བསམ་ཕྱོགས་དེའི་ཤེད་ཀྱིས་ང་རང་གནས་ཤིག་ལ་བཙན་གྱིས་བརྫངས།
རི་བོའི་ཕར་རྒྱབ་ཀྱི་ཟླ་འོད་དེ་སྔར་བཞིན་དབྱར་ཟླ་དང་མཚུངས་ནའང༌།
མཚོ་མོ་དེ་ངའི་རྐང་འོག་ན་འཁྱག་ལ་འབྱར།
ལམ་ལ་ཆས་པའི་སྤྲིན་པ་དེ་ཚོས།
མཁའ་མཐའ་ནས་ང་ལ་ལག་བརྡ་གཏོང་བ་བཞིན་བཞུད་འགྲོ་དུས།
ང་ལ་ཞེ་སྨྲེང་ཞིག་དང་ལྷན་དུ་མཚོ་མོ་འདིའི་དར་ཁ་ཧ་ཅང་གྲང་།
སྐབས་དེ་དུས།
གར་ཡོང་མི་ཤེས་པའི་གསེར་མདོག་གི་ལོ་མ་རྒུམ་པའི་རླུང་བུ་དེ་དང༌།
གསལ་ལ་མི་གསལ་བའི་རི་བོ་དེ་གཟས་ནས་འཕུར་འགྲོ་བའི་བྱེའུ་ཆུང་དེ་གཉིས།
བྱིས་པ་པྲ་ཚགས་ཤིག་དང་འདྲ་བར་ང་ལ་འཕྱ་སྨོད་བྱེད་བཞིན།
འཁྱག་ལ་འབྱར་བའི་མཚོ་མོ་འདིའི་དར་ཁ་ན།
ང་གཅིག་པུ་ལྷག་ཡོད་པར་གཟས་ནས་ཁྲེལ་དགོད་བྱེད་པ་དང་འདྲ།