྤོ་ཤོ་དགོན་པའི་གྲྭ་པ་དྲུག་དང་བྲག་སྒམ་པའི་དགོན་གྲོང་གི་སེར་སྐྱ་བཅས་སྡོམ་པའི་མི་ 120 འཛིན་བཟུང་བྱས་འདུག ཚེས་ 27 ཉིན་ནས་ཉེན་རྟོག་པས་ང་ཚོ་འཛིན་བྱས་ཡོད་པའི་མི་རྣམས་ལ་སྐད་ཆ་འདྲི་རྩད་བྱེད་འགོ་བཙུགས་སོང་། དཀོན་མཆོག་བསྟན་པ་དང་ང་རང་གཉིས་ཕལ་ཆེར་འདྲི་རྩད་བྱེད་ས་མཐའ་མའི་གྲས་རེད། དེ་ནི་ཉེན་རྟོག་པས་དཀོན་མཆོག་བསྟན་པ་ངེད་གཉིས་ཀྱིས་མི་སུ་དང་སུ་ལ་ཁ་པར་བཏང་ནས་ཞི་བའི་ངོ་རྒོལ་བྱེད་དགོས་པའི་སྐུལ་སློང་བྱས་པ་རྣམས་གློག་ཀླད་ནང་ནས་གསལ་པོ་ཤེས་ཡོད་སྟབས་ཡིན་པ་ཕྱིས་སུ་འདྲི་རྩད་སྐབས་གཞི་ནས་ཤེས་རྟོགས་བྱུང་། སྐབས་དེར་མི་ 120 འཛིན་བཟུང་བྱས་ཡོད་པའི་ནང་ནས་གློད་བཀྲོལ་བཏང་བ་ཆེས་མགྱོགས་ཤོས་རྣམས་འཛིན་བཟུང་བྱས་ནས་ཟླ་གཅིག་ལྷག་ཙམ་གྱི་རྗེས་སུ་ཡིན་པ་དང་། ང་ཚོ་ཐེ་བོ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ནས་ཟླ་བ་གཉིས་འགོར་རྗེས་མི་ཁ་ཤས་གློད་བཀྲོལ་བཏང་ཡོད་པ་རེད། ཟླ་བ་གསུམ་གྱི་རྗེས་སུ་ང་ཚོ་མི་དྲུག་མ་གཏོགས་གཞན་པ་ཚང་མ་གློད་བཀྲོལ་བཏང་ཚར་འདུག བཀག་ཉར་ཟླ་བ་གཅིག་ཙམ་བྱས་པ་རྣམས་ལ་རྒྱ་སྒོར་ 1000 རེ་ཉེས་ཆད་བཅད་པ་རེད། བཀག་ཉར་ཟླ་གཉིས་ཙམ་བྱས་པ་རྣམས་ལ་ཉེས་ཆད་རྒྱ་སྒོར་ 2000 ནས་ 2500 ལྷག་ཉེས་ཆད་བཅད་ཡོད་པ་རེད། བཀག་ཉར་ཟླ་བ་གསུམ་ཙམ་བྱས་པ་རྣམས་ལ་ཉེས་ཆད་རྒྱ་སྒོར་ 3000 ནས་ 4500 བར་བཅད་ནས་གློད་བཀྲོལ་བཏང་ཡོད་པ་རེད། དེའི་ནང་ནས་ལོ་ན་ཆེས་ཆུང་ཤོས་ནི་ངའི་སྤུན་མཆེད་བཀྲ་བསྟན་རྡོ་རྗེ་ཡིན་པ་དང་ཁོ་རང་ལོ་ 16 ཡིན་སྟབས་ཉེས་ཆད་རྒྱ་སྒོར་ 1000 བཅད་ནས་གློད་བཀྲོལ་བཏང་བ་རེད། ངའི་སྤུན་མཆེད་པད་ཕྲུག་ལོ་ 19 ཡིན་པ་དང་ཟླ་དྲུག་རིང་བཀག་ཉར་འདྲི་རྩད་བྱས་རྗེས་ཁོང་ཚོ་མི་བཞི་ལ་རྒྱ་སྒོར་ 8000 རེ་ཉེས་ཆད་བཅད་ནས་གློད་བཀྲོལ་བཏང་ཡོད་པ་རེད། གཞན་པ་གསུམ་ནི་ཨ་དཀོན། རྟ་མགྲིན་བཀྲ་ཤིས། ཐུགས་རྗེ་བཅས་ཡིན་པ་དང་། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ནས་འདོན་སྤེལ་བྱས་པའི་《ས་བྱི་ཞི་རྒོལ་ཆེན་མོ་》དང་། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་འགྲེམས་སྤེལ་བྱས་པའི་《མི་ཐོག་གསུམ་གྱི་རྨ་ཁ》 ཞེས་པའི་ས་བྱི་ཞི་རྒོལ་ཆེན་མོའི་སྐོར་གྱི་ལོ་རྒྱུས་ཀྱི་དེབ་དེའི་ནང་དུ་ཐུགས་རྗེའི་སྐོར་ལ་ཅི་ཡང་བྲིས་མི་འདུག སྐབས་དེར་ཉེན་རྟོག་པས་འདྲི་རྩད་བྱེད་སྐབས་ངས་སྒོའི་སྲུབས་ཀ་ཆུང་ཆུང་ཞིག་ནས་བལྟས་བསྡད་པ་ཡིན། འདྲི་རྩད་བྱེད་སའི་མི་དེ་མར་འདྲི་རྩད་བྱེད་སར་འཁྲིད་འགྲོ་སྐབས་གཟུགས་པོ་ཐང་ཐང་བྱས་ནས་འཁྲིད་འགྲོ་ཡི་ཡོད་ཀྱང་། འདྲི་རྩད་བྱས་ཚར་རྗེས་ཉེན་རྟོག་པ་གཉིས་ཀྱི་གཡས་གཡོན་ནས་བཀྱགས་ཏེ་འདྲུད་མ་འཐེན་གྱིས་ཕྱིར་འཁྲིད་ཡོང་གི་འདུག དེ་ནས་ཆེས་མཐའ་མ་ང་རང་ལ་འདྲི་རྩད་བྱས་སོང་། འདྲི་རྩད་བྱེད་སྐབས་གཙོ་བོ་མི་སུ་སུ་ལ་ཁ་པར་བཏང་ཡོད་པ་དང་ཁ་པར་ནང་ནས་སྐད་ཆ་ག་རེ་བཤད་ཡོད་པ། ངོ་རྒོལ་བྱེད་དགོས་པའི་སྐུལ་སློང་བྱེད་དུ་འཇུག་མཁན་གྱི་འགོ་གཙོ་ངོ་མ་སུ་ཡིན་མིན། རྒྱ་གར་ལ་ངོ་ཤེས་པ་སུ་སུ་ཡོད་པ་དང་ཁོ་ཚོ་ལ་ཁ་པར་བཏང་ཡོད་མེད་དང་། ལྷ་ས་ན་ངོ་ཤེས་པ་ཡོད་མེད་དང་། སྟག་ཚང་ལྷ་མོ་ཀིརྟིའི་དགོན་པའི་ནང་ལ་ཁ་པར་བཏང་ནས་སྐད་ཆ་ག་རེ་བཤད་ཡོད་མེད་བཅས་དྲིས་བྱུང་། འདྲི་རྩད་བྱེད་སྐབས་མནར་གཅོད་དང་སྡུག་སྣ་དགུ་གཏོང་གི་འདུག འདྲི་རྩད་སྐབས་མཚམས་རེ་སྐད་ཆ་སྤྱིར་བཏང་བ་རེ་བཤད་ནས་སེམས་གཡེང་དུ་བཅུག་སྟེ་གློ་བུར་དུ་ཡང་བསྐྱར་འདྲི་རྩད་བྱེད་ཀྱི་འདུག ཉེན་རྟོག་པས་བཅར་རྡུང་བྱེད་སྐབས་ཅི་ཡང་བཤད་ཁ་མ་ཉན་ཚེ་ཚུར་བསླབ་བྱ་རེ་རྒྱག་གི་འདུག
ཉིན་གཅིག་ང་ལ་རྒྱལ་བ་རིན་པོ་ཆེ་ཡག་པོ་འདུག་གམ་ཧུང་ཅིན་ཐང་ཡག་པོ་འདུག་ཟེར་ནས་དྲི་བ་ཞིག་དྲིས་སོང་། ངས་ལན་དུ་ཧུང་ཅིན་ཐང་ཟེར་ན་ངོ་ཤེས་ཀྱི་མེད། རྒྱལ་བ་རིན་པོ་ཆེ་ང་ཚོའི་རྩ་བའི་བླ་མ་རེད་དེར་བརྟེན་ང་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་ཅེས་ལན་བཏབ་མ་ཐག ཁྱོད་ལ་ད་དུང་སློབ་གསོ་ཐོབ་མི་འདུག་ཟེར་ནས་ང་ལ་ལག་ལྕགས་བརྒྱབ་ནས་ཆུ་ཚོད་གསུམ་རིང་ལ་གནམ་ཐག་བརྒྱབ་ནས་བཞག་སོང་། སྐབས་དེར་ངའི་ལུས་པོ་ནས་བཞུར་བའི་རྔུལ་ཆུས་ངའི་གྱོན་གོས་དང་རྐང་གི་ལྷམ་བཅས་རློན་པ་རློན་རྐྱང་ཆགས་འདུག ང་ལ་འདྲི་རྩད་བྱེད་མཁན་གཙོ་བོ་ནི་ཉེན་རྟོག་འགོ་དཔོན་སྣང་མཛོད་ཟེར་བའི་མི་ཞིག་རེད་ལ། ཁོ་ནི་ཐེ་བོ་སྨད་མའི་མི་ཞིག་རེད། ཁོ་རང་གིས་དངོས་སུ་ལག་འགུལ་ནས་ང་ལ་རྡུང་རྡེག་ཡིད་ཚིམས་པ་ཞིག་བཏང་རྗེས་ད་དུང་དམག་མི་སྐད་བཏང་ནས་རྡུང་རྡེག་གཏོང་འཇུག་གི་འདུག དམག་མི་ཚང་མ་ལོ་ན་ 18 ནས་ 25 བར་གྱི་བསམ་མི་ཤེས་པའི་རྒྱ་མི་ལོ་གཞོན་རྐྱང་རྐྱང་ཡིན་པར་བརྟེན། ཁོ་ཚོས་ང་ལ་རྡུང་རྡེག་གཏོང་སྐབས་ང་ལ་མི་ཞིག་གི་འདུ་ཤེས་ཁྱོན་ནས་འཛིན་གྱི་མི་འདུག དམག་མི་བཞི་ལྔ་ཙམ་འདྲི་རྩད་ཁང་དུ་ཡོང་ནས་རྐང་རྩེད་སྤོ་ལོ་ལ་རྡོག་ཐོ་གཞུས་པ་ལྟར་ཕངས་མེད་བྱས་ནས་རྡོག་ཐོས་གཞུས་རྗེས་ཤི་མིན་རོ་མིན་ཞིག་ཏུ་མ་བཟོས་བར་ཁོ་ཚོས་ང་ལ་རྡུང་རྡེག་གཏོང་མཚམས་གཏན་ནས་འཇོག་གི་མི་འདུག
དེ་ནས་ཉིན་གཅིག་ཉེན་རྟོག་པའི་འགོ་དཔོན་སྣང་མཛོད་སོགས་ཉེན་རྟོག་པ་འགའ་ཡོང་ནས་ང་ལ་ཁྱོད་ཀྱིས་མི་སུ་དང་སུ་ལ་ཁ་པར་བཏང་ཡོད་མེད་དང་། སྐད་ཆ་ག་རེ་བཤད་ཡོད་མེད་དྲིས་བྱུང་ལ། སྐབས་དེར་ཁོ་ཚོའི་ལག་ཏུ་ངས་ཁ་པར་བཏང་སའི་མི་ཚོའི་མིང་དང་སྐད་ཆ་ག་རེ་བཤད་པ་ཚང་མ་ཟིན་ཐོར་ཕབ་ནས་འཁྱེར་འདུག མི་ཞིག་གི་མིང་ནས་བཟུང་སྟེ་མི་འདི་ལ་ཁྱོད་ཀྱིས་ཁ་པར་བཏང་ནས་སྐད་ཆ་ཅི་བཤད་པ་འདྲི་སྐབས་མཚམས་རེ་བསམ་བློ་ཅི་ལྟར་བཏང་ཡང་ངའི་ཡིད་ལ་དངོས་གནས་དྲན་གསོས་ཀྱི་འདུག རྒྱུ་མཚན་གང་ཡིན་ཞེ་ན། ངས་ཡར་མར་ཁ་པར་ཐེངས་མ་ཧ་ཅང་མང་པོ་བཏང་བ་ཡིན་ལ། དེ་ཚོ་ཚང་མ་ལ་སྐད་ཆ་ག་རེ་བཤད་ཡོད་མེད་ཏག་ཏག་ཅིག་སེམས་ལ་ཡང་བསྡད་མི་འདུག དེར་བརྟེན་ཉེན་རྟོག་པས་ང་ལ་ཁྱོད་ཀྱི་བསམ་བློར་ད་དུང་བསྒྱུར་བཀོད་ཐེབས་མི་འདུག་ཟེར་ནས་རྡུང་རྡེག་གཏོང་གི་འདུག ཉིན་དེར་ཁོང་ཚོས་ངའི་ལག་པ་གཉིས་ཆ་རྒྱབ་ལོགས་སུ་བཙན་གྱིས་གཅུས་ཤིང་བསྣོལ་ནས་ལག་ལྕགས་བརྒྱབ་སྟབས་ངའི་གཡས་ལག་མཁྲིག་མའི་མཚམས་ནས་བཅག་སོང་། ཁོ་ཚོས་ངའི་ལག་པ་བཅག་ཡོད་སྟབས་ཤེད་ཀྱིས་བཙན་འཐེན་བྱས་ནས་ཕྱིར་ཉལ་ཁང་དུ་ཁྲིད་ནས་བཅུག་སོང་། ཉིན་འགའི་རྗེས་ངའི་ལག་པར་ན་ཟུག་སྐྱེས་ནས་སྲོན་མི་ཐུབ་ཀྱི་མི་འདུག་པར་བརྟེན་ངས་ཉེན་རྟོག་པར་ངའི་ལག་པ་སྨན་པར་བསྟེན་གཏུག་གིས་སྨན་བཅོས་བྱེད་དགོས་པའི་རེ་བ་འདོན་སྐབས་ཉེན་རྟོག་པས་ང་ལ་ཁྱོད་རང་རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་གྱི་དཔའ་བོ་རེད། སྨན་བཅོས་བྱེད་དགོས་པ་མ་རེད། རང་བཞིན་གྱིས་དྲག་སྐྱེད་ཡོང་གི་རེད་ཟེར་ནས་སྨན་བཅོས་བྱས་མ་སོང་།
དེར་བརྟེན་ངའི་ལག་པའི་ཐོག་ལ་ད་ལྟའང་རྨ་ཤུལ་ལྷག་ཡོད་པ་དང་། མཁྲིག་མའི་མཚམས་ནས་བཅག་པའི་སྟབས་ཀྱིས་ཕྱིར་ཡག་པོ་སྦྱོར་མེད་སྟབས་ད་ལྟ་ཅ་ལག་ལྗིད་མོ་ཡར་འགྱོག་ཐུབ་ཀྱི་མི་འདུག ཉིན་ཞིག་ཉེན་རྟོག་པས་ང་ལ་ཁྱོད་ྋརྒྱལ་བ་རིན་པོ་ཆེར་དགའ་ན་ཉིན་གཅིག་ཁོ་གནམ་གྲུའི་ནང་བསྡད་ནས་ཁྱོད་རང་སྐྱོབ་ཏུ་ཡོང་ན་ཐང་ཟེར་ནས་ང་ལ་ཟུར་ཟ་དང་འཕྱ་སྨོད་མང་པོ་ཞིག་བྱས་ནས་ཕྱིན་སོང་། མཚམས་རེ་ཉེན་རྟོག་པའི་འགོ་དཔོན་སྣང་མཛོད་ཀྱིས་ང་ལ་ྋརྒྱལ་བ་རིན་པོ་ཆེ་བོད་ཀྱི་བླ་མ་ཨེ་རེད་ཟེར་ན་བོད་ཀྱི་བླ་མ་རེད། ཡིན་ན་ཡང་ྋརྒྱལ་བ་རིན་པོ་ཆེས་བོད་ལ་ཕན་ཐོགས་ཡོད་པ་ཨེ་རེད་ཟེར་ན་ཡོད་པ་མ་རེད་ཅེས་དེ་འདྲ་ཡང་བཤད་ཀྱི་འདུག
དེ་ནས་ཉིན་གཅིག་ཉེན་རྟོག་པ་ཚོས་ཕྱི་ལོག་ནས་བཀག་ཉར་བྱས་ཡོད་པའི་བཙོན་པ་ཚོར་ལྟ་ངེས་ཤིག་སླེབས་ཀྱི་ཡོད་ཚུལ་བཤད་ཀྱི་འདུག་ལ། དུས་དེ་ནས་བཟུང་བཅར་རྡུང་བྱེད་སྐབས་ངོ་གདོང་ལ་གང་བྱུང་མ་བྱུང་གཞུ་རྒྱུ་དེ་མཚམས་བཞག་སོང་། འོན་ཀྱང་། ཁོ་ཚོས་ངའི་སྟེང་ལ་བཅར་རྡུང་བྱེད་སྟངས་གཞན་པ་ཞིག་ལག་བསྟར་བྱས་པ་ནི་སྔོན་ཆད་ཀྱི་བཅར་རྡུང་བྱེད་སྟངས་ལས་ལྡབ་དགུ་འགྱུར་གྱི་ན་ཟུག་ཆེ་བ་དང་བཟོད་དཀའ་བ་ཞིག་རེད། སྔོན་ཆད་འདྲི་རྩད་སྐབས་ཉེན་རྟོག་པས་ངའི་ལག་པའི་མཛུབ་མོའི་སེན་ཤའི་བར་ལ་རྒྱ་ཁབ་བཙུགས་ནས་མནར་གཅོད་བཏང་བྱུང་། མནར་གཅོད་གཏོང་སྟངས་དེས་ལག་མཛུབ་ཙམ་མ་ཟད་ཁ་ནང་གི་སོའི་རྩ་བ་ལའང་ཟུག་གཟེར་གཏོང་གི་འདུག མནར་གཅོད་གཏོང་སྟངས་འདི་རིགས་ང་སློབ་ཆུང་ནང་དུ་ཡོད་སྐབས་རྒྱ་ནག་གི་སློབ་ཆུང་སློབ་མའི་སློབ་དེབ་ནང་གོ་མིན་ཏང་གི་དམག་མིས་གུང་ཁྲན་ཏང་གི་མི་སྣ་འཛིན་བཟུང་བྱས་ནས་སེན་ཤའི་བར་ལ་སྨྱུག་མའི་ཁབ་བཙུགས་ནས་མནར་གཅོད་བཏང་བའི་ལོ་རྒྱུས་ཤིག་གོ་མྱོང་ཡོད། སྐབས་དེར་ངས་རང་ཉིད་ནར་སོན་རྗེས་གོ་མིན་ཏང་གི་དམག་མིས་གུང་ཁྲན་ཏང་གི་མི་སྣར་མནར་གཅོད་གཏོང་སྟངས་དེས་ང་རང་ཉིད་ལ་མནར་གཅོད་གཏོང་གི་རེད་བསམ་མ་མྱོང་། ངའི་ལག་པ་བཅག་རྗེས་ཀྱི་མནར་གཅོད་གཏོང་སྟངས་གཞན་དེ་ནི་ཉེན་རྟོག་པ་མི་དྲུག་གིས་ང་གན་རྐྱལ་དུ་མནན་རྗེས་ངའི་རྐང་ལག་དང་མགོ་ལ་དམ་པོར་འཇུས་ཏེ་བྲང་ཁ་ལ་འབྲི་དེབ་ཞིང་ཁ་ཆེ་ཞིང་མཐུག་པོ་ཞིག་བཞག་རྗེས་དེའི་ཐོག་ལ་དབྱུག་པས་ཐེངས་མང་པོ་གཞུས་སོང་། ཉིན་དེའི་མནར་གཅོད་གཏོང་སྟངས་དེས་ངའི་སེམས་ལ་དེ་རིང་ངོ་མ་བསད་སོང་སྙམ་པའི་ཚོར་སྣང་བྱུང་། ཁོ་ཚོས་གདུག་རྩུབ་ཆེ་ཞིང་གོ་རིམ་ཡོད་པའི་སྒོ་ནས་ང་ལ་ཡ་ང་བའི་བཅར་རྡུང་དྲག་པོ་དེ་བྱས་ཚར་རྗེས་ང་ས་ནས་ཡར་གཏན་ནས་ལངས་ཐུབ་ཀྱི་མི་འདུག མིག་གིས་ཐག་རིང་པོར་མཐོང་མི་ཐུབ་པ་དང་། ཉེ་འཁྲིས་ཀྱི་རྒྱ་ར་ནང་གི་ཤིང་སྡོང་གི་ལོ་མའི་ཁ་དོག་ཚང་མ་སེར་པོ་ལྟ་བུ་ཞིག་ཏུ་མཐོང་གི་འདུག དེ་ནས་ཁོ་ཚོས་ང་ཉལ་ཁང་ནང་ལ་ཁྲིད་ནས་གཡུག་སོང་། སྐབས་དེར་ངའི་ཁ་ཧ་ཅང་སྐོམ་ཆེ་ནས་མིད་ཐག་ནང་དུ་མེ་འབར་གྲབས་བྱེད་ཀྱི་འདུག་པས་ངས་རོགས་པ་ཞིག་ལ་ང་ལ་ཆུ་ཞིག་ལྡུད་རོགས་ཞེས་བཤད་པ་ཡིན། རོགས་པས་ང་ལ་ཆུ་བླུད་ནས་འཐུང་བ་དང་འཐུང་ཟིན་པའི་ཆུ་རྣམས་ཕྱིར་སྐྱུག་སོང་། ངས་ཕྱིར་སྐྱུག་པའི་ཆུ་ལ་ལྟ་དུས་ཕྱིར་སྐྱུག་པ་རྣམས་ཆུ་མ་ཡིན་པར་ཚང་མ་ཁྲག་རེད་འདུག དེ་ནས་ཉིན་གསུམ་གྱི་རིང་གྲོད་ཁོག་ཅི་ཙམ་ལྟོགས་ཀྱང་ཁ་ལག་གཏན་ནས་ཟ་ཐུབ་ཀྱི་མི་འདུག ཁ་ལག་ཟོས་པ་དང་ཆུ་འཐུང་བ་ཚང་མ་ཕྱིར་སྐྱུག་ཡོང་གི་འདུག ངས་ཉིན་གསུམ་རིང་ལ་ཁ་ལག་ཟ་མི་ཐུབ་པ་དང་ཆུ་འཐུང་མི་ཐུབ་པ་དེས་ཉེན་རྟོག་པ་ཚོའི་སེམས་ལ་ངའི་ཚེ་སྲོག་ལ་དོན་དག་མི་ལེགས་པ་ཞིག་འབྱུང་བར་དོགས་པས་ཡིན་ནམ། གང་ལྟར་དེའི་རྗེས་ཁྲིམས་ཐག་གཅོད་སེ་བར་དུ་སྔོན་ཆད་ནང་བཞིན་གྱི་བཅར་རྡུང་དང་མནར་གཅོད་དྲག་པོ་དེ་འདྲ་བཏང་མ་སོང་།
དེ་ནས་ཕྱི་ལོ་ 2008 ཟླ་ 12 ནང་ལ་དཀོན་མཆོག་བསྟན་པ་ངེད་གཉིས་ཐེ་བོ་རྫོང་མི་དམངས་ཁྲིམས་ཁང་དུ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་སོང་། སྐབས་དེར་ཁྲིམས་ཐག་གཅོད་དུས་ཉེན་རྟོག་པའི་ངོས་ནས་ངེད་གཉིས་ལ་ཁྲིམས་རྩོད་པ་རེ་བཞག་འདུག ངེད་གཉིས་ཀྱིས་ཁྲིམས་རྩོད་པ་དེ་མི་དགོས་ཚུལ་བཤད་སྐབས་ཁོ་ཚོས་ཁྲིམས་རྩོད་པ་ཡིན་གཅིག་མིན་གཅིག་འཇོག་དགོས་ཚུལ་བཤད་བྱུང་། ཁྲིམས་རྩོད་པ་དེས་ཁྲིམས་ཐག་གཅོད་ཉིན་ཁྲིམས་ཁང་ནང་ལ་འདི་གཉིས་ཕྱོགས་གཅིག་ནས་ལོ་ན་གཞོན་གཞོན་ཡིན་པ་དང་། ཕྱོགས་གཅིག་ནས་ཁྲིམས་ལུགས་མ་ཤེས་པས་རེད། ཡང་གཅིག་བཤད་ན་ད་ལན་ཁོང་གཉིས་ཀྱིས་རང་རང་སོ་སོས་བསགས་པའི་ནག་ཉེས་ཚང་མ་དཔེ་མི་ཟད་པ་ཁས་ལེན་ཡག་པོ་བྱེད་ཀྱིན་འདུག དེར་བརྟེན་ཁྲིམས་དཔོན་ནས་ཁྲིམས་ཐག་ལོ་ཉུང་ཙམ་གཅོད་རྒྱུའི་རེ་བ་ཞུ་ཞེས་བཤད་སོང་། ཁྲིམས་ཐག་གཅོད་རྒྱུར་ཉིན་འགའ་ལས་མ་འགོར་བའི་ཡར་སྔོན་དུ་དཀོན་མཆོག་བསྟན་པ་དང་ངེད་གཉིས་ནས་ད་ལན་གནད་དོན་ཡོད་ཚད་ཀྱི་འགོ་ངེད་གཉིས་ནས་བརྩམས་པ་རེད། དེར་བརྟེན་སང་ཉིན་ཁྲིམས་ཐག་གཅོད་སྐབས་ཁྲིམས་ཁང་གིས་ཉེས་པ་ག་རེ་བཙུགས་ཀྱང་ཚང་མ་ངེད་གཉིས་ཀྱིས་ཁས་ལེན་དགོས་ཞེས་ངེད་གཉིས་ནང་ཁུལ་ལ་གྲོས་བྱས་པ་ཡིན། དེ་ནས་ཁྲིམས་ཐག་གཅོད་ཉིན་ཉེན་རྟོག་པས་ངེད་གཉིས་ཀྱིས་མི་མང་ལ་རྡུང་གཅོག་འཕྲོག་སྲེག་བྱེད་རྒྱུར་རྒྱུད་སྐུལ་བྱས་པ་དང་ཁ་བྲལ་རིང་ལུགས་པའི་བསམ་བློ་བརྒྱུད་བསྒྲགས་བྱས་པ། རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་ནས་ཉེན་རྟོག་པ་དང་དམག་མི་བཞིའི་མགོ་དང་རྐང་པར་རྡོ་གཞུས་ནས་རྨས་སྐྱོན་བཟོས་པ་དང་རླངས་འཁོར་བཅག་པ་རེད་ཅེས་མགོ་ལ་རྨས་སྐྱོན་ཕོག་པའི་ཉེན་རྟོག་པ་དང་དམག་མི་བཞིའི་པར་དང་། ཉེན་རྟོག་པའི་རླངས་འཁོར་བཅག་ཡོད་པའི་པར་དང་། ཕྱི་ཚེས་ 17 ཉིན་སྐད་འབོད་བྱས་པ་རྣམས་སྒྲ་ལེན་བྱས་ཡོད་པ་ཞིག་བཅས་ཁྲིམས་ཁང་ནང་ལ་དཔང་རྟགས་སུ་བསྟན་སོང་། ཁྲིམས་རྩོད་པས་འདི་ཚང་མ་བདེན་པ་ཡིན་མིན་དང་། ཉེན་རྟོག་པ་དང་དམག་མིའི་མགོ་ལ་རྡོ་གཞུ་མཁན། རླངས་འཁོར་གཅོག་མཁན་སོགས་ཁྱེད་རང་གཉིས་ཡིན་མིན་དྲིས་བྱུང་། དེར་བརྟེན་ངེད་གཉིས་ཀྱིས་སྔོན་མ་ནས་གྲོས་བྱས་པ་ནང་བཞིན་དེ་དག་ཚང་མ་བྱེད་མཁན་ངེད་གཉིས་ཡིན་པའི་ཁས་ལེན་བྱས་པ་ཡིན། གལ་སྲིད་དེ་དག་ཚང་མ་བྱེད་མཁན་ངེད་གཉིས་གཅིག་པོ་ཡིན་པའི་ཁས་ལེན་མ་བྱས་ཚེ། ཡང་བསྐྱར་སྔོན་ཆད་དངུལ་གྱི་ཉེས་ཆད་བཅད་ནས་ཕྱིར་གློད་བཀྲོལ་བཏང་ཟིན་པ་རྣམས་ལ་དཀའ་ངལ་སྤྲོད་རྒྱུ་ཡིན་པ་ངེད་གཉིས་ཀྱིས་ཤེས་ཀྱི་ཡོད།
དེ་ནས་ངེད་གཉིས་ལ་ཁྲིམས་ཐག་གཅོད་ཉིན་ནས་རྩིས་པའི་ཉིན་བཅུ་གཅིག་གི་ནང་ཚུད་ལ་ཁྲིམས་ཐག་བཅད་པ་དེ་དྲང་བདེན་བྱུང་ཡོད་མེད་ཐད་ལ་བསྐྱར་དུ་ཁྲིམས་གཏུག་བྱ་འདུན་མཆིས་ཚེ་བྱ་ཆོག་པའི་གོ་སྐབས་ཤིག་སྤྲད་ཀྱང་ངེད་གཉིས་ནས་བསྐྱར་དུ་ཁྲིམས་ཁང་ལ་ཞུ་གཏུག་བྱས་མེད། བཤད་སྟངས་དེ་ནི་མགོ་གཡོག་མགོ་སྐོར་ཙམ་ཡིན་པ་མི་ཚང་མས་ཤེས་ཀྱི་ཡོད་པ་རེད།
ཁྲིམས་ཐག་བཅད་ནས་ཉིན་བཅུ་གཅིག་རྗེས་ངེད་གཉིས་ཀན་ལྷོའི་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གཙོད་གྲོང་ཁྱེར་གྱི་བཙོན་ཁང་དུ་ཁྲིད་སོང་། ཐེ་བོ་རྫོང་ནས་གཙོད་གྲོང་ཁྱེར་ལ་ཁྲིད་མཁན་གྱི་དམག་མིའི་རླངས་འཁོར་གཅིག་དང་ཉེན་རྟོག་པའི་རླངས་འཁོར་གཅིག་བཅས་རླངས་འཁོར་གཉིས་ཡོད་པ་དང་དེའི་ནང་གི་དམག་མི་དང་ཉེན་རྟོག་པ་དེ་དག་ཚང་མ་རྒྱ་མི་རྐྱང་རེད། གཙོད་བཙོན་ཁང་དུ་དགོང་མོ་གཅིག་བསྡད་པ་ཡིན་ལ། དེར་ཐོན་དུས་རྨ་ཆུང་རྫོང་གི་ཆབ་སྲིད་བཙོན་པ་མི་གཉིས་དང་། ཀླུ་ཆུ་རྫོང་གི་ཆབ་སྲིད་བཙོན་པ་མི་གཉིས། ཐེ་བོ་རྫོང་ནས་དཀོན་མཆོག་བསྟན་པ་ངེད་གཉིས་རེད། རྨ་ཆུའི་མི་གཅིག་གི་མིང་ལ་ཚེ་ཁོ་ཟེར་བ་ཟེར་ཞིང་། ཁོ་ལ་ལོ་ 4 ཁྲིམས་ཐག་བཅད་འདུག གཅིག་གི་མིང་ལ་རྡོ་རྗེ་ཟེར་ཞིང་ཁྲིམས་ཐག་ལོ་ 5 བཅད་འདུག རྨ་ཆུ་རྫོང་དངུལ་ར་ལྷ་སྡེའི་མི་ཞིག་ལ་ཁྲིམས་ཐག་ལོ་ 7 བཅད་འདུག་ནའང་ངས་ཁོང་གི་མིང་མི་ཤེས། ཨོ་རི་ནི་ཀླུ་ཆུ་རྫོང་ཉི་མ་ཞང་གི་མི་ཡིན་པ་དང་ཁྲིམས་ཐག་ལོ་ 2 བཅད་འདུག ཁོ་ལོ་ 59 རེད་འདུག་ལ། ཁོང་ཕྱིར་གློད་གྲོལ་གཏོང་དུས་ལོ་ 61 ཆགས་ཀྱི་རེད། བློ་བཟང་དར་རྒྱས་ནི་ཀླུ་ཆུ་རྫོང་ཉི་མ་ཞང་གི་མི་ཡིན་པ་དང་ལོ་ 2 ཁྲིམས་ཐག་བཅད་འདུག ཁོང་ཚོ་བཞིི་པོ་མི་སྐྱ་རེད།
གཙོད་ནས་ང་ཚོ་མི་དྲུག་པོ་མཉམ་དུ་ལན་ཀྲུའུ་གྲོང་(兰州市)ཁྱེར་བརྒྱུད་པེ་ཡུས་ཧྲི་གྲོང་ཁྱེར་གྱི་པེ་ཡུས་(甘肃省白银)བཙོན་ཁང་དུ་ཁྲིད་ནས་བཙོན་འཇུག་བྱས་སོང་། པེ་ཡུས་(白银)བཙོན་ཁང་ནང་ཐོན་དུས་བཙོན་མ་སྟོང་ཚོ་བརྒྱད་ཡོད་པ་དང་དེའི་ནང་ནས་ང་ཚོ་བོད་པ་མི་ཉི་ཤུ་ཐམ་པ་འདུག་ལ། ཚང་མ་ 2008 ལོ་ཞི་རྒོལ་ཆེན་མོའི་སྐབས་ཀྱི་ཆབ་སྲིད་བཙོན་པ་ཤ་སྟག་རེད། དེའི་གྲས་ནས་ཅོ་ནེ་རྫོང་ནས་མི་གཉིས་ཡོད་པ་དང་གཅིག་ཅོ་ནེ་ཨ་འཁོར་བྲག་དཀར་དགོན་པའི་གྲྭ་པ་ཡིན་པ་དང་། མིང་ལ་འཇིགས་མེད་རྒྱ་མཚོ་ཟེར་ཞིང་ལོ་ 4 ཁྲིམས་ཐག་བཅད་འདུག གཅིག་ཅོ་ནེ་ཉིན་པ་ཞང་ནས་ཡིན་པ་དང་ལོ་ 7 ཁྲིམས་ཐག་བཅད་འདུག འོན་ཀྱང་ངས་ཁོང་གི་མིང་མི་ཤེས། ང་ཚོས་བོད་པ་ནང་ཁུལ་དུ་རྒྱ་སྐད་མ་གཏོགས་བོད་སྐད་བཤད་མི་ཆོག་སྟབས་ཁོས་རྒྱ་སྐད་མི་ཤེས་པས་ངས་ཁོ་ཐག་རིང་ནས་མཐོང་བ་མ་གཏོགས་སྐད་ཆ་བཤད་ཐུབ་མ་སོང་། གལ་སྲིད་ང་ཚོ་ནང་ཕན་ཚུན་ལ་བོད་སྐད་བཤད་ནས་ཁ་བརྡ་བྱས་ཚེ་ལྟ་སྲུང་པས་བཅར་རྡུང་དང་ཉེས་ཆད་བསྐྱར་མ་གཅོད་ཀྱི་རེད། གཙོད་རྡོ་དཀར་ནས་ཡིན་པའི་མགོན་པོ་ཚེ་བརྟན་ཁྲིམས་ཐག་ལོ་ 4 བཅད་ནས་གཙོད་བཙོན་ཁང་དུ་བཅུག་ཡོད་སྐབས་ཁོང་གིས་བཙོན་ཁང་ནང་ནས་སྐད་འབོད་བྱས་པར་བརྟེན་ཡང་བསྐྱར་ལོ་གཅིག་གི་ཁྲིམས་ཐག་བསྣན་ནས་ལོ་ 5 ཆགས་འདུག དཀོན་མཆོག་དོན་གྲུབ་ནི་རྨ་ཆུང་རྫོང་གི་མི་ཡིན་པ་དང་ཁྲིམས་ཐག་ལོ་ 8 བཅད་ནས་གཙོད་བཙོན་ཁང་དུ་བཅུག་ཡོད་སྐབས་མགོན་པོ་ཚེ་བརྟན་ཁོང་གཉིས་ནས་བཙོན་ཁང་དུ་སྐད་འབོད་བྱས་པར་བརྟེན་ཁོང་ལ་ཡང་བསྐྱར་ཁྲིམས་ཐག་ལོ་གཅིག་བསྣན་ནས་ལོ་ 9 བཅད་འདུག བསང་ཆུ་རྫོང་གི་གྲྭ་པ་གཉིས་ཡོད་པ་དང་ཁོང་གཉིས་ཀྱི་མིང་ཤེས་མ་སོང་། གཅིག་ལོ་ 15 ཁྲིམས་ཐག་བཅད་ཡོད་པ་དང་། གཅིག་ལོ་ 11 ཁྲིམས་ཐག་བཅད་འདུག དེ་ནས་དཀར་མཛེས་རྫོང་དཀར་མཛེས་ཞང་ནས་རྒད་པོ་ 47 ཅན་ཞིག་ལ་ཁྲིམས་ཐག་ལོ་ 8 བཅད་འདུག་ནའང་ཁོང་གི་མིང་མི་ཤེས། མཚོ་སྔོན་ནས་ཡིན་པའི་མི་གཉིས་ཡོད་པ་དང་ཁྲིམས་ཐག་ལོ་ཅི་ཙམ་བཅད་ཡོད་མེད་དང་མིང་སོགས་གསལ་པོ་མི་ཤེས། དེ་ནས་སི་ཁྲོན་ནས་ཡིན་ཟེར་བའི་བོད་པ་མི་བཞི་འདུག་ལ། ཁོང་ཚོ་དང་ང་ཚོའི་བར་གྱི་ལས་ཀ་མི་འདྲ་སྟབས་ཁོང་ཚོའི་གནས་ཚུལ་གསལ་པོ་ཞིག་མི་ཤེས། པེ་ཡུས་བཙོན་ཁང་དུ་བཅུག་ཡོད་པའི་ང་ཚོ་བོད་པ་མི་ཉི་ཤུ་པོ་རྣམས་ལས་ཁ་ཤས་ཟླ་ལྔ་ལྷག་ནང་མིར་གང་དུ་བཙོན་འཇུག་བྱས་ཡོད་མེད་ཤེས་སུ་བཅུག་མི་འདུག་ལ། ཁ་ཤས་ཟླ་གསུམ་ལྷག་ནང་མིར་ཤེས་སུ་བཅུག་མི་འདུག ང་ཟླ་གསུམ་གྱི་རྗེས་གཞི་ནས་པེ་ཡུས་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་སྐོར་ང་ལ་རྒྱ་སྐད་ཀྱི་ཐོག་ནས་ནང་མིར་སྐར་མ་ལྔ་བཤད་དུ་བཅུག་སོང་། དེའི་རྗེས་ནས་ཟླ་རེའི་ནང་ལ་ནང་མི་ཐེངས་གཅིག་རེ་ལྟ་རུ་ཡོང་ཆོག་ནའང་། ངའི་རོགས་པ་དང་ངེད་གཉིས་ཀྱི་ནང་མི་ལྟ་རུ་ཡོང་ཆོག་པའི་དུས་ཚེས་འདྲ་ཡི་མི་འདུག ང་ཡིན་ན་ཟླ་རེའི་ནང་ནས་ནང་མི་དང་ཐུག་ཆོག་པའི་དུས་ཚེས་གཟའ་མིག་དམར་ཉིན་ཡིན། ནང་མི་ཡོང་ནས་ཐུག་འཕྲད་བྱེད་སྐབས་ནང་མི་དང་སོ་སོའི་བར་ནས་ཤེལ་ཆེན་པོ་བརྒྱབ་ཡོད་པའི་ཁང་པ་ཆེན་པོ་ཞིག་གི་ནང་ལ་བསྡད་ནས་སྐད་ཆ་བཤད་དགོས་པ་དང་། དེ་ཡང་རྒྱ་སྐད་ལས་བོད་སྐད་བཤད་མི་ཆོག་པ་དང་། བོད་སྐད་བཤད་ཚེ་ཁ་པར་གློག་སྒོ་བརྒྱབ་ནས་སྐད་ཆ་བཤད་འཇུག་གི་མི་འདུག
ཐེངས་དང་པོ་ངའི་ཨ་ཕ་དང་ཨ་མ། ཨ་ཅེ། ནུ་བོ་བཅས་ལྟ་རུ་ཡོང་ནས་སྐད་ཆ་བཤད་སྐབས་ངའི་ཨ་མས་རྒྱ་སྐད་མི་ཤེས་སྟབས་སྐད་ཆ་ཚིག་འགའ་ལས་མ་བཤད་པར་ཁ་པར་གྱི་གློག་སྒོ་བརྒྱབ་ནས་བཤད་འཇུག་གི་མི་འདུག སྤྱིར་བཏང་སྐད་ཆ་བཤད་རྒྱུའི་དུས་ཡུན་ཆུ་ཚོད་ཕྱེད་ཀ་ཡིན། དེའི་རྗེས་ནང་མི་ལྟ་རུ་ཡོང་སྐབས་ལྟ་སྲུང་བས་ང་ལ་རྒྱ་སྐད་བཤད་རྒྱུ་ཡིན་མིན་འདྲི་ཡི་འདུག ངས་རྒྱ་སྐད་ཆ་བཤད་རྒྱུ་ཡིན་ཚུལ་བཤད་ཚེ་ཁོ་ཚོས་ང་ནང་མི་དང་ངོ་ཐུག་ཏུ་འཁྲིད་ཀྱི་འདུག འོན་ཀྱང་ངའི་ནང་མིས་རྒྱ་སྐད་མི་ཤེས་སྟབས་ངས་བོད་སྐད་བཤད་ཚེ་ཁ་པར་གློག་སྒོ་རྒྱག་པར་མ་ཟད་ད་དུང་ནང་མི་རྣམས་ཕྱིར་འགྲོ་མ་ཐག་ཁྱོད་ཀྱིས་བོད་སྐད་བཤད་སོང་ཞེས་བཅར་རྡུང་དྲག་པོ་བྱེད་ཀྱི་འདུག འོན་ཀྱང་ཡ་མཚན་པ་ཞིག་ལ་ཁ་ཆེ་ཚོས་ཁོ་ཚོར་ལོག་སྐད་ཅིག་ཡོད་པ་དེ་བཤད་ཚེ་ཁ་ཆེ་ཚོ་ལ་ཅི་ཡང་བཤད་ཀྱི་མི་འདུག ཁོ་ཚོའི་སྐད་དེ་བཤད་ཆོག་གི་འདུག དེ་ནས་ང་ཚོས་ཉིན་རེ་བཞིན་བཙོན་ཁང་ནང་དུ་བལ་སླས་ཆ་བཅོ་ལྔ་རེ་སླེ་དགོས་པ་དང་སླེ་སྟངས་ཚང་མ་རྒྱ་ཡིག་ཐོག་ལ་ཡོད་སྟབས། ང་ཚོས་འཕྲུལ་ཆས་དེ་བེད་སྤྱོད་ཡག་པོ་ཞིག་བྱེད་ཤེས་ཀྱི་མི་འདུག ཁང་པ་གཅིག་གི་ནང་ལ་ང་ཚོ་བལ་སླས་སླེ་མཁན་མི་བརྒྱ་དང་ལྔ་བཅུ་ཙམ་ཡོད་པ་དང་ཉིན་རེར་ཆུ་ཚོད་གསུམ་རེའི་ནང་ལ་ཞིབ་བཤེར་ཐེངས་རེ་བྱེད་ཀྱི་འདུག་ལ། དགོང་མོ་ཡང་བསྐྱར་བལ་སླས་ཏག་ཏག་བསླེས་ཚར་ཡོད་མེད་ཞིབ་བཤེར་བྱེད་སྐབས་མི་དེ་འདྲའི་མང་པོ་ཞིག་གི་ནང་ནས་ང་ཚོ་བོད་པ་ཚོས་མ་གཏོགས་གཞན་ཚང་མས་བསླེས་ཚར་འདུག
ཞོགས་ཀ་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་ཡར་ལངས་ནས་དགོང་མོ་ཆུ་ཚོད་དགུ་བ་བར་ཉིན་རེར་ཆུ་ཚོད་བཅུ་དྲུག་དང་ཕྱེད་ཀ་རེའི་རིང་ལ་མི་རེས་བལ་སླས་ཆ་བཅོ་ལྔ་རེ་སླེ་དགོས་པ་དང་། བདུན་ཕྲག་གཅིག་གི་ནང་ངལ་གསོ་ཐེངས་གཅིག་ཡོད་པ་དང་དེ་ཡང་ཉིན་ཕྱེད་ཀ་མ་གཏོགས་ངལ་གསོ་བྱེད་ཆོག་གི་ཡོད་པ་མ་རེད། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་ནས་ངལ་གསོས་བྱེད་དགོས། དགོང་མོ་ལས་ཀ་ཚར་རྗེས་བལ་སླས་ཆ་བཅོ་ལྔ་པོ་དེ་ཏག་ཏག་བསླེས་ཚར་ཡོད་མེད་ཞིབ་བཤེར་བྱེད་སྐབས་ང་ཚོ་བོད་པ་ཚོས་ཐེངས་དང་པོ་མི་གཅིག་གིས་བལ་སླས་ཆ་རེ་ལས་བསླེས་ཚར་མེད་སྟབས། ཞིབ་བཤེར་པས་ཁྱོད་ཚོས་ཕྱི་ལོག་ནས་རྒྱལ་ཁབ་ལ་ངོ་ལོག་བྱས་ཤིང་བཙོན་ཁང་ནང་ལ་སླེབས་རྗེས་ད་དུང་ལས་ཀ་ཡག་པོ་བྱེད་ཀྱི་མི་འདུག་ཅེས་རྒྱ་མི་བཙོན་པ་ཚོའི་མདུན་ལ་དམའ་འབེབས་དང་སྡིགས་མོ་བྱེད་ཀྱི་འདུག ཞིབ་བཤེར་པས་ད་དུང་ང་ཚོ་ལ་ཁྱོད་ཚོས་ལས་ཀ་ལས་སྟངས་འདི་ལ་ལྟོས་དང་རྒྱལ་ཁབ་ལ་ངོ་ལོག་རྒྱུ་ཟེར་ནས་ཁྱེད་ཚོས་ཅི་ཞིག་འཇོན་ནམ་ཞེས་རྒྱ་མི་བཙོན་པ་ཚོའི་མདུན་ལ་མཐོང་ཆུང་དང་གཉའ་གཅོག་ཐབས་བྱེད་སྐབས་རྒྱ་མི་བཙོན་པ་ཚོས་ཀྱང་ང་ཚོ་ལ་སྙིང་ཚིམས་པའི་རྣམ་འགྱུར་བསྟན་ནས་འཕྱ་སྨོད་དང་ཟུར་ཟ་བྱེད་ཀྱི་འདུག དོན་ངོ་མ་བལ་སླས་སླེ་སྟངས་ཚང་མ་རྒྱ་ཡིག་ཐོག་ལ་ཡོད་སྟབས་ང་ཚོས་རྒྱ་ཡིག་ཡག་པོ་མ་ཤེས་སྟབས་བལ་སླས་མགྱོགས་པོ་སླེ་ཤེས་ཀྱི་ཡོད་པ་མ་རེད། འོན་ཀྱང་ཁོ་ཚོས་དེ་གོ་བ་ལོག་སྒྲུབ་བྱེད་ཀྱི་འདུག བལ་སླས་བསླེས་མ་ཚར་ན་གློག་དབྱུག་བཙུགས་ནས་བཅར་རྡུང་དྲག་པོ་བྱེད་ཀྱི་རེད། གློག་དབྱུག་དེ་འཛུགས་སྐབས་གཟུགས་པོ་ཀུན་ལ་ན་ཟུག་སྐྱེས་པ་དང་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་སོང་ནས་ལུས་ལ་འདར་ཟུག་རྒྱག་པ་དང་། སྐད་ཆ་བཤད་སྐབས་ངག་ལྡབ་ལྡིབ་ཆགས་ནས་ཁ་ནས་སྐད་ཆ་ཅི་བཞིན་མི་འཁྲོལ་བའི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པར་མ་ཟད། ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་ནས་ཆུ་ཚོད་བཅུ་དྲུག་དང་ཕྱེད་ཀ་ལས་ཀ་བྱེད་དགོས་སྟབས་གློག་དབྱུག་དེ་བཙུགས་ནས་བཅར་རྡུང་བྱས་རྗེས་དངངས་སྐྲག་སྐྱེས་ནས་གཉིད་མི་ཁུག་པ་སོགས་ཀྱི་དཀའ་ངལ་ཡོང་གི་འདུག
བཙོན་ཁང་དེའི་ནང་བསྡད་རིང་ང་རྒྱ་མིའི་ཆབ་སྲིད་བཙོན་པ་ཞིག་ལ་ཐུག་སོང་། ཁོང་གི་མིང་ལ་ཁྲིན་ཁེ་ཧྥིན་ཟེར་ཞིང་ཕ་ཡུལ་ཐན་ཧྲུའུ་ནས་རེད། ཁོས་རྒྱ་ནག་གི་ཁྲིམས་ལུགས་དྲང་བདེན་མིན་པའི་སྐོར་ལ་རྩོམ་ཡིག་བྲིས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་སྟབས་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་འདུག ཁོང་གིས་བོད་ཀྱི་ལོ་རྒྱུས་དང་ྋརྒྱལ་བ་རིན་པོ་ཆེའི་སྐོར་ནས་མང་པོ་ཤེས་ཀྱི་འདུག མ་ཟད་ཁོང་གིས་ང་ལ་སེམས་གསོ་བཏང་ནས་རྒྱ་མི་ཚང་མ་མ་རབས་མིན་ཚུལ་དང་གུང་ཁྲན་ཏང་དང་རྒྱ་ནག་མི་དམངས་གཉིས་ཆ་ཁ་ཁ་ཕྱེ་དགོས་ལུགས་ཀྱང་བཤད་སོང་། ཁོང་གིས་ང་ལ་བཙོན་ཁང་ནང་འགྲོ་སྟངས་སྡོད་སྟངས་དང་བལ་སླས་སླས་སྟངས་སོགས་ཀྱི་སྐོར་ནས་རོགས་རམ་མང་པོ་བྱས་སོང་། ཐོག་དང་པོ་ཁོང་གིས་ཀྱང་ང་ལ་འབྲེལ་བ་བྱེད་རྒྱུར་དོགས་འཛེམ་བྱེད་ཀྱི་འདུག ཡིན་ཡང་མཐའ་མཇུག་ངེད་གཉིས་གྲོགས་པོ་ཡག་པོ་ཆགས་སོང་།
དེ་མིན་རྒྱ་མི་གཞན་པ་ཚོས་ང་ཚོ་བོད་པ་རྣམས་མཐོང་དུས་མི་ཞིག་ལ་རྩིས་ཀྱི་མི་འདུག ཀན་བོད་པ་ཞིག་རེད་མོད་ཅེས་མཐོང་ཆུང་དང་བརྙས་བཅོས་བྱེད་ཀྱི་འདུག བཙོན་ཁང་གི་འཚོ་བ་ཡང་ཧ་ཅང་སྐྱོ་བོ་རེད། དབྱར་ཁ་ཚོད་མ་གསར་པ་རེ་ཡོད་ཀྱང་། དགུན་ཁ་ཚོད་མ་ཚང་མ་རྦད་དེ་རྙིང་པ་རྙིང་རྐྱང་རེད། དགུན་ཁའི་རིང་ཟ་རྒྱུའི་ཚོད་མ་རྒྱ་ར་ཆེན་པོ་ཞིག་གི་ནང་དྲུད་ཡོང་ནས་བླུགས་བཞག་པ་དེ་ཐག་རིང་ནས་བལྟས་ནས་རི་བོ་ཆུང་ཆུང་ཞིག་དང་འདྲ་ཞིང་། ཚོད་མའི་ཐོག་ཁ་བ་བབས་ནས་གཏིང་ལ་འཁྱགས་རོམ་ཆགས་ཡོད་པ་དང་། གཙང་སྦྲ་ཁྱོན་ནས་མི་འདུག ཁ་ལག་རྣམས་བཙོན་པ་སྟོང་ཕྲག་བརྒྱད་ཀྱིས་མཉམ་དུ་ཟ་དགོས་ཀྱི་འདུག ཐེངས་དང་པོ་ང་ཚོ་བོད་པ་ཆབ་སྲིད་བཙོན་པ་ཚོས་ཟླ་གསུམ་ཙམ་གྱི་རིང་ལ་ཆུ་ཚན་འཐུང་རྒྱུ་རེག་གི་མི་འདུག འོན་ཀྱང་རྒྱ་མིའི་ཉེས་དོན་ཉེས་གསོག་གི་བཙོན་པ་ཚོས་ཆུ་ཚན་འཐུང་རྒྱུ་མ་དགོས་དགུན་ཁ་ལྷམ་འཁྲུད་བྱེད་ཀྱང་ཆུ་ཚན་བེད་སྤྱོད་གཏོང་གི་འདུག ཉིན་རེའི་ཆུ་ཚན་འཐུང་བའི་དུས་ནི་ཞོགས་ཀ་ཆུ་ཚོད་དྲུག་པའི་སྟེང་ལ་ཐེངས་གཅིག་དང་དགུང་མོ་ཆུ་ཚོད་དྲུག་པའི་སྟེང་ལ་ཐེངས་གཅིག་བཅས་ཉིན་རེ་ལ་ཆུ་ཚན་ཐེངས་གཉིས་རེ་འཐུང་རྒྱུ་ཡོད་ནའང་ང་ཚོ་ལ་སོ་སོའི་ཕོར་བའི་ནང་ཆུ་ཚན་ཉུང་ཉུང་ཙམ་རེ་ལེན་རྒྱུར་ཡང་ལྟ་སྲུང་པ་དང་བཙོན་པ་གཉིས་ཀའི་ངོ་འཛུམ་དཀར་ནག་གི་འོག་ནས་སྡང་སྡིགས་ཚད་མེད་མྱོང་དགོས་ཀྱི་འདུག་ནའང་བྱ་ཐ བས་གཏན་ནས་མི་འདུག ཉིན་རེ་ལ་ཁ་ལག་ཐེངས་གསུམ་ཡོད་པ་དང་། ཞོགས་ཇའི་སྐབས་སུ་རྒྱ་མིའི་སྐད་ལ་མན་པོ་ཟེར་བའི་ཀྲེན་མོག་ཆུང་ཆུང་གཉིས་རེ་དང་འབྲས་ཁུ་ཕོར་བ་རེ་སྤྲོད་ཀྱི་འདུག ཧ་ཅང་སོབ་སོབ་ཡིན་པའི་ཀྲེན་མོག་དེ་གཉིས་ཁ་ནང་ལ་བཅུག་ནས་སོ་བརྒྱབ་རྗེས་གང་ཞིག་ལ་སོང་བ་གཏན་ནས་ཤེས་ཀྱི་མི་འདུག ཉིན་གུང་ཁ་ལག་གི་ཚབ་ལ་རྒྱ་མིའི་སྐད་དུ་སྤོ་སྤོ་ཚལ་ཟེར་བའི་ཚོད་མ་དེ་རྐྱང་བ་ཏོག་ཙམ་རེ་མ་གཏོགས་མི་འདུག་ལ། དགུང་མོ་སྤོ་སྤོ་ཚལ་གྱི་ཚོད་མ་རེ་དང་མན་པོ་ཟེར་བའི་ཞོགས་ཇའི་སྐབས་སུ་སྤྲད་པའི་ཀྲེན་མོག་དེ་འདྲ་གཅིག་རེ་ལས་སྤྲོད་ཀྱི་མི་འདུག དེར་བརྟེན་དང་ཐོག་བཙོན་ཁང་ནང་གྲོད་ཁོག་ལྟོགས་དྲགས་ནས་སེམས་ལ་གྲོད་ཁོག་རྒྱགས་སོང་ན་ལས་ཀ་ག་རེ་བྱེད་དགོས་ཀྱང་སླ་བོ་རེད་བསམ་སོང་། ནང་མིས་སྦྲག་ཁང་བརྒྱུད་ཁ་ལག་རེ་བསྐུར་ན་ཟླ་རེའི་ནང་ཐེངས་རེ་སྤྲོད་ཀྱི་འདུག་ནའང་རྩམ་པ་དང་མར་བསྐུར་ཚེ་བཙོན་སྲུང་པས་བཙོན་ཁང་ནང་དྲི་མ་ཁ་ཡི་འདུག ཟ་མ་འདི་ཚོ་མིའི་ཟ་རྒྱུ་མ་རེད་ཕག་པའི་ཟ་རྒྱུ་རེད་ཟེར་ནས་མཐོང་ཆུང་བྱས་ཏེ་སྤྲོད་ཀྱི་མི་འདུག
པེ་ཡུས་བཙོན་ཁང་དུ་བསླེབས་ནས་གང་འཚམ་རྗེས་དང་ཐོག་ནང་བཞིན་མ་ཡིན་པར་ང་ཚོ་ཚང་མས་བལ་སླས་སླེ་སྟངས་ཡག་པོ་ཤེས་སོང་ལ། ཉིན་རེའི་འགན་འཁུར་རྣམས་ཏག་ཏག་སྒྲུབ་ཐུབ་ཀྱི་འདུག འོན་ཀྱང་སྐར་མ་བཅུ་ཙམ་ངལ་གསོ་བྱས་ཚེ་ཉིན་རེའི་འགན་འཁུར་ཏག་ཏག་སྒྲུབ་ཐུབ་ཀྱི་མི་འདུག དེ་ནས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༣༠ ཉིན་ངའི་ཁྲིམས་ཐག་གི་ལོ་གཉིས་པོ་ཏག་ཏག་ཚང་བས་ཁོ་ཚོས་ང་གློད་བཀྲོལ་བཏང་ནས་ཕ་ཡུལ་ལ་ཕྱིར་མངགས་སོང་། དཀོན་མཆོག་བསྟན་པ་ངའི་རྗེས་ཉིན་བཅུ་གཉིས་ཀྱིས་གཞི་ནས་ཁྲིམས་ཐག་གི་ལོ་ཚང་བས་ང་གློད་བཀྲོལ་བཏང་ནས་ཉིན་བཅུ་གཉིས་རྗེས་ད་གཟོད་ཁོང་གློད་བཀྲོལ་གཏང་རྒྱུ་ཡིན་སྟབས་ངས་ཁྲིན་ཁེ་ཧྥི་ཟེར་བའི་ང་ལ་རྒྱ་མི་ཆབ་སྲིད་བཙོན་པའི་རོགས་པ་ཞིག་ཡོད་པ་དེ་བརྒྱུད་དཀོན་མཆོག་བསྟན་པ་ལ་ང་ཉིན་བཅུ་གཉིས་རིང་ལ་བཙོན་ཁང་གི་ཕྱི་ལོག་ནས་ཁྱོད་ལ་བསྒུགས་ནས་འདུག་གི་ཡིན། ཁྱོད་གློད་བཀྲོལ་བཏང་བ་དང་ངེད་གཉིས་ཕ་ཡུལ་གྱི་དགོན་ནང་ལ་མཉམ་དུ་ཕྱིར་འགྲོ་ཞེས་བཤད་པ་ཡིན་ལ། དཀོན་མཆོག་བསྟན་པས་ང་ལ་ཁྲིན་ཁེ་ཧྥི་བརྒྱུད་ཡིག་ལན་གནང་སོང་། ང་གློད་བཀྲོལ་བཏང་རྗེས་ངས་དཀོན་མཆོག་བསྟན་པ་ལ་བསྒུགས་ནས་ངེད་གཉིས་ཕ་ཡུལ་ཐེ་བོ་ལ་ཕྱིར་མཉམ་དུ་སོང་བ་ཡིན།
ངེད་གཉིས་ཕྱིར་ཐེ་བོ་རྫོང་གི་ཡར་ནང་གཡི་བ་ཞང་གི་ཉེ་འགྲམ་དུ་སླེབས་དུས་ལྷ་གསོལ་དགོན་པ་དང་བྲག་སྒམ་ནང་པའི་སེར་སྐྱ་ཀུན་པོས་ཁ་བཏགས་འཁྱེར་ནས་ངེད་གཉིས་ལ་བསུ་མ་བྱེད་དུ་སླེབས་འདུག སྐབས་དེར་ཐེ་བོ་རྫོང་གི་ཉེན་རྟོག་པ་བསླེབས་ནས་བྲག་སྒམ་པའི་སེར་སྐྱ་མི་མང་གིས་ངེད་གཉིས་ལ་ཁ་བཏགས་འཐེན་བཞིན་པར་རྒྱང་ལྟ་བྱས་ནས་བསྡད་འདུག་པ་ལས་ཡར་ང་ཚོའི་ཉེ་འཁྲིས་ལ་སླེབས་མ་སོང་། ངེད་གཉིས་ཕྱིར་ཕ་ཡུལ་དུ་བསླེབས་ནས་ཉིན་གསུམ་གྱི་རྗེས་ཐེ་བོ་རྫོང་གི་ཉེན་རྟོག་པས་ངེད་གཉིས་ལ་མར་ཐེ་བོ་རྫོང་གི་ཉེན་རྟོག་ཁང་དུ་ཡོང་དགོས་པའི་འབོད་བརྡ་བཏང་བར་བརྟེན་ངེད་གཉིས་སོང་བ་ཡིན། ངེད་གཉིས་ཉེན་རྟོག་ཁང་དུ་སླེབས་མ་ཐག་ཉེན་རྟོག་པའི་འགོ་དཔོན་སྣང་མཛོད་སོགས་ཀྱིས་ངེད་གཉིས་ལ་ག་རེ་རེད། ལོ་གཉིས་ལ་བཙོན་ཁང་དུ་བསྡད་པ་དེས་ད་དུང་ཁྱེད་གཉིས་ལ་སློབ་གསོ་ཐོབ་མི་འདུག་གམ་ཞེས། ངེད་གཉིས་ལ་བྲག་སྒམ་པའི་སེར་སྐྱ་མི་མང་གིས་བསུ་མ་བྱས་ནས་ཁ་བཏགས་འཐེན་པ་དང་དགའ་བསུ་བྱས་པ་དེ་སྣང་བར་མ་སོང་བའི་རྣམ་འགྱུར་སྟོན་གྱི་འདུག་ལ། ངས་ཀྱང་ཉེན་རྟོག་པ་ཚོ་ལ་ངེད་གཉིས་ཀྱིས་ནག་ཉེས་བསགས་པ་རྣམས་ཁྱེད་ཚོའི་འདོད་པ་ནང་བཞིན་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ནས་བཙོན་དུ་ལོ་གཉིས་རིང་བསྡད་པ་དེས་ད་ལྟ་ངེད་གཉིས་ཀྱི་ནག་ཉེས་དག་ཚར་བ་རེད། དེང་ཕྱིན་ཆད་ཁྱེད་ཚོ་ཁྱེད་ཚོ་འགྲོ་སར་སོང་། ང་ཚོ་ང་ཚོ་འགྲོ་སར་འགྲོ་ཡི་ཡིན། ད་ནས་བཟུང་ང་ཚོ་ཕན་ཚུན་བར་ལ་ལབ་གླེང་གི་དོན་དག་ཅི་ཡང་མེད་ཅེས་བཤད་སྐབས། ཉེན་རྟོག་འགོ་དཔོན་སྣང་མཛོད་ཀྱིས་ངའི་གདོང་ལ་ཅེར་ཏེ་གུང་ཁྲན་ཏང་ཁ་སློང་རྒྱུ་ལས་སླ་བོ་ཡོད་པ་མ་རེད། ཅེས་ཟུར་ཟ་དང་འཇིགས་སྐུལ་འདྲེས་མས་བཤད་བྱུང་། དེ་ནས་ཁོ་ཚོས་ངེད་གཉིས་ལ་ད་ལྟ་ག་རེ་བྱེད་རྩིས་ཡོད་མེད་དྲིས་བྱུང་བའི་ལན་དུ་ངེད་གཉིས་ཕྱིར་དགོན་པའི་ནང་འགྲོ་རྩིས་ཡིན་ལུགས་བཤད་པར། ཁྱེད་གཉིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྒལ་ནས་ད་དུང་གྲྭ་པ་རེད་དམ། གྲྭ་པ་ལ་སྡོམ་ཁྲིམས་མང་པོ་སྲུང་རྒྱུ་ཡོད་པ་མ་རེད་དམ། ཞེས་བཤད་བྱུང་། མ་ཟད་ཁོ་ཚོས་ངེད་གཉིས་ཕྱིར་དགོན་པའི་ནང་མ་སོང་བར་སྡེ་པའི་ནང་སོང་ནས་བསྡད་ན་ཟླ་རེ་ལ་ཟླ་ཕོགས་སྤྲད་ནས་ལྟ་སྐྱོང་བྱེད་རྒྱུ་ཡིན་ཚུལ་དང་དེ་མིན་ན་དེ་འདྲའི་ལས་སླ་བོ་མེད་ཚུལ་གྱི་འཇིགས་སྐུལ་དང་བསླུ་བྲིད་ཀྱང་བྱས་བྱུང་།
དེ་ནས་ངེད་གཉིས་དགོན་པའི་ནང་ཟླ་གཅིག་ཙམ་བསྡད་རིང་ཉིན་གསུམ་བཞི་རེའི་ནང་ལ་ཉེན་རྟོག་པས་སྐད་ཐེངས་རེ་གཏོང་གི་འདུག་ལ། ཉེན་རྟོག་ཁང་དུ་སླེབས་མ་ཐག་ཐོག་དང་པོ་ལག་འཁྱེར་ཁ་པར་སྔོག་པ་དང་། མི་སུ་ལ་ཁ་པར་བཏང་ནས་སྐད་ཆ་ག་རེ་བཤད་ཡོད་མེད་དང་ས་ཆ་གང་དུ་སོང་ཡོད་མེད། ལས་ཀ་ག་རེ་བྱས་ཡོད་མེད་ཅེས་འདྲི་རྩད་བྱེད་ཀྱི་འདུག ནམ་རྒྱུན་ཁ་པར་ཨང་གྲངས་གཅིག་ཁོ་ན་མ་གཏོགས་བེད་སྤྱོད་གཏོང་འཇུག་གི་མི་འདུག
དཀོན་མཆོག་བསྟན་པ་ཐོག་མའི་ཆོས་ཞུགས་བྱེད་ས་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ཡིན་སྟབས་ཟླ་གཅིག་གི་རྗེས་ཁོང་ལྷ་གསོལ་དགོན་པའི་ནང་ནས་སྟག་ཚང་ལྷ་མོ་ཀིརྟིའི་དགོན་པའི་ནང་ལ་ཕྱིར་འབུད་ཀྱིས་སི་ཁྲོན་གྱི་ས་གནས་ཉེན་རྟོག་པར་ལྟ་རྟོགས་བྱེད་དགོས་པའི་རྩིས་སྤྲོད་བྱས་པར་མ་ཟད། ང་རང་ཡང་ལྷ་གསོལ་དགོན་པའི་ནང་འདུག་མི་ཆོག་པ་བཟོས་འདུག་པའི་ཁར་དགོན་པའི་གྲྭ་པ་གཞན་པ་ཚོས་ཀྱང་ཟླ་རེ་ནང་ལས་ཀ་ཅི་ཞིག་བྱས་མིན་དང་ས་གང་དུ་སོང་མིན་སྐོར་ལ་ཉིན་ཐོ་ལྟ་བུ་རེ་འབྲི་དགོས་པ་དང་ཕར་ཚུར་འགྲོ་དགོས་ཚེ་ཉེན་རྟོག་པར་དགོངས་པ་ཞུ་དགོས་པ་བཟོས་འདུག ཉེན་རྟོག་པ་རྣམས་དགོན་པའི་ནང་འདྲི་རྩད་བྱེད་དུ་ཡང་ཡང་ཡོང་གི་ཡོད་པར་བརྟེན། ཉིན་མཚན་ལྟོས་པ་མེད་པར་དེ་ལྟའི་སུན་གཙེར་ཡང་ཡང་བྱས་ནས་འགྲོ་འདུག་གི་རང་དབང་ཐད་དཀའ་ངལ་ཧ་ཅང་ཆེན་པོ་སྤྲོད་ཀྱི་ཡོེད་སྟབས། རེ་ཞིག་ས་ཆ་གཞན་ཞིག་ལ་ཉེན་ཡོལ་དུ་འགྲོ་རྒྱུར་སེམས་ཐག་བཅད་པ་ཡིན་ལ། དེ་ནས་ཐེ་བོ་རྫོང་གི་ཉེན་རྟོག་ཁང་དུ་སོང་ནས་འབྲོག་སར་ཕ་མ་གཉིས་ཀྱི་གམ་དུ་འགྲོ་རྒྱུ་ཡིན་ཚུལ་བཤད་དེ་ཟླ་གཅིག་གི་རིང་འགྲོ་སྐྱོད་ཆོག་པའི་དགོངས་པ་སྤྲོད་རོགས་ཞེས་ཆོག་མཆན་ཞུས་པ་ལྟར་ཟླ་གཅིག་གི་རིང་འགྲོ་ཆོག་པའི་ཆོག་མཆན་སྤྲད་སོང་།
དེ་ནས་འབྲོག་སར་མ་སོང་བར་ལྷ་སར་ཡོང་ནས་ཟླ་བ་དྲུག་བསྡད་པ་ཡིན། ལྷ་སར་སླེབས་དུས་དངུལ་ཡང་མང་པོ་ཞིག་མི་འདུག་ལ། དེ་ནས་གནས་སྐབས་རིང་ཁྲུས་རྒྱག་ས་ཞིག་ལ་ལས་ཀ་བཙལ་ནས་བསྡད་པ་ཡིན། དེ་རྗེས་ལྷ་ས་ནས་ལམ་ཁྲིད་པ་ཅིག་ལ་རྒྱ་སྒོར་ 25000 སྤྲད་ནས་འགྲམ་བརྒྱུད་བལ་ཡུལ་དུ་ཡོང་བ་ཡིན། བལ་ཡུལ་སྣེ་ལེན་ཁང་དུ་བསླེབས་ནས་རང་དབང་གི་མཁའ་དབུགས་རྔུབ་རྒྱུ་བྱུང་བས་དེ་ནི་ཅི་འདྲའི་སྐྱིད་པོ་ཞིག་རེད་ཨང་། བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་ཚོས་ང་ལ་དམིགས་བསལ་ལྟ་རྟོགས་དང་བདག་སྐྱོང་དཔེ་མི་ཟད་པ་ཡག་པོ་བྱས་སོང་ལ། དེས་ངའི་སེམས་ལ་རང་ཉིད་རང་གི་ཕ་མའི་འཁྲིས་སུ་ཕྱིར་སླེབས་པ་ལྟ་བུའི་ཚོར་སྣང་ཧ་ཅང་སྐྱིད་པོ་ཞིག་བྱུང་ངོ་།།
མིག་ཆུའི་ཐིགས་པ་བང་དུ་ལྷུང་བཞིན་འགོ་ནས་མཇུག་བར་ཞིབ་ཚགས་པོས་ཀློག་ཡོད།
༄། །རྩོམ་འདི་ཚར་གཅིག་ཤར་མར་བཏོན་སྐབས་མིག་མཐའ་མཆི་མས་དབང་མེད་དུ་བརླན་བྱུང་། ཟིན་བྲིས་པ་པད་རྡོར་ལགས་ཐུགས་རྗེ་ཆེ། བུ་རྒོད་པོ་དཀོན་མཆོག་སེངྒེ་ལགས་ལ་འཚམ་འདྲི་ཡོད། ཁྱེད་རང་སྐུ་གཟུགས་ཐང་ཐང་ངང་ཚེ་རྔའང་མི་ལུས་དོན་ལྡན་ཆོས་དང་མཐུན་པ་སྐྱིད་ཐག་ཆོད་པ་ཞིག་ཡོང་བར་སྨོན་ལམ་བྱེད། སྐུ་ཚེ་རིང་། ཉེས་མེད་གཉོམ་ཆུང་གི་བོད་མི་ཚོར་རྒྱ་དམར་ཇག་ཚོགས་ཀྱིས་བསད་སྲེག་བཅོམ་འཕྲོག་སོགས་མནར་གཅོད་ཡ་ང་བ་བློ་ཡུལ་དུ་ཤོང་དཀའ་བ་འདི་ལྟར་མི་ལོ་༦༠རིང་བཏང་དང་གཏོང་བཞིན་པ་འདི་མུས་ང་ཚོས་ད་དུང་སྡུག་ཁུར་བྱས་ནས་ཇི་ཙམ་སྡོད་དགོས་སམ། བོད་ཀྱི་སྣོད་བཅུད་ཚར་ལ་ཉེ་བ་གཟིགས་ལགས་སམ། དྲང་བདེན་ལ་རྒྱབ་སྐྱོར་ཇི་ཙམ་ཡོད་དམ། ཐབས་ཤེས་ག་རེ་ཡོད་དམ། བོད་ལ་རེ་བ་ཡོད་དམ། བོད་མི་ཚང་མས་བསམ་བློ་གཏོང་བཞིན་ཡོད་དམ། འདས་པའི་བྱུང་རབས་སུ། བོད་པས་གཞན་ནས་རོགས་རམ་ཞུས་པའི་ནང་། བལ་བོའི་གོར་དམག་གིས་བཙན་འཛུལ་སྐབས་ཡོན་བདག་མན་ཇུར་རོགས་བསྐུལ་ཞུས་པ་བཞིན་མན་དམག་བོད་བསྐྱོད་ཀྱིས་བལ་དམག་མཐའ་སྐྲོད་བགྱིས་མྱོང་། བོད་པས་གཞན་ལའང་རོགས་ཕན་གནང་མྱོང་སྟེ། ཐང་གི་ཕོ་ཉ་རྒྱ་གར་བས་བཅོམ་སྐབས་། རྗེ་སྲོང་བཙན་གྱིས་བོད་དམག་བཏང་ནས་མགོན་སྐྱབས་གནང་བས་ཐང་རྗེ་གཤེགས་པའི་དུར་ཁང་ནང་ལའང་བོད་རྗེའི་སྣང་བརྙན་བཀོད་པ་དང་། འཛམ་གླིང་འཁྲུག་ཆེན་སྐབས་བོད་གཞུང་གིས་དབྱིན་གཞུང་ལ་གཡུལ་རོགས་སུ་བོད་དམག་ཆིག་སྟོང་མངགས་ཆོག་གི་རྒྱབ་སྐོར་ཞུས་འདུག ད་ནི་བོད་རྒྱལ་ཁབ་འདི་བཞིན་རྒྱའི་བཙན་འཛུལ་འོག་ཚུད་དེ་མི་ལོ་དྲུག་ཅུ་ཐལ་ཡང་། རང་ངོས་ནས་འུ་ཐུག་ཐབས་ཟད་ཅི་བྱ་གཏོད་བྲལ་གྱི་མཚམས་འདིར། ང་ཚོས་ཆ་རྐྱེན་ཁས་ལེན་ཡོད་པའི་སྒོ་ནས་བཙན་འཛུལ་པ་མཐར་སྐྲོད་ཀྱི་དྲང་བདེན་རྒྱབ་ལངས་ཀྱི་རོགས་རམ་དེ་ཨ་རི་དང་དབྱིན་ཇི་སོགས་ནས་ཞུས་ན་མི་འོས་པ་གཏན་ནས་མ་མཐོང་སྟེ། དགྲ་ཁ་གཏད་དེ་རྒྱ་དམར་དབང་འཛིན་གཞུང་ཡིན་པ་གཞིར་བྱས། ད་ལྟའི་ཆར་བོད་ཡུལ་སྟོད་སྨད་བར་གསུམ་དུ་སིམ་འཛུལ་གཞིས་ཆགས་ངང་འཚོ་སྡོད་ཟ་རྔམ་མེ་རུ་འབར་བཞིན་པའི་རྒྱ་རིགས་ཚང་མའང་བོད་ཀྱི་ཡོད་ཚད་འཇོམས་མཁན་དུ་གྱུར་དང་འགྱུར་བཞིན་པ་མིག་མཐོང་ལག་ཟིན་ཡིན་པ་ཡོངས་གྲགས་ལྟར། ཚང་མས་དོ་སྣང་གནང་བཞིན་ལོས་ཡོད།
ཞིབ་ཚགས་པོ་བྲིས་འདུག དངོས་གནས་སེམས་ལ་གཡོ་འགུལ་ཐེབས་པ་ཞིག་རེད། ངས་གང་བྱུང་མང་བྱུང་བྲིས་འདུག་རྒྱུ་ལས་རང་རང་ས་ཁུལ་གྱི་གནས་ཚུལ་འདིའི་རིགས་འདི་ཤོག་ངོར་གསལ་བོ་ཞིག་ཕབས་ཐུབ་པ་ཡིན་ན་ཕན་ངེས་ཅན་ཕན་ནི་རེད། དེ་མིན་ཚོང་བ་ཚོའི་དེབ་ནང་ཐོན་མེད་པ་དེ་ཅི་གང་མ་རེད།
ང་ཚོས་ཞེས་བཅོས་དགོས།
མི་རིགས་ཀྱི་དཔའ་བོ་རྣམས། མངོན་པར་བསྟོད་དོ།
རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རེ་སྨོན་རྟག་ཏུ་རྒྱལ་གྱུར་ཅིག