ལྡོང་གསེར་མིག་གིས་ཧི་བོན་དྲ་བ་ལས་དྲངས།
སྔོན་འགྲོའི་གླེང་མོལ།
རྒན་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཟླ་གཅིག་རིང་སློབ་ཁྲིད་གནང་ཚར་རྗེས་འདི་ག་རྩོམ་སྒྲིག་ཁང་གི་འཐུས་མི་ཁོང་གི་སྐུ་མདུན་དུ་བཅར་འདྲིར་ཕྱིན་པ་ཡིན། ང་ཚོས་ཁང་པའི་སྒོ་དལ་མོར་ཐེངས་གསུམ་བརྡུངས་པ་ན་སྒམ་བརླིང་དང་བྱམས་བརྩེས་ཕྱུག་པའི་ཞལ་རས་ཤིག་གིས་ང་ཚོའི་སྔུན་བསུས་བྱུང་། དེ་ནི་དེང་དུས་འཛམ་གླིང་གི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་སྙན་གྲགས་རྒྱས་པའི་ཧྥ་སྡོད་བོད་ཀྱི་མཁས་དབང་དམ་པ་རྒན་མཁར་རྨེའུ་བསམ་གཏན་ལགས་རེད། སྐབས་འཕྲལ་གྱི་སྡོད་ཁང་འདིར་ཅ་ལག་ཉུང་ཤས་ལས་མེད་ཀྱང་བཀོད་སྒྲིག་བྱས་པ་བབ་ཆགས་ཤིང་ཁམས་དྭངས་པའི་ཚོར་བ་ཞིག་དབང་མེད་དུ་སྦྱིན། ང་ཚོས་ཁོང་ཉིད་དང་ལྷན་དུ་ཡར་མར་གྱི་ཁ་བརྡ་ཅུང་ཟད་བྱས་རྗེས་མྱུར་མོར་བཅར་འདྲིའི་དངོས་གཞིར་ཞུགས་པ་ཡིན།
༡ ༼ང་རོ༽ ཁྱེད་ནས་རང་རེའི་རིག་གཞུང་ཐད་ཞིབ་འཇུག་དང་ཉམས་ལེན་ལོ་ངོ་མང་པོར་མཛད་རིང་། ཞིབ་འཇུག་ལམ་བུའི་སྟེང་གི་དཀའ་ངལ་དང་ཐབས་ལམ། དགེ་འབྲས་ཕྱོགས་ནས་ཁྱེད་ཀྱི་ཉམས་མྱོང་དང་སྦྲགས་ཏེ་གསུང་རོགས།
མཁར་རྨེའུ། ཚན་རིག་དང་མཐུན་པའི་ཞིབ་འཇུག་ལས་ཀའི་ཐོག་ལ་དཀའ་ངལ་ཆེན་པོ་བྱུང་། དཀའ་ངལ་བྱུང་བ་དེ་ཡང་ང་ཚོས་དཔེ་ཆ་ཞིག་ཀློག་པའི་ཚེ་སྤྱིར་བཏང་དཔེ་ཆ་དེའི་ནང་ དུ་གང་བཤད་པ་བརྒྱ་ཆའི་བརྒྱ་ཁས་ལེན་པ་ཁག་པོར་ཆགས་བསྡད་ཡོད། བརྟག་དཔྱད་ཡག་ཐག་ཆོད་ཅིག་བཏང་ནས་དཔེ་ཆ་དེའི་མགོ་ནས་མཇུག་བར་མཉམ་འབྱར་གྱི་གོ་རིམ་ཡོད་མེད་དཔྱད་དགོས་འདུག དེའི་ཐོག་ལ་ཞིབ་འཇུག་གི་ཐབས་ལམ་གྱི་ཐད་ནས་དཀའ་ངལ་ཆེན་པོར་འཕྲད་ཀྱིན་འདུག ཡིན་ན་ཡང་། དེ་རིང་སང་ཉིན་ཐབས་ལམ་ཞིག་གི་མིང་ལ་ཧྥེ་ལོ་ལོ་ཇེ༼philology༽ཟེར་ཞིང་། བོད་སྐད་དུ་ཚིག་སྒྲུབ་རིག་པ་ཟེར་གྱི་ཡོད། དེ་ནི་གཙོ་བོ་དཔེ་ཆ་ཞིག་ཀློག་ནས་དེར་ཞིབ་དག་ལེགས་པོ་བྱས་ཏེ་དེབ་དཔེ་རིགས་ མི་འདྲ་བ་ག་ཚོད་ཡོད་པ་རྣམས་བསྡུར་ནས་ཚིག་མ་དག་པ་གང་ལ་ཞིབ་དག་ལེགས་པོ་བྱ་ ཐུབ་པ་དེ་རེད། མ་དག་པ་ཡོད་ཚེ། དང་པོ་གོ་དཀའ་བའི་ཚིག་གམ་ཡིག་ཕྲེང་དེ་ངོས་འཛིན། གཉིས་པར་དེ་ཚོ་དཔེ་དེབ་མི་གཅིག་པའི་ནང་ལ་བརྗོད་སྟངས་མི་འདྲ་བ་འབྱུང་སྲིད་ པས་དེའི་ཀློག་སྟངས་དེ་ལ་དཔྱད་དགོས་པ་ཤིན་ཏུ་ནས་ཀྱང་འགངས་ཆེན་པོ་རེད། དེར་བརྟེན་ཚིག་སྒྲུབ་རིག་པ་ཟེར་བ་དེ་བོད་ཀྱི་དཔེ་ཆ་སྐོར་ཞིབ་འཇུག་བྱེད་དུས་ཐབས་ལམ་དེ་ཉིད་བེད་སྤྱོད་དགོས་པ་གལ་ཆེ། དུས་རབས་ཀྱི་ཆ་ནས་ང་ཚོས་སྔོན་མ་དེ་འདྲའི་ཐབས་ལམ་མ་རྙེད་ཕྱིན་དེབ་ཀློག་པའི་སྐབས་སུ་བདག་ལའང་དཀའ་ངལ་བྱུང་སོང་། དེས་ན་ཐབས་ལམ་དེ་བེད་སྤྱོད་པ་ཡིན་ན་ཚིག་སྒྲུབ་རིག་པའི་ཞིབ་འཇུག་གི་ལས་ཀར་དེ་འདྲའི་དཀའ་ངལ་ཡོང་གི་མི་འདུག དགེ་འབྲས་ཕྱོགས་ནས་ཁྱེད་ཀྱི་ཉམས་མྱོང་དང་སྦྲགས་ཏེ་གསུང་རོགས་ཟེར་བ་ལ། ང་རང་གིས་རང་ཉིད་ཀྱི་ཞིབ་འཇུག་བྱས་པའི་ལས་ཀར་འབྲས་བུ་འཐོབ་པ་དང་། རང་ཉིད་ཀྱིས་བརྩམས་པ་དག་མང་ཆེ་བ་ཞིག་མི་ཚོས་ཀློག་འདོན་ཡང་བྱེད་ཀྱིན་ཡོད། འདི་འདྲ་བྱུང་ན་སོ་སོས་ལས་ཀ་བྱ་བའང་བྱ་རིན་ཡོད་པ་ཞིག་ཏུ་འགྱུར་གྱིན་ཡོད།
༢ ༼ང་རོ༽ ཉིད་ནས་འཆད་ཁྲིད་སྔོན་མར་རང་རེའི་ཆོས་ལུགས་གྲུབ་མཐའ་ཁག་ནང་གི་རིས་མེད་རིང་ ལུགས་གསུང་གིན་འདུག རང་རེའི་གྲུབ་མཐའ་ཁག་གི་ཆོ་ག་ཕྱག་ལེན་སོགས་ཀྱི་ཐད་མི་འདྲ་བའི་ཆ་མང་དུ་ཡོད་ པ་ལ། སྤྱོད་པའི་ཕྱོགས་ནས་རིས་མེད་རིང་ལུགས་སྒོམ་ཚུལ་གང་འདྲ་ཞིག་ཏུ་འདོད་ཀྱིན་ ཡོད།
མཁར་རྨེའུ། ངས་ཁ་སང་རིས་མེད་སྐོར་སྐད་ཆ་བཤད་དུས། རིས་མེད་ཀྱི་འདུ་ཤེས་འཛིན་ལུགས་ཀྱི་སྤྱོད་ཚུལ་དེ་གང་ཡིན་ཟེར་ན། གྲུབ་མཐའ་གཞན་པའི་ལྟ་བ་དང་སྤྱོད་ལུགས། སྒོམ་སྒྲུབ་ཚུལ་དེ་ཚོར་དག་སྣང་ཡོད་པ་ཞིག་དང་། ལག་ལེན་དགོས་པ་ཞིག་ཡིན་པ་ལས། གྲུབ་མཐའི་ལ་རྒྱས་འཁྱེར་ནས་གཞན་གྱི་གྲུབ་མཐར་ཡག་པོ་མི་འདུག་ཅེས་སྒྲོ་འདོགས་ པའམ་སྐུར་བ་འདེབས་པ་ལ་སོགས་པའི་བསམ་སྦྱོར་རྩོམ་མི་རིགས་པར་སེམས་པ་ཡིན། གནས་ལུགས་དང་རྒྱུ་མཚན་ཡོད་པ་གཞིར་བྱས་ཏེ་ཚན་རིག་དང་མཐུན་པའི་དགག་སྒྲུབ་བྱ་ དགོས་པ་ལས་གྲུབ་མཐའི་ཞེན་འཁྱེར་ནས་ལ་རྒྱ་དང་ཕྱོགས་འཐེན་བྱས་ན་ཚན་རིག་གི་ལམ་ ཐོག་ཏུ་འགྲོ་མི་ནུས། ངས་དེ་འདྲའི་གནས་ཚུལ་ལ་གཞིགས་ནས་ཁ་སང་རིས་མེད་སྐོར་གྱི་སྐད་ཆ་བཤད་པ་ཡིན། ཆོ་ག་དང་ཕྱག་ལེན་གྱི་ཐད་ནས་ཆ་མི་འདྲ་བ་ཡོད་ཟེར་བའང་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་གྲུབ་མཐའ་སོ་སོར་ཆོ་ག་དང་ཕྱག་ལེན་མི་འདྲ་བའི་ཆ་མང་བོ་ཡོད་། ཆོ་ག་དང་ཕྱག་ལེན་དེ་དག་ལ་བླ་མའི་བླ་རྒྱུད་ཡོད་པའང་སོ་སོར་མི་འདྲ་བས་ང་ཚོས་ དེར་དད་པ་དང་དག་སྣང་། བརྩི་བཀུར་སོགས་གཞིར་བཅོས་ཏེ་རིས་མེད་ཀྱི་སྐད་ཆ་བཤད་ན་དེར་རིས་མེད་ཀྱི་ཚུལ་ དུ་འདུག་སྙམ། རིས་མེད་ཀྱི་སྒོམ་ཚུལ་ཟེར་བའང་། སེམས་གཏིང་ནས་གྲུབ་མཐའ་གཞན་པར་བརྩི་བཀུར་ཞུ་བ་དེ་གཙོ་བོ་རེད། ཆ་བཞག་ན། བཀའ་བརྒྱུད་པས་བོན་ལ་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་ལ་སོགས་པའི་སྐད་ཆ་འདྲ་མིན་མང་པོ་ཟེར་བ་དེ་ཡང་བོན་པོ་རང་ཉིད་ཀྱི་ གཞུང་ལུགས་དཔེ་ཆའི་ནང་དུ་སྐད་ཆ་དེ་འདྲ་ཡོད་པ་མ་རེད། དེ་ཚོ་བོན་རྣམས་ཀྱིས་ངོས་ལེན་ཡང་བྱེད་ཀྱིན་མེད་པས། དེ་ནི་གྲུབ་མཐའ་གཞན་པས་བོན་གྱི་ཆོས་ལུགས་ལ་སྒྲོ་བཏགས་པ་དང་སྐྱོན་བརྗོད་པའི་ སྣང་ཚུལ་ཞིག་ཏུ་འཁུམས། འདི་དག་ནི་ལོ་རྒྱུས་ཀྱི་ཁྲོད་ནས་བྱུང་བ་ཡིན་སྟབས། ང་ཚོས་དེར་དོ་ཁུར་དང་དེའི་བསླབ་བྱ་བླངས་ནས་གྲུབ་མཐའ་སོ་སོའི་ལ་རྒྱའི་དབང་ དུ་མ་གྱུར་བར་གྲུབ་མཐའ་གཞན་པའི་ལྟ་སྤྱོད་གང་ལ་ཡང་དག་སྣང་དང་བརྩི་བཀུར་བྱས་ ན་བོད་མི་རང་གི་ཕྱི་རོལ་སྣང་བརྙན་གྱི་ཐོག་ནས་གཅིག་གྱུར་ཡོང་བར་རྔོ་ཐོགས་ཀྱི་རེད་སྙམ།
༣ ༼ང་རོ༽ དེང་སྐབས་འཛམ་གླིང་གི་ཡུལ་གྲུ་སོ་སོ་ན་རང་རེའི་ཤེས་རིག་གི་ཞིབ་འཇུག་འདི་ རྒྱུགས་ཆེ་ཤོས་ཤིག་ཏུ་གྱུར་འདུག འདིའི་ནང་དད་མོས་མི་འདྲ་བ་དང་རྒྱལ་ཁོངས་མི་འདྲ་བ། ཤ་མདོག་མི་འདྲ་བའི་ཞིབ་འཇུག་པ་མང་དུ་ཡོད། ཕྱོགས་ཆེན་པོའི་སྒོ་ནས་ཤར་ནུབ་གཉིས་སུ་བགོས་ན། ཁྱེད་ནས་ཁོ་ཚོའི་ཤེས་རིག་ཞིབ་འཇུག་གི་ཀུན་སློང་དང་ཕན་འབྲས་ཕྱོགས་སུ་ལྟ་ སྟངས་ག་རེ་འཛིན་གྱིན་ཡོད།
མཁའ་རྨེའུ། འཛམ་བུ་གླིང་གི་མི་སྣ་མི་འདྲ་བས་བོད་ཀྱི་ཤེས་རིག་གི་ཕྱོགས་སུ་དོ་སྣང་གལ་ ཆེན་བྱས་ནས་ཞིབ་འཇུག་གི་ཕྱག་ལས་གནང་གིན་ཡོད། ཁོང་ཚོའི་ཀུན་སློང་གང་འདྲ་རེད་ཅེ་ན། ཚན་རིག་དང་མཐུན་པའི་སྒོ་ནས་འགྲོ་ལུགས་ཤིག་ཆགས་ཡོད་དེ། དེ་ནི་གྲུབ་མཐའི་ཕྱོགས་ཞེན་གྱི་ཡུལ་དུ་གྱར་བའི་དགག་བཞག་སྤངས་ཤིང་བདེན་པའི་ རང་ལུགས་འཚོལ་བ་ཞིག་རེད། ཚན་རིག་དང་མཐུན་པའི་ལས་ཀ་མ་བགྱིས་ཚེ་མི་གཞན་པས་ཁོང་ཚོའི་ཕྱག་ལས་གང་ལའང་ངོས་མི་ལེན་པས་ཚན་རིག་གི་ལམ་ནས་སྒྲུབ་པ་དེ་གལ་ཆེ། ཚན་རིག་གི་ལམ་ལུགས་ཡིན་ཟེར་བཞིན་དེར་ཆོས་ལུགས་ཕྱོགས་ཞེན་ཀྱི་སྐད་ཆ་རྐྱང་བ་བཤད་ན་ཚན་རིག་ཧ་མ་གོ་བའི་རྟགས་རེད། དེ་འདྲ་ཞིག་རེད། ངས་བཤད་ཡ་གཉིས་པ་དེ། གལ་ཏེ་སློབ་གྲྭ་ཡག་པོར་འགྲིམ་སྟེ་སློབ་སྦྱོང་ལེགས་པོ་བྱས་ནས་ཆུ་ཚད་མཐོན་ པོར་ཆགས་ཡོད་ན། ཁོང་ཚོའི་ཚན་རིག་གི་ལམ་ཁའང་ཇེ་ཡངས་སུ་འགྲོ་འོང་གི་རེད།
༤ ༼ང་རོ༽ བན་གྱི་བཀའ་བསྟན་དང་བོན་གྱི་བཀའ་བརྟེན་བར་འབྲེལ་བ་ཡོད་དམ། ཇི་ལྟར་བྱུང་བ་ཡིན། དེ་ལྟར་བྱུང་བའི་རྒྱུ་མཚན་མདོར་བསྡུས་ཤིག་གསུང་རོགས།
མཁར་རྨེའུ། བན་དེའི་བཀའ་འགྱུར་དང་བསྟན་འགྱུར་ནི། བཀའ་འགྱུར་གྱི་དཀར་ཆག་དེ་བཙན་པོའི་རྒྱལ་རབས་སྐབས་སུ་བྱུང་བ་ཞིག་རེད། དེ་ཡང་དཀར་ཆག་ལྡན་དཀར་མ་དང་། འཕང་ཐང་མ། མཆིམས་ཕུ་མ་བཅས་རེད། བསྟན་འགྱུར་གྱི་དཀར་ཆག་ནི་བུ་སྟོན་ཆོས་འབྱུང་དུ་བྱུང་བའི་དཀར་ཆག་དེར་གཞིར་ བཟུང་བ་ནས་བྱུང་བ་ཞིག་རེད། བོན་གྱི་བཀའ་འགྱུར་དཀར་ཆག་ནི་དུས་རབས་བཅུ་བཞི་བའི་གཞུག་ཏུ་བྱུང་བ་རེད། བཀའ་འགྱུར་ཞེས་པའི་ཚིག་དེ་བན་བོན་གཉིས་ཀར་ཡོད་པའི་མིང་ཚིག་ཐུན་མོང་བ་ཞིག་ རེད། དེ་ཡང་སྤྱིར་བཏང་བཀའ་དང་བཀའ་བརྟེན་ཞེས་གཉིས་སུ་དབྱེ་ཞིང་། བཀའ་ཞེས་པ་ནི་སྟོན་པ་གཤེན་རབ་ཀྱི་བཀའ་དང་། བཀའ་བརྟེན་ཞེས་པ་སྟོན་པ་གཤེན་རབ་ཀྱིས་མ་ཡིན་པར་ཁོང་གི་རྗེས་འབྲང་མཁས་པ་རྣམས་ཀྱིས་ཞུས་པའམ་ཡང་ན་འགྲེལ་བ་བརྩམས་པ་རྣམས་ལ་ཟེར་གྱི་ཡོད། སྤྱིར་བཏང་དེ་གཉིས་བན་དེའི་འགྲོ་ལུགས་ལ་བརྟེན་ནས་བྱུང་བས་གཉི་ག་འདྲ་བར་སྣང་ཡང་། བན་བོན་གྱི་བཀའ་བསྟན་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། བོན་པོའི་བཀའ་བརྟེན་གཉིས་ཀའི་ནང་དུ་སངས་རྒྱས་ཀྱི་གསུང་དང་ཆ་འདྲ་པོ་མང་བོ་ ཡོད། ཡིན་ནའང་བོན་པོའི་བཀའ་འགྱུར་དང་ལྷག་པར་དུ་བཀའ་བརྟེན་ནང་ལ་རྒྱ་གར་ལས་མ་བྱུང་ བའི་བོད་མི་རང་གི་བསམ་བློ་དང་འདུ་ཤེས་ཇི་སྙེད་ཅིག་འདུས་ཡོད་པ་རེད། དཔེ་བཞག་ན། བན་དེའི་བཀའ་བསྟན་ནི་ལེགས་སྦྱར་སྐད་ལས་བསྒྱུར་བ་དང་འགྲེལ་བ་ཤ་སྟག་རེད། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་ལབ་དུས་འབྲི་མཁན་དེ་སྟོན་པ་ཤཱཀྱ་ཐུབ་ པ་རང་ཉིད་མིན་ཡང་རྒྱ་གར་བ་ཡིན་པ་ཐག་གིས་ཆོད། འདི་འདྲ་ཡིན་ཕྱིར། རྒྱ་གར་བས་རྩོམ་འབྲི་དུས་རྒྱ་གར་གྱི་བསམ་འཆར་དང་འདུ་ཤེས་ལྟར་འབྲི་བ་མ་ གཏོགས་བོད་ཀྱི་འདུ་ཤེས་ལ་བསམ་བློ་གཏོང་མི་སྲིད། སངས་རྒྱས་ཀྱི་ཆོས་ལུགས་རེད་དེ། རྒྱ་གར་ནས་དར་བ་ཡིན་ཕྱིན་ཟས་གོས་འགྲོ་སྡོད་སྤྱོད་པའི་ཚིག་གཅིག་ལབ་ཀྱང་རྒྱ་ གར་གྱི་འགྲོ་ལུགས་ཤིག་མ་གཏོགས་བོད་ཀྱི་འདུ་ཤེས་ལྟར་མ་རེད། དེ་ལྟར། བོན་པོའི་བཀའ་བརྟེན་ཁྲོད་དུ་ལྷ་དང་ཆོ་གའི་ཁྲོད་སྔོན་མའི་བོད་ཀྱི་བསམ་བློ་གཏོང་ལུགས། གླུ་གར་རྩེད་ལུགས། ཁང་བ་བཟོ་ལུགས་སོགས་བོད་མི་རང་གི་འདུ་ཤེས་མངོན་གྱིན་ཡོད། ཆ་བཞག་ན། ཕྱི་རྒྱལ་གྱི་མཁས་པ་མང་བོ་ཞིག་གིས་བོད་མི་རང་གི་བསམ་འཆར་དང་འདུ་ཤེས་གང་འདྲ་ མཆིས་ཞེས་འཚོལ་དུས། བོད་དུ་རྒྱ་གར་ནས་འོངས་པའི་རྒྱ་གར་གྱི་བསམ་འཆར་ཡོད་ལ་རྒྱ་ནག་ནས་དར་བའི་རྒྱ་ ནག་གི་བསམ་འཆར་ཡང་ཡོད། འོན་ཀྱང་བོད་རང་ས་ནས་བྱུང་བའི་བསམ་བློ་གང་ཡིན་པའང་ཡག་ཐག་ཆོད་ཅིག་དང་སྟོན་རྒྱུ་ཡོད་པ་ཞིག་བཙལ་རྒྱུ་གལ་ཆེན་པོར་ཆགས་ཡོད། འོན་ཀྱང་དོན་དག་སྙིང་བོའི་རྩ་བ་གང་རེད་ཅེ་ན་བོད་པ་རང་གི་བསམ་འཆར་འཚོལ་རྒྱུ་དེ་རེད། བོད་པ་རང་གི་བསམ་འཆར་དང་འདུ་ཤེས་ཤིག་མེད་མི་སྲིད་པ་ཡང་བོད་པའི་མི་རིགས་འདི་ དུས་སྔ་མོ་ནས་བྱུང་ཞིང་། སྐབས་དེར་བོད་པས་ཀྱང་ཟས་གོས་སྡོད་ཁང་སོགས་རང་ཉིད་ལ་བརྟེན་ནས་བསྐྲུན་དགོས་ པའི་ཕྱིར།
༥ ༼ང་རོ༽ ཐོན་མིས་ཡི་གེ་མ་བཟོས་གོང་། བོད་དུ་ཞང་ཞུང་སྨར་ཆེན་དང་སྨར་ཆུང་གི་ཡི་གེ་ཡོད་པར་ཡོངས་གྲགས་སུ་བཞེད། ཡིན་ཙང་ཐོན་མིས་ཞང་ཞུང་ཡི་གེར་དཔེ་ལྟོས་དང་ཇེ་ལེགས་སུ་གཏོང་བའི་བཞེད་པ་མ་བྱུང་བར། ངེས་པར་དུ་ས་ཐག་རིང་བོ་འགྲིམས་ནས་རྒྱ་གར་ཡི་གེར་དཔེ་ལྟོས་དགོས་དོན་གང་ཡིན་ ནམ།
མཁར་རྨེའུ། བཤད་ལུགས་སྤྱི་ལ་ཐོན་མིས་ཡི་གེ་བཟོས་པ་རེད་ཅེས་ལབ་ཀྱིན་ཡོད། དེ་ཡང་ཁོང་རྒྱ་གར་དུ་ཕེབས་ཏེ་གུཔྟའི་ཡི་གེར་དཔེར་བླངས་ནས་བོད་ཡིག་བཟོས་པ་རེད། དེ་ནས་བོད་དུ་ཕེབས་ནས་མདོ་སྡེ་བསྒྱུར་བ་ལ་སོགས་པའི་སྐད་ཆ་མང་བོ་ཞིག་འདུག འདིའི་ཐད་ལ་ཞིབ་འཇུག་པ་ཚོས་ཕྱག་ལས་མང་བོ་ཞིག་གནང་ཡོད་པ་རེད། དོན་དམ་དུ་བཤད་ན་ཐོན་མི་སམྦྷོ་ཊ་ཟེར་བའི་བོད་མི་ཞིག་དུས་རབས་བདུན་པའི་ནང་ རྒྱ་གར་དུ་ཕེབས་ཡོད་མདོག་ཁག་པོ་རེད། ཕེབས་ནས་ལས་ཀ་ཞིག་བྱས་ཡོད་ཅེས་བཤད་ཁག་པོ་རེད། ཐོན་མི་ནི་ངེད་ཅག་དང་འདྲ་བའི་མི་སྤྱིར་བཏང་བ་ཞིག་གི་དབང་དུ་བཏང་ན་ཚེ་གཅིག་ ལུས་གཅིག་གི་དུས་ཡུན་ཐུང་ངུ་དེའི་རིང་རྒྱ་གར་དུ་ཕར་ཕྱིན་ཅིང་། དེ་ནས་རྒྱ་གར་དུ་བཞུགས་ཏེ་རྒྱ་གར་གྱི་སྐད་ལ་སློབ་སྦྱོང་བྱས་ནས་རྒྱ་གར་གྱི་ གནས་ཚུལ་རྒྱུས་ལོན་ཟབ་མོ་བྱུང་བ་གཞི་བཅས། དེ་ནས་ཡི་གེ་ཞིག་བཟོས་ཏེ་བོད་དུ་ཕེབས་ནས་སུམ་རྟགས་བྲིས་ཏེ་མདོ་བསྒྱུར་བ་ལ་ སོགས་པའི་འཕྲིན་ལས་འདི་འདྲ་ཞིག་མི་རང་ག་བ་ཞིག་གིས་དུས་ཡུན་ཐུང་ངུ་འདི་ལྟ་ བུར་ཡོང་མི་སྲིད་པ་ཞིག་རེད་ཅེས་བསམ། དེང་སང་ལ་མཚོན་ནའང་ང་ཚོ་མི་ཞིག་གིས་མི་རིགས་གཞན་གྱི་སྐད་ཙམ་སྦྱང་བ་ལའང་དཀའ་ ངལ་ཅི་ཙམ་འདུག ཐོན་མི་སམྦྷོ་ཊ་ཡང་ང་ཚོ་ནང་བཞིན་མ་གཏོགས་མི་ཡ་མཚར་བ་ཞིག་ཡིན་རྒྱུའི་རློམ་ ཐབས་བྲལ། ཁོང་ཡང་འགྲོ་བ་མི་ཞིག་ཡིན་ཕྱིན་དུས་ཡུན་ཐུང་ངུ་དེར་ཕྱག་ལས་དེ་འདྲ་བ་ཡོང་གི་ མ་རེད་བསམ། དེ་ལྟར་དྲན་པའི་རྨང་གཞིའི་སྟེང་ནས་ང་ཚོས་ཐོན་མི་སམྦྷོ་ཊའི་ཡར་སྔོན་དུ་ཡི་ གེ་ཞིག་ཡོད་པ་གཞིར་བཞག་ནས་ཁོང་གིས་དེ་ཡར་རྒྱས་སུ་བཏང་བར་ཆ་འཇོག་བྱས་ཆོག་གི་ རེད་སྙམ། འདི་འདྲ་སྐད་ཆ་མང་བོ་ཡོད་པ་རེད། བོན་པོ་ཚོས་ཀྱང་མ་བཅོས་མ་སླད་པའི་ཡི་གེ་ཡོད་ཅེས་ཟེར་ཡང་ཡི་གེ་དེ་དངོས་གནས་ གང་འདྲ་ཞིག་ཡིན་པའི་སྐད་ཡིག་དེ་ཚོའི་ཐོག་ཏུ་བྲིས་པའི་དཔེ་ཆ་གཅིག་ཀྱང་ད་བར་ མཐོང་མ་སོང་། ཡིན་ནའང་མ་འོངས་པར་ས་བརྐོ་རྡོ་སློག་བྱས་ནས་སྨར་ཆེན་སྨར་ཆུང་ཟེར་བའི་དཔེ་ ཆའི་རིགས་ཀྱང་རྙེད་འོང་བ་ཆ་མ་འཚལ་བས་ཐག་གཅོད་པ་ངལ་བའི་རྒྱུ།
༦ ༼ང་རོ༽ རང་རེའི་ཆོས་འབྱུང་རྣམས་སུ། གཏམ་རྒྱུད་དང་ལྷ་སྒྲུང་གི་ལམ་ནས་ལོ་རྒྱུས་བརྗོད་པའི་ཤས་འདུག ཉིད་ཀྱི་དད་པ་དང་དག་སྣང་གཉིས་ཁ་ཁར་ཕྱེ་དགོས་པའི་ཞིབ་འཇུག་ཐབས་ལམ་འདི་དང་ མིའི་རིགས་ཀྱི་གདོད་མའི་ལོ་རྒྱུས་ཚང་མ་ལྷ་སྒྲུང་དང་སྦྲགས་ཏེ་བྱུང་བར་འདོད་ པ་གཉིས་བར་འགལ་བའི་ཆ་འདུག་གམ།
མཁར་རྨེའུ། ཆོས་ལུགས་ལ་དད་པ་ཡོད་པའི་ཞིབ་འཇུག་པ་ཞིག་ཡིན་ན་ཁོང་རང་ལ་དད་པ་དང་དག་སྣང་ ཡོད་མདོག་ཁག་པོ་རེད། དེས་ཁོང་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་དད་པ་དང་དག་སྣང་ཡོད་ན་ཡང་ཁོང་ཞིབ་ འཇུག་པ་ཞིག་མ་ཡིན་པ་ཆགས་ཀྱིན་མི་འདུག ཁོང་གིས་ཆོས་བྱེད་དུས་ཆོས་ལུགས་འབྱུང་ཁུངས་ཀྱི་གཏམ་རྒྱུད་དང་ཁོང་ལ་ཆོས་ ལུགས་དེའི་འཕེལ་རྒྱས་ལ་དོགས་པ་དང་དྲི་བ་ཡོང་སྲིད་ཀྱི་རེད། དེ་ནས་ཆོས་ལུགས་ཀྱི་འབྱུང་ཁུངས་གང་འདྲ་ཡིན་པར་ཚན་རིག་དང་མཐུན་པའི་འགྲེལ་བ་ བྱེད་ནུས་ན་དེས་རང་ཉིད་ལ་ཕན་ཐོགས་པ་མ་ཟད་ད་དུང་ཆོས་ལུགས་གང་ཡིན་པ་དེ་ལ་ཡང་ དགེ་མཚན་ཆེན་པོ་ཤར། ཚན་རིག་དང་མཐུན་པའི་ཡང་དག་པའི་འགྲེལ་བ་ཞིག་མེད་པར་མི་གཅིག་གི་བསམ་བློ་གསར་ བ་ཞིག་གི་རྗེས་སུ་འབྲངས་པ་ཡིན་ན་ཉེན་ཁ་ཤིན་ཏུ་ཆེ་སྟེ། སྐབས་དེར་ང་ཚོར་གང་དུ་སླེབས་མིན་གསལ་ཆ་མེད་པའོ། དགེ་འདུན་ཆོས་འཕེལ་གྱིས་ཀྱང་འདི་ལྟར་གསུང་ཡོད་དེ། གླང་རྒན་གྱི་རྔ་མར་འཇུས་ཏེ་མིག་བཙུམ་ནས་རྗེས་དེད་ན་གླང་རྒན་གང་དུ་འགྲོ་བ་ གསལ་ཆ་མེད་པ་ལྟ་བུ་རེད། ༼ཧ་ཧ༽ངས་ཚན་རིག་དེ་གླང་རྒན་རེད་ཟེར་གྱིན་མེད། བྱས་ཙང་ཚན་རིག་ལ་བརྟེན་ནས་རང་གིས་མི་སོ་སོར་དྲིས་ནས་གྲོས་བསྡུར་བྱས་པ་ཡིན་ ན་ད་གཟོད་ང་ཚོས་ག་བར་སླེབས་པ་ཤེས་རྟོགས་བྱེད་ཐུབ།
༧ ༼ང་རོ༽ སངས་རྒྱས་ཆོས་ལུགས་འདི་ཉིད་རང་རེའི་ཤེས་རིག་གི་གྲུབ་ཆ་སྟུག་ཤོས་སུ་གྱུར་བ་ ལ། ཚན་རིག་གི་བྱེད་ཐབས་སྤྱོད་གང་ཐུབ་བྱེད་ཀྱིན་པའི་ཞིབ་འཇུག་གི་ལས་ཀ་འདིས་མ་ འོངས་པ་ན་ང་ཚོའི་ཤེས་རིག་གི་གཅིག་གྱུར་དང་ཆིག་སྒྲིལ་གྱི་དམིགས་པར་གནོད་འདྲ་ བྱེད་ཨེ་ཡོང་ངམ།
མཁར་རྨེའུ། དེས་ང་ཚོའི་ཆོས་ ལུགས་དང་ཤེས་རིག་གཅིག་གྱུར་ཐད་ནས་གནོད་རྒྱུ་མ་རེད་སྙམ། དེ་གང་ཡིན་ཟེར་ན། འདི་འདྲའི་གནས་ཚུལ་ང་ཚོ་གཅིག་པུ་མ་ཡིན་པར་ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ ལུགས་ལའང་ཡོད་དེ། དཔེར་ན། དེང་སྐབས་འཛམ་གླིང་གི་མི་ཕྱེད་ཀ་ཡེ་ཤུའི་ཆོས་ལུགས་པ་རེད། ཚན་རིག་པས་ཚན་རིག་གི་ཕྱག་ལས་གནང་དུས་ཆོས་ལུགས་དང་མ་མཐུན་པ་མང་པོ་མངོན་པར་ ཕྱུང་གི་ཡོད་པ་དང་། ཡེ་ཤུའི་ཆོས་ལུགས་པའི་ཆོ་ག་དང་ཚན་རིག་ལས་ཀའི་དབར་དུའང་རྩོད་པ་ཆེན་པོ་ཡོད་ མོད་ཀྱང་དེས་ཡེ་ཤུ་ཆོས་ལུགས་མེད་པ་ཆགས་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་མུ་མཐུད་ ནས་དར་བ་ལ་དཔེ་ལོངས། གཞན་ཡང་ཡེ་ཤུའི་ཆོས་ལུགས་པས་སྟོན་པ་ཡེ་ཤུ་ནི་ཕ་མེད་པའི་བུ་ཞིག་ཡིན་ཞེས་ལབ་ ཙ་ན་ཡང་ཚན་རིག་དང་རྩོད་པ་ཆེན་པོ་ཡོང་གི་ཡོད་ཀྱང་དེར་གསེད་དགྲོལ་བྱ་མ་བཏུབ་ པར་བག་ལ་ཞ། ཡེ་ཤུའི་ཆོས་ལུགས་ལའང་གང་གི་ཤེས་རིག་ཅིག་ཡོད་པ་སྟེ། དཔེར་ན། སྟོན་པ་ཡེ་ཤུ་སྐུ་གཤེགས་ནས་ཞག་གསུམ་གྱི་གཞུག་ནས་བསྐྱར་གསོན་བྱུང་བའི་གཏམ་ རྒྱུད་ཐད་ནས་ཀྱང་རྩོད་པ་ཇི་སྙེད་པ་མཆིས་ཀྱང་ཚན་རིག་གིས་ད་དུང་འགྲེལ་བཤད་ བྱེད་མ་ཐུབ་པར་བཏང་སྙོམས་སུ་གྱུར་བ་སོགས་ལ་གཞིག་ན་ཚན་རིག་གིས་ཆོས་ལུགས་རིག་ གནས་ཀྱི་མདུན་ལམ་ལ་གནོད་པ་མི་འགྲོ་བར་སྙམ།
༨ ༼ང་རོ༽ ཉིད་ཀྱི་བརྩམས་ཆོས༼ མདའ་དང་འཕང༽གི་བོད་འགྱུར་མ་བོད་ནང་དུ་བཀྲམས་རྗེས། ཞིབ་འཇུག་པའི་སྡེར་ཕྱོགས་སྟོན་དང་བློ་སྐྱེད་མང་དུ་གནང་སོང་། ཁྱེད་ཉིད་ལ༼མདའ་དང་འཕང༽དུ་མ་བཀོད་པའི་གསུང་རྩོམ་གང་དག་ཡོད་པ་ངོ་སྤྲོད་ཅིག་ གནང་རོགས། རྗེས་ཕྱོགས་ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་སྡེའི་ཁྲོད་ནས་བོད་འགྱུར་ བྱ་རྒྱུའི་དེབ་བམ་ཡང་ན་རིག་ཚན་གང་ཕྱོགས་ཀྱི་དཔྱད་འབྲས་བོད་འགྱུར་བྱས་ན་བཟང་ ངམ།
མཁར་རྨེའུ། ཐུགས་རྗེ་ཆེ། ༼མདའ་དང་འཕང༽གིས་ཁྱེད་ཚོར་ཕན་ཐོགས་ཅུང་ཟད་བྱུང་ན་ངའིབསམ་དོན་ཡང་འགྲུབ་པ་ ཡིན། འདིར་མ་བཀོད་པའི་དཔྱད་རྩོམ་བཅོ་ལྔ་ཙམ་ད་ལྟ་བདེ་ཁང་བསོད་ནམས་ཆོས་རྒྱལ་ལགས་ ནས་བསྒྱུར་བཞིན་པའི་སྒང་ཡིན་ལ། འདི་ཕལ་ཆེར༼མདའ་དང་འཕང༽གི་ཆ་ཤས་སུ་འགྱུར་གྱི་རེད། གཞན་ཡང་བདག་གིས་བྲིས་པའི་དེབ་ཁ་ཤས་ཡོད་པ་རེད། དཔེར་ན། རྫོགས་ཆེན་སྐོར་གྱི་དེབ་ཅིག་དང་། རྒྱལ་དབང་ལྔ་བའི་དག་སྣང་སྐོར་གྱི་གསེར་བྲིས་མའི་དེབ་ཅིག རྒྱལ་རོང་དུ་བོན་གྱི་བཀའ་བརྟེན་པར་དུ་བརྐོས་པའི་ལོ་རྒྱུས་སྐོར་གྱི་དེབ་ཅིག ད་ལྟ་རྒྱལ་དབང་ལྔ་བའི་རང་རྣམ་དཱུ་ཀཱུ་ལ་ཡི་གོས་བཟང་པོད་གསུམ་ཡོད་པ་པོད་དང་ པོ་ཡོངས་སུ་དབྱིན་སྐད་དུ་བསྒྱུར་ཚར་ཡང་དཔར་སྐྲུན་མ་བྱས་པར་ལུས་ཡོད། ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་སྡེ་རུ་བོད་འགྱུར་བྱ་རྒྱུའི་དེབ་དང་ རིག་ཚན་བོངས་ཆེན་པོར་འདུག དབྱིན་ཇིའི་སྐད་དང་ཧྥ་རན་སེའི་སྐད། འཇར་མན་གྱི་སྐད་སོགས་ཀྱིས་བརྩམས་པའི་བརྩམས་ཆོས་གཏོས་ཆེན་པོ་ཡོད་པ་རེད། དེ་དག་ནི་གཙོ་བོ་ལོ་རྒྱུས་རིག་པ་དང་། སྤྱི་ཚོགས་རིག་པ། མིའི་རིགས་རིག་པ། ཆོས་ལུགས་རིག་པ་བཅས་ཀྱི་བརྩམས་ཆོས་དག་རེད།
༩ ༼ང་རོ༽ ཤར་ནུབ་རིག་གནས་ཀྱི་བརྡབ་གསིག་དང་འདྲེས་བསྲེས་ཀྱི་རླབས་རྒྱུན་དྲག་པོ་འདིའི་ ངོས་ནས། ང་ཚོས་རང་རེའི་རིག་གཞུང་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གཏོང་བར་ ཁྱེད་ལ་བཞེད་དགོངས་གང་འདྲ་འདུག
མཁར་རྨེའུ། བོད་ཀྱི་རིག་གཞུང་ ཉམས་པ་སོར་ཆུད་བྱ་དགོས་ན་དེར་ཕྱག་ལས་མང་བོ་ཞིག་བགྱི་དགོས་ཀྱི་ཡོད། བོད་ནང་གི་གཞོན་རབས་པར་མཚོན་ན་ཉམས་པ་སོར་ཆུད་ཟེར་བ་ནི་བཀའ་བསྟན་དཔར་སྐྲུན་ བྱ་བ་ལྟ་བུ་ཞིག་མ་ཡིན་པར། དོན་ཕྲན་ཚེགས་ནས་མགོ་བཙུག་སྟེ་བསྒྲུབ་རྒྱུ་དེ་ཡིན། ཁྱེད་ཚོ་ད་ལྟ་སློབ་གྲྭར་ཕྱིན་ནས་རིག་གནས་སྦྱངས་ཏེ་དཔེ་ཆ་ཧ་གོ་བ་བྱུང་བ་དེ་ ཡང་ཉམས་པ་སོར་ཆུད་ཀྱི་ནང་དུ་འདུ་བ་མ་ཟད་གོང་སྤེལ་གྱི་ཕྱོགས་ནས་ཀྱང་ཁྱེད་ རྣམ་པས་ཕྱག་ལས་གནང་བ་རེད། དེང་སྐབས་འཛམ་གླིང་ཡུལ་གྲུ་ཇི་སྙེད་པར་བོད་པ་གནས་ཤིང་ཁོང་ཚོས་རང་གི་ཉེ་ འཁོར་དུ་ལྷ་ཁང་དང་མཆོད་རྟེན་བཞེངས་ཤིང་བོད་ཡིག་བཀོལ་སྤྱོད་བྱེད་པ། ད་དུང་གསན་དགོས་པ་ཞིག་ནི། ད་ལྟ་བོད་དང་ཕྱི་རྒྱལ་གྱི་དཔེ་མཛོད་ཁང་ཆེན་པོ་མང་བོ་ཞིག་ན་ལོ་བརྒྱ་ཕྲག་ལོན་ པའི་བོད་དཔེ་བྲིས་མ་རྙིང་པ་མང་པོ་ཡོད་པ་དེ་དག་གློག་ཀླད་ནང་དུ་བླུགས་ན་སུ་ གང་གིས་ཀྱང་རེག་ཐུབ་པར་མ་ཟད། རིག་གནས་གསར་བརྗེ་ལྟ་བུའི་གོད་ཆག་གང་བྱུང་ཡང་མེད་པར་ཆགས་མི་ཐུབ། སྔོན་མ་དེ་ལྟར་དཔེ་རྒྱུན་ཆད་པའི་ཉེན་ལ་ཐུག་པ་ཡང་། བོན་པོ་བཀའ་བརྟེན་ཚར་གཅིག་ལས་བརླགས་ཚར་བའི་དོན་རྐྱེན་བྱུང་བ་ལྟ་བུ་རེད།
༡༠ ༼ང་རོ༽ ད་ཐེངས་ངེད་སློབ་གྲྭ་ནས་འཆད་ཁྲིད་བྱས་རིང་། སློབ་གྲོགས་ཚོས་ཁྱེད་ལ་དྲི་བ་མང་པོ་བཏོན་སོང་། དྲི་བ་འདི་དག་ལས་ཁྱེད་ཀྱིས་གཞོན་རབས་པའི་སྡེ་འདིས་རང་རེའི་ཤེས་རིག་འདིར་ བཟུང་བའི་ལྟ་སྟངས་དང་བློ་སྦྱོང་། འདུ་ཤེས་འཛིན་སྟངས་ཕྱོགས་ནས་སློབ་སྟོན་གནང་རྒྱུ་གང་འདྲ་འདུག
མཁར་རྨེའུ། རེད། དྲི་བ་མང་བོ་བཏོན་སོང་། ངས་དེ་རིང་རྩིས་ཤིག་བརྒྱབ་པ་ཡིན། དྲི་བ་བརྒྱ་དང་བདུན་ཅུ་དོན་དྲུག་བཏོན་འདུག བདག་གི་བསམ་པར་པེ་ཅིན་གྱི་ཞིབ་འཇུག་པ་ཚང་མར་ང་ཚོ་བོད་ཀྱི་གཞུང་དང་བོད་ཀྱི་ ཤེས་ཡོན་གྱི་ཆུ་ཚད་ཤིན་ཏུ་མཐོ་ལ་ལེགས་པོ་ཡོད་པས་སེམས་པ་དགའ་ལེ་བར་གྱུར། ངས་བསམ་པར་ལོ་རྒྱུས་ཁྲོད་ཀྱི་ཆོས་ལུགས་གྲུབ་མཐའ་ཕྱོགས་རིས་ཀྱི་རྩོད་པའི་ཕན་ གནོད་ཀྱི་བསླབ་བྱར་བསམ་བློར་བཏང་ནས་གྲུབ་མཐའི་ལ་རྒྱས་མ་འཁྱེར། གྲུབ་མཐའི་ལ་རྒྱས་ང་ཚོའི་མི་རིགས་གཅིག་གྱུར་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱིན་ ཡོད། འདི་ལ་བདག་གིས་ཁ་སང་བཤད་པའི་དད་པ་དང་དག་སྣང་དེ་ཤིན་ཏུ་གལ་ཆེན་པོ་རེད་ཟེར་བ་ དེ་ཡིན། དེ་ལྟར་བྱས་ན་ཞིབ་འཇུག་ལ་དགེ་མཚན་ཤར་ཡོང་བ་མ་ཟད་མི་རིགས་གཅིག་གྱུར་ལ་ཡང་ཕན་ པའི་རྒྱུར་ཤ་སྟག་ཏུ་འགྱུར་བའོ།།
རེད་རེད། ཞིབ་འཇུག་གིས་ཁུངས་མ་འཁྱོལ་ནས་ད་དད་པ་དག་སྣང་གི་ཕྱོགས་ལ་ཡར་སླེབས་པ་རེད། མདོར་ན་ཁོས་བཤད་པའི་དག་སྣང་ཟེར་བ་དེ་ང་ཚོའི་ཕྱོགས་ལ་ཅིག་མ་ལབ་རོགས་ཟེར་བའི་གསོལ་འདེབས་ཙམ་རེད། དེ་ཚང་མའི་ཐུགས་ལ་འཇོག་རོགས།
ཞིབ་འཇུག་ཡང་དག་པ་ཞིག་བྱེད་བསམ་ན་དད་པ་དང་དག་སྣང་ཟེར་པ་དེ་ཡོང་ཐབས་མེད་པ་དང་།
དད་པ་དང་དག་སྣང་གི་སྒོ་ནས་ཞིབ་འཇུག་ཡང་དག་ཞིག་ཀྱང་ཡོང་ཐབས་མེད་པ་རེད། རྡོག་རྡོག་བཤད་ན་དེ་འདྲ་ཞིག་མིན་ནམ།
མཁར་རྨེའུ་ལགས་ནས་གསུང་ཡག་ལ་་ཐོན་མིས་བོད་ཡིག་གསར་བཟོའི་སྐོར་ལ་ཐག་བཅད་པའི་དགོངས་ཚུལ་དེ་ནི་ཁྱིམ་བྱ་དང་ཐང་དཀར་བསྡུར་བའི་དཔེའི་རྗེས་སུ་བུད་ཐལ། གཤོག་སྒྲོ་ཡོད་པ་འདྲ་ན་ཡང་ནམ་འཕང་གཅོད་པ་ག་ནས་འདྲ། ཞེས་ཟེར་ན་འགྲིག་གི་ཡ། ཧཧཧ
མཁར་རྨེས་ཐོན་མི་ལ་སྡོམ་ཚིག་རྒྱག་སྟངས་འདིར་བལྟས་ན་ཁོང་ལ་བེ་རོ་སོགས་བོད་ཀྱི་ལོ་ཙྭ་བ་དག་གི་རྣམ་ཐར་བཀླགས་པའི་ལོ་རྒྱུས་སྤྱིའི་ཤེས་བྱ་ལ་བག་ཆགས་མེད་པ་ལྟ་བུའི་སྣང་ཚུལ་ཐོན་འདུག
ཕྱོགས་རིས་ཀྱི་་གདོན་གྱི་མྱོས་ན་དྲང་བདེན་གྱི་སྐད་ཆ་ཞིག་ཐོན་ཐབས་མེད་ལ་ཉམས་ཞིབ་པ་དང་མཁས་དབང་ཞེས་ཇི་ལྟར་འབོད་ཀྱང་ལོ་རྒྱུས་ཀྱི་བདེན་གཏམ་ཁ་ཕྱོགས་གཞན་དུ་འགྱུར་ན་དེ་ནི་ཨ་ཞང་རྒྱ་མི་ཚང་གིས་བོད་རྒྱ་མིའི་འོག་ཏུ་ཡིན་ཞེས་པའི་ལོ་རྒྱུས་རྫུན་མ་བཟོས་པར་ཞབས་འདེབས་ཞུས་པར་སེམས།
མཆན་བུ་པ་འགའ་རེས་མཁར་རྨེའུ་ཡིས་ཅི་ཞིག་བཤད་ཀྱིན་ཡོད་པའང་ཤེས་མི་འདུག འགའ་རེས་ཆེད་དུ་རྙོག་གླེང་བྱེད་ཀྱིན་འདུག འགའ་རེས་རང་གི་ན་ཚ་གླིང་ཡོང་གི་འདུག དེ་ཚོ་ད་ཕན་ཐོག་མེད་པའི་གནོད་སྐྱེལ་རེད་ཡ། ཤ་ལ་རུས་པ་ཡོད་ན་རྒྱུ་མཚན་དང་དཔང་པོ་འབྲེལ་ཏེ་དགག་པ་རྒྱག་དགོས་པ་རེད། རྣམ་པ་ཚོས་བྱེད་སྟངས་འདི་ནི། གཏམ་དཔེར། རྒྱུགས་རན་དུས་ཤ་ཁྱིའི་ལག་པ་འདར། ཟེར་བ་དེའི་ངང་ཚུལ་ལས་མ་འདས་སོ། ཉན་ཤེས་ཤིང་བསམ་ཤེས་པ་ཞིག་ཡིན་ན་གླེང་མོལ་ག་ལེར་བྱས་ཆོག དེ་མིན་ཁོའི་བསམ་བློའི་རྒྱབ་ན་དེ་འདྲ་དང་འདི་འདྲ་ཡོད་པ་རེད་སོགས་སྙིང་དུ་གདོན་ཞུགས་པ་ལྟ་བུའི་དམིགས་ཡུལ་ཅན་གྱི་སྐད་ཆ་ལ་ཡ་བྱས་པས་ཅི་ཕན།
ཞིབ་འཇུག་པ་ཁོང་ནི་བོན་གྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཡང་བོན་པོ་མིན་ཞེས་བཤད་ན་ཐལ་བ་མེད།
བན་དེ་ཡང་དེ་བས་མིན། འོན་ཀྱང་ཁོང་ནི་མཐའ་བྲལ་དབུ་མའི་ལྟ་ནང་བཞིན་བན་བོན་རྟག་ཆད་གཉིས་ཀྱི་མཐའ་ལས་བརྒལ་བའི་དབུ་མར་གནས་པ་ཞིག་ཏུ་སེམས་ནའང་མ་འགྲིག་པ་མེད་སྙམ། ཁོང་གིས་བོན་གྱི་གཞུང་ལུགས་ནས་བཤད་པའི་ལས་འབྲས་ཀྱི་རྣམ་གཞག་ལས་སོགས་བན་དེ་ནས་བྱུང་རབས་ཤིག་བཤད་ཡོད། དེ་ལ་བོན་པོ་ཚོས་ངོས་ལེན་རྩ་བ་ཉིད་ནས་མི་བྱེད་འདུག གང་ལྟར་ངེད་ཅག་རྣམས་ནི་དང་ཆགས་གཉིས་ཀྱི་རྒྱ་ལས་མ་བརྒལ་དུས་མཆན་ཇི་ལྟར་བྲིས་ཀྱང་ཕྱོགས་ཞེན་གྱི་སྐད་ཆ་ཅིག་ལས་ཡོང་ཐབས་མེད། གཅིག་བྱས་ན་གཞིས་བོད་ཀྱི་ཞིབ་འཇུག་པ་འགའ་རེ་འཚར་ལོང་ཡག་པོ་བྱེད་བཞིན་འདུག གང་ལྟར་ཁོང་ལ་དགག་ཡིག་དང་དགག་པའི་མཆན་འབྲི་དགོས་ཚེ་ཁོང་གིས་བཤད་པའི་སྐད་ཆ་དང་དེ་བཞིན་ཁོང་གིས་བརྩམས་པའི་མདའ་དང་འཕང་གི་ནང་དོན་ལ་དཔྱད་ནས་ལུང་རིགས་ཀྱི་དགག་པ་འབྲི་ཐུབ་ན་ཨ་མའི་ཕོ་རྒོད་རེད། དེ་མིན་མནའ་བསྐྱལ་ངན་སྨྲས་བྱེད་པ་ཙམ་གྱིས་ཁྱི་ཟུག་བྱེད་སྟངས་ལས་མ་འདས།
༼སྔོན་མ་དེ་ལྟར་དཔེ་རྒྱུན་ཆད་པའི་ཉེན་ལ་ཐུག་པ་ཡང་། བོན་པོ་བཀའ་བརྟེན་ཚར་གཅིག་ལས་བརླགས་ཚར་བའི་དོན་རྐྱེན་བྱུང་བ་ལྟ་བུ་རེད།༽
གོང་གསལ་བཀའ་སློབ་འདིས་བོན་པོའི་བཀའ་བསྟན་བརླགས་ཚར་བ་ཡིན་པ་སྟོན་གྱི་ཡོད་དམ། བོན་པོའི་བཀའ་བསྟན་གྱི་ཤིང་དཔར་བརླགས་ཚར་བ་རེད་གསུང་བ་ཇི་ཡིན་གསལ་པོ་ཞིག་ཤེས་མ་སོང་། དྲྭ་གྲོགས་ལྷག་བསམ་ཅན་སུས་མཁྱེན་གྱི་ཡོད་ཀྱང་ལན་ཞིག་གནང་རོགས་ཞུ་རྒྱུ་དང་།
རང་རེའི་ཁྱིམ་མཚེས་འབྲུག་རྒྱལ་ཁབ་ཏུ་བཀའ་བསྟན་ཤིང་དཔར་ལ་བརྐོས་པ་ཡོད་མེད་མཁྱེན་མཁན་ཡོད་ན་འགྲེལ་བཤད་ཅིག་གནང་རྒྱུ་མཁྱེན།
བཀའ་རྟེན་ཤིང་པར་ལ་རྐོས་པ་དེ་བྲལག་པ་རེད། བཀའ་རྟེན་བརླག་ཡོད་པ་མ་རེད།
འབྲུག་ལ་དེང་གསར་གྱི་པར་དུ་བཏབས་ཡོད་སྲིད་ཀྱང་ཤིང་པར་ཡོད་མདོག་མ་རེད་སྙམ།
བཀའ་རྟེན་ཤིང་པར་ལ་རྐོས་པ་དེ་བརླག་པ་རེད། བཀའ་རྟེན་བརླག་ཡོད་པ་མ་རེད།
འབྲུག་ལ་དེང་གསར་གྱི་པར་དུ་བཏབས་ཡོད་སྲིད་ཀྱང་ཤིང་པར་ཡོད་མདོག་མ་རེད་སྙམ།
མཁར་མེའུ་བསམ་གཏན་ནས་བཤད་པའི་སྐད་ཆ་ཁ་ཤས་བདེན་པ་དང་ཁ་ཤས་དོན་དངོས་དང་མི་མཐུན་པའི་རྟོག་བཟོ་ཡོད་པ་སྨོས་མེད་རེད། སློབ་དཔོན་ཐོན་མི་ལ་སྡོམ་ཚིག་ཅིག་རྒྱག་སྟངས་བལྟས་ན་རྣམ་དཔྱོད་ཡོད་པའི་བཟོ་ལྟ་མི་འདུག ཁོས་༼ ཐོན་མི་སམྦྷོ་ཊ་ཡང་ང་ཚོ་ནང་བཞིན་མ་གཏོགས་མི་ཡ་མཚར་བ་ཞིག་ཡིན་རྒྱུའི་རློམ་ཐབས་བྲལ། ཁོང་ཡང་འགྲོ་བ་མི་ཞིག་ཡིན་ཕྱིན་དུས་ཡུན་ཐུང་ངུ་དེར་ཕྱག་ལས་དེ་འདྲ་བ་ཡོང་གི་མ་རེད་བསམ། དེ་ལྟར་དྲན་པའི་རྨང་གཞིའི་སྟེང་ནས་ང་ཚོས་ཐོན་མི་སམྦྷོ་ཊའི་ཡར་སྔོན་དུ་ཡི་གེ་ཞིག་ཡོད་པ་གཞིར་བཞག་ནས་ཁོང་གིས་དེ་ཡར་རྒྱས་སུ་བཏང་བར་ཆ་འཇོག་བྱས་ཆོག་གི་རེད་སྙམ། ༽ ཞེས་ཟེར་བ་ནི་ཧམ་བཤད་རང་རེད། སློབ་དཔོན་ཐོན་མི་ང་ཚོ་ནང་བཞིན་ཅང་མི་ཤེས་བར་བགྲང་བ་ནི་ཅུང་ཟད་མཐར་ལྷུང་མིན་ནམ། ཚན་རིག་གི་དཔྱོད་ཐབས་ཡིན་ན་ཐང་མོད། ལོ་རྒྱུས་ལ་འཁྱོག་བཤད་དང་རང་ལྟ་མཆོག་འཛིན་བྱས་པ་ནི་འགྲིག་གི་ཨེ་ཡོད། ཐོན་མིས། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།བོད་ཡིག་སུམ་བཅུར་གཏན་ལ་ཕབ། །ཞེས་པ་སོགས་རང་གིས་མགུར་དུ་བཞེས་པ་ཡོངས་གྲགས་རེད། འཛམ་གླིང་གང་ན་བོད་ཡིག་དང་ཆ་འདྲ་བའི་ཡིག་གཟུགས་དེ་སྔ་ནས་ཡོད་མི་ཆོག་པ་ཅི་ཡོད། གལ་སྲིད་ཐོན་མིའི་སྔོན་དུ་བོད་ཡིག་ཡོད་ན་དེ་གསར་གཏོད་མཁན་སུ་ཡིན། ཇི་ལྟར་གཏན་ལ་ཕབ་ཚུལ་དང་གང་ལས་དཔེ་བླངས་ཚུལ། རྒྱུ་མཚན་ཁུངས་ལུངས་གང་ཡང་མེད་པར་ས་འོག་གི་གཏེར་རྫས་རེ་གཉིས་ཤིག་བརྙེད་པ་མཐོང་བ་དང་བོད་ཡིག་དང་ཆ་འདྲ་བའི་ཡིག་གཟུགས་འགའ་རེ་མཐོང་བ་ལ་བརྟེན་ནས་དེ་བོད་ཡིག་རེད་ཅེས་ཁ་ཚོན་གཅོད་རྒྱུ་ནི་ཚན་རིག་གིས་དཔྱོད་ཐབས་ཤིག་ཨེ་ཡིན་བསམ། མ་གཞི་ནས་བོན་ཡིག་ནས་བོད་ཡིག་ལ་གྱུར་ཚུལ་ཤོད་མཁན་ཡོད་པ་རེད་ལ་དཔྱད་ཚུལ་དེ་རིགས་ཡིད་བརྟན་མེད་པ་མཁས་དབང་དགེ་ཆོས་ཀྱིས་གསུངས་ཚར་ཡོད་པ་རེད།། རྒྱུ་མཚན་མེད་པར་རང་གི་རྟོག་བཟོ་ཁོ་ནའི་རྗེས་སུ་འབྲངས་ན་གང་ཡང་མིན་པ་དང་ཅི་ཡང་མེད་པ་ཞིག་ཏུ་རེད་འགྲོ་བས། མཁར་མེའུ་ལགས་ལྟ་རྒྱ་ཐོས་རྒྱ་ཡོད་པའི་ཡོན་ཏན་པ་ཞིག་ཡིན་ན་ཐང་མོད། འཇིག་རྟེན་ཁ་དཔེར། ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་།།བོང་བུས་མ་བགྲོད་ལམ་འཕྲང་མང་།།ཟེར་བ་ལྟར་ཚན་རིག་ལ་ཁ་གཡར་ནས་རང་འདོད་འཐད་ལྡན་དུ་སྒྲུབ་པ་མིན་ནམ་སྙམ་པའི་དོགས་པ་འདུག་ལ། དཔྱོད་ལྡན་རྣམས་ཀྱིས་བློ་གཟུ་བོར་གནས་བས་དཔྱད་པར་བྱ་བའི་གནས་སོ།།
ཡ་ཡ་ད་བོད་ཡིག་དེ་ཐོན་མི་བཀའ་དྲིན་ཅན་གྱིས་བརྩམས་པ་རེད་ཟེར་ན། ཡིད་མ་ཆེས་ཤིང་ངོ་ཚ། ཁོང་འཇམ་དབྱངས་ཀྱི་སྤྲུལ་པ་ཟེར་རྒྱུའི་རིག་གཞུང་ཡང་ཉམས། དེའི་སྔོན་ལ་བོད་ལ་ཡི་གེ་ཅིག་ཡོད་པའི་ཁུངས་ཅིག་ཀྱང་མ་རྙེད་པའི་དུས་སུ་ཤར་བ་ཡིན་ནམ།
རྒན་མཁར་རྨེའུ་བསམ་གཏན་མཆོག་ནི་ལོ་རྒྱུས་ལ་སོགས་བོད་ཀྱི་རིག་གནས་ལ་སྦྱང་བརྩོན་ཕུལ་བྱུང་གི་བོད་ཀྱི་མཁས་པ་ཞིག་བཞུགས། ཁོང་གིས་གསུང་ཚད་མ་ཡིན་མི་དགོས། རིགས་པས་བརྟག་དཔྱད་བྱེད་ཆོག ཐོན་མིས་གུཔཏའི་ཡི་གེ་ལ་གཞིར་བྱས་ཏེ། བོད་ཡིག་བཟོ་བསྐྲུན་མཛད་ཅེས་པ་དེ། བོད་ཀྱི་ལོ་རྒྱུས་ལ་སྔར་སྔ་མེད་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་གྱི་གུཔཏའི་ཡི་གེ་དངོས་སུ་གཟིགས་ནས་བྱུང་བ་ཡིན་འདུག དེའི་སྔོན་དུ་ན་ག་རའི་ཡི་གེ་ཕྱིས་སུ་བྱུང་བ་དེ་ལ་དཔེ་བྱས་བོད་ཡིག་བཟོས་པ་བོད་ཀྱི་ཆོས་འབྱུང་དག་ཏུ་བཤད། མཁས་མཆོག་ཐོན་མིས་ཡིག་སྲོལ་གཏོད་པའི་སྔོན་ལ་བོད་དུ་ཡི་གེ་ཡོད་པ་དང་། དེ་ཉིད་བརླག་ཚུལ་དག་རང་རེས་གཞིགས་འཇུག་གི་ཡུལ་དུ་ལུས་པ་བསམ་གཏན་མཆོག་གིས་གསུངས་པ་ལྟར་མ་འོངས་པ་ན་ལོ་རྒྱུས་འཁྲུལ་མེད་ཅིག་རྙེད་པ་ལ་རང་རེ་སྒུག་དགོས་པ་འདུག །ཡང་བདག་གི་སེམས་ཀྱི་དོགས་པ་དེ་ཁྱེད་རྣམས་ལ་་དྲི་བ་ནི། ད་ལྟ་རང་རེས་བོན་དང་བན་དེའི་གྲྭ་པ་གང་ཡིན་མཐོང་བ་ན། སུ་བོན་ཡིན་སུ་བན་དེ་ཡིན་དབྱེ་བ་འབྱེད་མི་ཐུབ་། དེས་ན་བོན་གྱི་གྲྭ་པ་ཇི་བཞིན་པ་དེ་བཞིན་རྒྱལ་པོ་གླང་དར་མས། བན་དེ་གྲྭ་པ་དག་མེད་པར་བཟོས་ཏེ། ལོ་ངོ་བདུན་ཅུ་ཙམ་གྱི་རིང་དུ་བོད་དུ་གྲྭ་པ་མིག་གིས་མཐོང་བ་མེད་པར་ཆགས་དུས་བོན་གྱི་གྲྭ་པ་བོད་ཡུལ་དུ་ཡོད་དམ་མེད། ཡོད་ན་བོད་དབུས་སུ་རྨོ་རྒན་མོ་ཞིག་ཡོད་པ་དེས་འདི་ལྟར་བཤད་པ་ཅི་ཡིན་ནམ། དེ་ནི་རྒྱལ་པོ་གླང་དར་སྐབས་བན་དེའི་བསྟན་པ་སྣུབས་རྗེས་བོད་དབུས་ན་་གྲྭ་པ་མེད་པ་་སླར་གྲྭ་པ་སླེབས་པ་ན། རྒན་མོ་ལོ་བདུན་ཅུ་དོན་ལྔ་ཡིན་པ་ཞིག་གིས་ངས་གྲྭ་པ་ཡང་མཐོང་། སྔར་ལོ་ལྔ་པ་ཡིན་པའི་སྐབས་སུ་མཐོང་མྱོང་ཞེས་བཤད་པ་ལྟར་ན། རྨོ་རྒན་མོ་དེས་བོན་གྱི་གྲྭ་པ་ཡང་དེ་སྐབས་མ་མཐོང་བ་ཡིན་ནམ། ཡང་ན་རྒྱལ་རབས་སྨྲ་བ་འགའ་ཞིག་གིས་བཤད་པ་ལྟར་དེ་དུས་བོན་གྱི་གྲྭ་པ་གཏན་ནས་མེད་པ་ཡིན་ནམ། ཁྱེད་རྣམས་ལ་ལོ་རྒྱུས་རྨ་མེད་པ་ཞིག་མཆིས་ཚེ་འབྲི་བར་མཛོད་ཅིག །
ཐོན་མིས་བོད་ཡིག་བཟོས་རབས་ཤོད་པ་ནི་བོད་ཀྱི་ཆོས་རྒྱུད་བཞི་རྣམས་ཀྱི་རྗེས་འཇུག་པས་བཤད་པ་རེད། དེ་བདེན་དགོས་རེད་ཅེས་བཀའ་ཡིས་ཆད་པ་བཅད་ན་མག་ཏོགས་དེ་ལ་མི་བརྩི་མཁན་མང་གི་ཡ། འཇམ་དབྱངས་སྤྲུལ་པ་རེད་ཅེས་པ་ཡང་དེ་དང་མཚུངས། ལོ་ཤས་གོང་དུ་༸གོང་ས༸་མཆོག་གིས་སྟོད་མངའ་རིས་ནས་རྡོ་རྐོས་ཀྱི་ཡི་གེ་ཞིག་རྙེད་པ་དེ་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡིན་པར་ཚན་རིག་མཁས་ཅན་ཚོས་དཔྱད་པ་སྟོན་ཤག་དེ་ཡིན་ན་བོད་ཡིག་ནི་འཛམ་གླིང་འདི་ཡི་སྟེང་གི་ཡི་གེ་ཆེས་སྔ་ཤོས་ཤིག་ཡིན་པར་བཀའ་ཆོས་གནང་ས་ཞིག་ཏུ་གསུངས་སོང། དེ་ལ་དགོངས་ཚུལ་འདྲ་ཡོད་དམ། མ་ནི་བཀའ་འབུམ་གྱི་ནང་ནས་བོད་མི་སྤྲེལ་རྒྱུད་ཡིན་རབས་དང་བོད་མཚོ་ཡིས་གང་རབས་ཤིག་བཤད་ཡོད། དེ་ལ་༸གོང་ས་༸་མཆོག་གིས་སྒྲུང་སྙན་པོ་ཞིག་གསུངས་སོང། དེ་དུས་བཞད་མོ་ཡང་བཞད་སོང། སྐྱབས་སུ་མཆི་སངས་རྒྱས་ནི་བདེན་པ་འབའ་ཞིག་ཏུ་སྨྲ། ད་ཆ་སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་རྗེས་སུའང་བོད་མཚོ་ཡིས་གང་རབས་དང་ཐོན་མི་ཡིས་བོད་ཡིག་བཟོས་རབས་སོགས་ཀྱི་སློབ་གྲྭའི་ནང་སོགས་སུ་སྒྲུང་གཏམ་དང་གཏམ་རྒྱུད་འཁྲབ་པ་ལས་སོགས་འཇའ་ལྟར་ཡལ་ཤག
དགེ་འདུན་ཆོས་འཕེལ་གྱིས་བཤད་ཚད་ཚད་མ་ཡིན་ནམ།
དེ་ཡིན་ན་ཚད་མ་མཐར་ཐུག་པ་ཞིག་མེད་པར་འདོད་དགོས། ཁོང་གིས་གསུངས་ཡོད། དེ་ཡིན་ན་སྟོན་པ་ཤཱཀ་ཐུབ་རྒྱུད་ལའང་ཚད་མ་མེད་དགོས་པར་ཁས་ལེན་ནུས་སམ། དེ་དུས་གྲྭ་བ་ལོས་ཡོད། བོད་དབུས་ཁུལ་དུ་དགེ་འདུན་པ་ཚོར་དུས་ལོག་ཅིག་བྱུང་བ་ལས་མཐའ་མཚམས་ཁུལ་དུ་དེ་ལྟར་བྱུང་མེད་པ་ལོ་རྒྱུས་ཀྱིས་ཤེས་ནུས། ང་དགུའི་རྗེས་ནས་གྱད་བདུན་ཅུའི་ནང་ཙམ་ལའང་གྲྭ་ཆས་གོན་སྡད་མཁན་མཐོང་རྒྱུ་མི་འདུག་ཟེར། དེ་ཡི་སྔོན་ལ་བོད་ལ་གྲྭ་བ་མེད་པར་འདོད་རིགས་སམ།
ཐོན་མིས་བོད་ཡིག་བཟོས་རབས་གླེང་ན།
སྟོད་ཀྱི་ཅ་ཆ་ཇ་གསུམ་དྲན་བྱུང་།
སྨད་ཀྱི་ཞ་ཟ་འ་གསུམ་དྲན་བྱུང་།
བོད་རྒན་གླེན་པའི་སྒྲུང་དེ་དྲན་བྱུང་།
གཉའ་ཁྲིའི་སྐབས་སུ་བོན་ཤེས་ཅན་མི་བཅུ་ལས་བོན་པོའི་གྲྭ་པ་ཡོད་པ་སྐད་མི་འདུག ཡང་བཙན་པོ་གྲི་གུམ་གྱི་སྐབས་སུ་བོན་ཆོས་ཀྱི་གཤེན་པོའམ་ཆོས་དཔོན་སྤྲད་པའི་ལོ་རྒྱུས་ལས་བོན་པོའི་གྲྭ་པར་གནོད་ཚུལ་ཅང་མིའདུག
དེ་བཞིན་རྒྱལ་པོ་གནམ་རི་སྲོང་བཙན་དང་སྲོང་བཙན་དུས་སུ་བོན་པོའི་གྲྭ་པར་མ་འོས་བྱ་ཚུལ་མེད་སྟངས་ལ་བལྟས་ན། བོན་ཆོས་དངོས་གཙང་ནང་ལ་དགེ་སློང་དང་དགེ་ཚུལ་ཞིག་ཡོད་པ་ངས་མི་འདོད་ལགས། ཡོད་ན་ཡོད་པའི་ཁུངས་ཞིག་བྲིས་རོགས་གནོངས།
སྟོན་པ་གཤེན་རབ་མཆོག་ཁྱིམས་སྤང་རབ་ཏུ་བྱུང་ནས་འདུལ་བའི་གདམས་པ་མང་དུ་ད་ལྟའི་བར་དུ་བཞུགས་ཡོད།
དེ་ནས་རིམ་བཞིན་ཕམ་ཤི་དང་ཡ་གོང་ལས་སོགས་ཀྱི་འདུལ་དགོན་མང་དུ་བཞུགས་ཡོད། དེ་བཞིན་བོན་ཆོས་གཉིས་ཀྱི་འདུལ་བའི་རྒྱུད་རིམ་གྱི་རྩ་བ་མུ་ཟི་གསལ་བཟང་ནས་བྱུང་བའི་བླ་ཆེན་དགོངས་པ་རབ་གསལ་གྱི་བར་དུ་རྒྱུན་མ་ཆད་པར་བཞུགས་ཡོད། བླ་ཆེན་དགོངས་པ་རབ་གསལ་བོན་རྒྱུད་ལས་བོན་པོ་མིན་ཚུལ་གཏམ་ཡ་ཆ་བ་དེ་འདྲ་བན་དེ་བའི་ལོ་རྒྱུས་ནས་བཤད་ཡོད། དོན་དུ་ཨ་ཁུ་གྲགས་པ་རྒྱལ་མཚན་མ་མཉེས་བཞིན་དུ་ས་སྐྱ་པཎ་ཆེན་གྱིས་ཁ་ཆེ་པཎ་ཆེན་ནས་སྡོམ་པ་བླངས་དགོས་པའི་རྒྱུ་མཚན་བོད་གངས་ཅན་གྱི་མཁས་མཆོག་ཁོང་ལྟ་བུས་དེ་ལྟར་གཞན་ཡུལ་གྱི་འདུལ་སྡོམ་ལ་གཅེས་སུ་བཟུང་ནས་སྔར་རང་གི་ཨ་ཁུ་གྲགས་པ་རྒྱལ་མཚན་གྱི་བོད་ཀྱི་འདུལ་སྡོམ་དེ་ལ་ཡིད་མ་ཆེས་ནས་སྐྱར་དུ་ཁ་ཆེ་པཎ་ཆེན་ནས་ཞུ་དགོས་པ་དེ་ལ་དགོངས་པ་གཏིང་ཟབ་ཞིག་བཞེས་དགོས་པ་ཆགས་འདུག
མཁས་དབང་མཁར་རྨེའུ་གསུང་ལ་དགོས་པ་འདུག་ཐོན་མིས་བོད་ཡིག་བཟོས་མིན་ལ་བརྟག་ཚེ་ཐོན་མི་མ་བྱུང་གོང་དུ་བོད་ཡིག་ཡོད་མེད་ལ་བརྟག་སྒུག་བྱེད་པ་ལས། ལྷ་བ་ལྷ་ཞུགས་པ་ལྟར་འཕྲལ་མར་བདེན་བརྡར་བྱེད་པ་ཤིན་ཏུ་དཀའ་མོད། ཐོན་མིའི་སྔར་བོད་ཡིག་ཡོད་པའི་མཚན་མ་ནི་ས་འོག་ཏུ་ལོ་མང་ཕྱིན་པའི་བོད་ཡིག་ལ་བརྟག་ན་མ་གཏོགས།
མ་དྲན་པའི་བོད་ཀྱི་ཡིག་འབྲུ་དག་གི་འབྱུང་ཁུངས་སོགས་ཀྱི་ལོ་རྒྱུས་དང། སངས་པོ་འབུམ་ཁྲི་སྟོན་པ་གཤེན་རབ་ཀྱིས་སེམས་ཅན་དཀྲིད་ཕྱིར་ཁྲི་དང་བ་འབུམ་དུ་བྲིས་ཅེས་སོགས་ཀྱི་བཤད་ཚུལ་དང། དེ་མིན་ཐོན་མི་འཇམ་དབྱངས་ཀྱི་སྤྲུལ་པས་མཛད་འཕྲིན་ལ་ཕལ་བས་འགྲན་པའི་ཟླ་དང་བྲལ་ཞིང། ཡིག་གཟུགས་ཀྱི་འབྱུང་ཁུངས་ཁོང་ལ་ཐུག་པ་སོགས་ཀྱི་ལོ་རྒྱུ་མང་བས་བདེན་པའི་འཁྲུན་ཐག་མགྱོགས་པོར་བཅད་མི་ནུས་པ་ལྟ་བུ་རེད།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།
གླུད་ནུབ་སྒོར་སྐྱེལ་བ་དོན་རེ་ཆུང་།
ད་དུང་རྒྱལ་པོ་འགའ་རེས་བན་དེའི་གྲྭ་བ་མེད་པར་བཟོ་ཚུལ་དང་འགའ་རེས་བོན་གྲྭ་མེད་པར་བཟོ་ཚུལ་སོགས་
དཔྱད་དགོས་ན་དེ་བས་སྙོག་གཟེངས་ཆེ་བ་དང། ཉོན་མོངས་སླངས་བྱེད་དམ་ངལ་བ་ཤིན་ཏུ་ཆེའོ།
དེ་ག་རང་རེད། ལ་དྭགས་དང་ཁུ་ནུ་ལས་སོགས་ལ་སྟོད་པ་འདི་དག་སྔར་ཞང་ཞུང་གི་སྡེ་རུ་གཏོགས་ཤིང་ཆོས་རིགས་ཀྱང་ཞང་ཞུང་གི་ཡིན། སྐད་ཡིག་ཀྱང་ཞང་ཞུང་གི་ཡིན། ད་ཡིན་ན་རང་གི་ཕ་ཆོས་རྒྱབ་ཏུ་དོར་ནས་གཞན་གྱི་རྗེས་སུ་བཅོལ་ཆུང་གཡམ་རྒྱུགས་བྱས་ཏེ་རང་ཉིད་ཀྱི་རིགས་གཞུང་ལ་རང་ཉིད་ཀྱིས་རྒྱབ་གཏད་བྱས།
དེ་ལ་འདྲེ་ཤར་སྒོར་བཞག་ནས།
གླུད་ནུབ་སྒོར་བཏང་ཟེར་བ་རེད།
དཔེ་དེ་མཚུངས་པོ་ཞེ་བོ་གཅིག་དྲན་གསོ་བྱུང་བཞག་ཐུགས་རྗེ་ཆེ། ད་ཡིན་ན་ལ་སྟོད་པ་དེ་ཚོ་ལོང་ཤོག
ལོང་ཤོག་ལོང་ཤོག་ང་ཚོ་ལ་སྟོད་པ།
ལོང་ཤོག་ལོང་ཤོག་ང་ཚོ་ཞང་ཞུང་པ།
ལོང་ཤོག་ལོང་ཤོག་ང་ཚོ་ཧི་མི་པ།
ལོང་ཤོག་ལོང་ཤོག་ང་ཚོ་བོད་རིགས་པ།
རང་གི་རིགས་གཞུང་རང་གིས་སྐྱོང་ལ་ལོང་ཤོག་གོ།
ལ་སྟོད་བུ་ལེགས།
ཁྱེད་ཀྱིས་ངའི་དྲི་བ་ལ་ལན་གསལ་པོ་མ་རྒྱབ་པ་དེ་ལ།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།
གླུད་ནུབ་སྒོར་སྐྱེལ་བ་དོན་རེ་ཆུང་།
ངའི་དྲི་བ་ནི་དབུས་ཀྱི་རྒན་མོ་དེས་བོན་གྱི་གྲྭ་པ་མཐོང་ཡོད་དམ་མེད་ཅེས་དྲིས། དེ་ལ་ཐད་ཀར་ཁྱེད་ཀྱིས་ལན་མེད་པ་ལ་གོང་གསལ་རྐང་པ་དེ་བྲིས་པ་མ་གཏོགས། བོན་ཆོས་སྐོར་ལ་འདི་དང་འདི་ཞེས་གང་ཡང་བཤད་མི་ཤེས་པ་ཡིན། གང་ཡིན་ཟེར་ན། རང་རེ་སུས་ཀྱང་སྔོན་གྱི་ལོ་རྒྱུས་རྨ་མེད་པ་ཤེས་དཀའ་བ་ཡིན། ཞང་ཞང་དུ་ཡུལ་དེ་རང་གི་སྐད་སོགས་ཚིག་མང་ཆེ་བ་མེད་པར་སོང་བའི་རྒྱུ་མཚན་གང་ལས་ཞེ་ན། བོད་དབུས་ཀྱི་བཙན་འཛུལ་པའི་དམག་མིའམ་གཞིས་ཆགས་པ་ཕོན་ཆེན་པོ་སླེབས་པའི་དབང་གིས་ཞང་ཞུང་གི་སྐད་སོགས་བོད་སྐད་ཀྱིས་ཟིལ་གྱིས་གནོན་ཏེ། སྐད་ལ་སོགས་པ་བོད་དབུས་ཀྱི་ལུགས་སུ་གྱུར། ཇི་ལྟར་ཤེས་ཤེ་ན། བཀའ་འགྱུར་གྱི་ཚིག་བོད་ཡུལ་དབུས་ན་ད་ལྟ་མེད་པ་རྒྱལ་བ་ཞེས་པ་དང་། ཐེ་རེལ་ཞེས་པ་ལ་སོགས་པ་སྔར་བཀའ་འགྱུར་སྒྱུར་བའི་སྐབས་སུ་ཚིག་དེ་དག་བོད་ཡུལ་དབུས་སུ་བཀོལ་པས་དེ་དག་བཀོལ་པ་དེ་དག་དིང་སང་ལ་དྭགས་སུ་བཀོལ་པ་བཞིན་དུ། ཨུ་པ་གུཔཏས་སྨད་ཚོང་མའི་བྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན་ཏེ་མི་དགའ་བ་མེད་པར་བྱས། ཞེས་དང་། ཝ་ཞིག་སེང་གེ་ཚང་ལ་ཞུགས་པ་སེང་ཕྲུག་གཉིས་ཀྱི་ནང་ན་གཅིག་གིས་རྣ་མཆོག་རལ། གཅིག་གིས་རྔ་མ་བཅད་པ་ན། སེང་གེ་མ་དེས་ཝ་དེ་ཐེ་རེལ་ཟ་མཁན་ཡིན་འདུག དེ་བསད་ན་གང་འོང་། ཞེས་པའི་ཚིག་དེ་དག་བོད་ཡུལ་བསམ་ཡས་སུ་བསྒྱུར་པའི་བཀའ་འགྱུར་ན་འདུག ད་ལྟ་ཚིག་དེ་དག་བོད་དབུས་ཀྱི་མི་དག་གིས་མི་ཤེས་པའི་ཚིག་དེ་དག་ལ་དྭགས་པས་རྒྱུན་དུ་བཀོལ། དེ་བཞིན་བཀའ་འགྱུར་ན་ཡོད་པའི་འདོང་ཞེས་པ་འགྲོ་བའི་དོན་ཡིན་པ་དེ་སོགས་སྦལ་ཏི་ཡུལ་དུ་འགྲོ་བའི་དོན་ལ་རྒྱུན་དུ་བཀོལ། གང་ལྟར་སྔར་ཡོད་མི་དག་ལས་མང་བ་ཧ་ཅང་འབོར་་ཆེན་པོ་་བོད་ཡུལ་དབུས་ནས་འོངས་ནས་ཞུང་ཞུང་སོགས་སུ་གཞིས་ཆགས་ཏེ། དེ་དག་གི་སྐད་མེད་པར་ཕྱིན། དེ་ཡང་སྔར་ཡོད་སྐྱེ་བོ་ལས་མི་མང་ཕོན་ཆེན་པོ་ཞིག་མེད་ན། དེ་དག་གི་སྐད་མེད་པ་ཆགས་མི་ཐུབ། དཔེར་ན། རྒྱ་གར་དུ་འཕགས་པའི་རིགས་སླེབས་པ་དེ་ཕོན་ཆེ་བ་ཡིན་པས། དེ་དག་གི་སྐད་རིགས་མ་བརླག་པར་ལུས། དེ་མིན་དམག་སྟོབས་ཆེ་བའི་བཙན་འཛུལ་པ་མི་འབོར་ཉུང་བ་དག་མཐར་རང་རང་གི་སྐད་དང་ལུགས་སྲོལ་སོགས་རྒྱ་གར་གྱི་ལུགས་སྲོལ་ལ་ཐིམསཔ་ལོ་རྒྱུས་སྨྲ་བ་དག་གིས་བཤད། དེས་ན་ལ་དྭགས་དང་གུ་གེ་སོགས་སུ་བོད་ནས་མཆེད་པ་དང་། ས་གནས་སོ་སོའི་སྔར་གྱི་མི་རིགས་ལས་མཆེད་པ་དག་གཅིག་ཏུ་འདྲེས་ད་ལྟ་སུ་སུ་ནས་མཆེད་པ་ཡིན་རྟོགས་དཀའ་བ་གནས་ལུགས་འདི་ལ་སྟོད་པ་དག་གིས་རྗེས་འཚོལ་ལེགས་པ་ཞིག་མཛད་ན་མཁྱེན་ངེས། དེས་ན།
ད་ཡིན་ན་རང་གི་ཕ་ཆོས་རྒྱབ་ཏུ་དོར་ནས་གཞན་གྱི་རྗེས་སུ་བཅོལ་ཆུང་གཡམ་རྒྱུགས་བྱས་ཏེ་རང་ཉིད་ཀྱི་རིགས་གཞུང་ལ་རང་ཉིད་ཀྱིས་རྒྱབ་གཏད་བྱས། ཞེས་པ་རིགས་པ་འདུག་གམ་མི་འདུག་བལྟ་བར་བྱའོ།།
ལ་སྟོད་བུ་ལེགས་ནས་ད་བར་དུ་ལན་གསལ་པོ་ཞིག་མ་བྱུང་།
གླང་དར་མའི་སྐབས་སུ་བན་དེའི་བསྟན་པ་སྣུབ་རྗེས་ཡུལ་དབུས་སུ་བན་དེའི་གྲྭ་པ་མཐོང་བ་མེད་ཀྱང་། བོན་གྱི་གྲྭ་པ་མཐོང་ཡུལ་དུ་ཡོད་དམ་མེད། ཅེས་པ་ངའི་དྲི་བ་དེ་ཉིད་འདྲེའི་གཟུགས་སུ་བཀོད་ནས་ཤར་སྒོར་ཁྱེད་ཀྱི་ཡུལ་དབུས་ན་བོན་གྱི་གྲྭ་པ་མཐོང་ཡུལ་དུ་ཡོད་དམ་མེད་པའི་ལན་གསལ་དེ་གླུད་ཀྱི་གཟུགས་སུ་བཀོད་པ་ཤར་སྒོར་གནས་པའི་དྲི་བའི་འདྲེ་ལ་སྐྱེལ་དགོས་ཀྱང་། ལན་ཁྱོག་པོར་བཀོད་པ་ལ་གོང་གསལ་ཚིག་རྐང་གཉིས་པོ་དེ་བྲིས་པ་ལགས། དངོས་གནས། གླང་དར་སྐབས་བན་དེའི་གྲྭ་པ་མེད་པར་སོང་བ་བཞིན་དུ། གཡུང་དྲུང་བོན་གྱི་གྲྭ་པ་ཡུལ་དབུས་སུ་ཡོད་མེད་ལ་ཤེས་འདོད་ཆེན་པོ་ཡོད། འདི་སྐོར་གྱི་ལན་ལ་ད་དུང་ཡང་བདག་སྒུག་བསྡད་ཡོད་དོ།།
ལ་དྭགས་བློ་འཇམ་ལགས།
ཁྱེད་ནས་ལན་གནང་བར་ཐུགས་རྗེ་ཆེ།་ གླང་དར་སྐབས་སྤྱིར་བོད་ཀྱི་བཙུན་པ་ཡོངས་ལ་དུས་ལོག་ཆེན་པོ་ཞིག་བྱུང་བར་བོན་གྱི་གྲྭ་བར་དམིགས་བསལ་གྱིས་གུ་ཡང་མེད་ཅིང་རྒྱུགས་པ་ལེབ་བརྡུང་བྱས་ཡོད། འོན་ཀྱང་བོན་གྱི་གྲྭ་བ་མེད་པ་མིན་ཅིང་མདོ་སྨད་དང་མངའ་རིས་་སོགས་སུ་ཡོད་པར་ལུང་དུ་མས་གྲུབ་ཡོད།
དེས་ན་བོན་གྱི་ལོ་རྒྱུས་སོགས་སུ་གླང་དར་ལ་བསྟོད་པ་བཏངས་བ་གང་ཡང་མེད་ཅིང་སྨད་པ་བྱས་པའང་དེ་ཙམ་མ་མཐོང། མཁར་རྨེའུ་ཡིས་ལྷ་སྲས་དར་མ་ཞེས་བརྗོད་པའང་བོན་གྱི་ལྟ་བ་མིན་ཅིང་དེ་ནི་དགེ་འདུན་ཆོས་འཔེལ་གྱིས་མཛད་པའི་དེབ་ཐེར་དཀར་པོ་སོགས་ནས་བཤད་པ་ཞིག་གིས་རྒྱུ་མཚན་གྱིས་མཁར་རྨེའུ་ཡིས་ཀྱང་དེ་ལྟར་བཤད་པ་ཡིན་མདོག་རེད་བསམ།