སྐྱོ་བྲག་དགའ་དབང་།
མི་རིགས་སོ་སོའི་སྐད་ཡིག་ནི། སོ་སོའི་ཁྱད་ཆོས་ཚང་བའི་མི་རིགས་དང་། ཆོས་ལུགས། རིག་གཞུང་། རྒྱུན་སྲོལ་སོགས་ཐུན་མོང་མིན་པ་རྣམས་ཡུན་གནས་ཡོང་བ་ལ་མེད་དུ་མི་རུང་བ་ཡིན་ པ་བཞིན། ང་ཚོ་བོད་གངས་ཅན་པ་ལ་མཚོན་ནའང་། བོད་ཀྱི་སྐད་ཡིག་འདི་ནི། བོད་ཀྱི་མི་རིགས་དང་། བོད་ཀྱི་ཆོས་རིག་གཞུང་འཆི་གསོན་གྱི་འགག་རྩ་ཡིན་སྟབས། བོད་ཀྱི་སྐད་ཡིག་གི་ཆེད། གཞིས་བཞུགས་བོད་མི་མཐོ་དམན་བར་གསུམ་གྱིས་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་ བཅས་པ་ཐེད་ལ་བོར་ནས་རྒྱུན་སྐྱོང་གནང་གིན་ཡོད་ལ། བྱེས་སུ་ཡོད་པའི་བོད་མི་དག་གིས་ཀྱང་ཁོར་ཡུག་དང་ཆ་རྐྱེན་ཡོད་མེད་ལ་མ་ལྟོས་ པར་ཅི་ནུས་སུ་འབད་འབོངས་བྱེད་ཀྱིན་ཡོད།
གོ་ཤྲི་རྒྱལ་ཚབ་རིན་པོ་ཆེའི་གདན་ས་དཔལ་ཆེན་ཆོས་གླིང་ལ་མཚོན་ན། བྱེས་སུ་ཡོད་པའི་བོད་པའི་དགོན་པ་དག་གི་ནང་ནས་ཤེས་ཡོན་དང་སྟོབས་འབྱོར་ཆེ་བ་ ཞིག་མིན་ནའང་། སྐད་ཡིག་ཡར་རྒྱས་ལ་དམིགས་པའི་ལྷག་བསམ་དང་སེམས་ཤུགས་ཀྱི་ནུས་པས། ཞ་སྨྱུག །ཅེས་པའི་ཟླ་རེའི་ཚགས་ཤོག་ཅིག་བཏོན་པ་ནི། ཕལ་ཆེར་ང་ཚོ་བོད་པའི་དགོན་པ་ཞིག་གི་གསར་ཤོག་ཐོག་མ་དེ་ཡིན་སྲིད། ཞ་སྨྱུག །ཅེས་པའི་མིང་གི་འགྲེལ་བཤད་ཐད། རྩོམ་སྒྲིག་པས། ཞ་སྨྱུག་ནི་ན་ཆུང་སློབ་མ་ལས་དང་པོ་བ་ཞིག །ཐོག་མའི་འབྲི་ཀློག་ལ་འཇུག་སྐབས་ཆེས་མེད་དུ་མི་རུང་བའི་ལག་ཆ་གཅིག་པོ་དེ་ཡིན་པས། མཚོན་ཐབས་འདིས་ན་ཆུང་སློབ་མ་ལས་དང་པོ་བ་ཞིག་གི་འབྲི་རྩལ་ལ། འགྲེལ་བཤད་གསོན་པོ་ཞིག་དང་། གནས་སྟངས་དམར་རྗེན་ཞིག་བསྟན་ཡོད་པས། དེ་ལྟར་མིང་དུ་བཏགས་སོ། །ཞེས་བཀོད་འདུག །ཚགས་ཤོག་འདི་ནི། དགོན་པ་གཞུང་གི་ལམ་སྟོན་འོག །རྩོམ་སྒྲིག་པར་བསྐོས་པའི་དགེ་སློབ་དག་གིས་ཟླ་རེ་བཞིན་འདོན་འཆར་གྱིས་ཐོག་མའི་དབུ་འབྱེད་དེ། སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༥ དང་། བོད་ལྕགས་ཡོས་ཟླ་ ༥ ཚེས་ ༡༥ འཛམ་གླིང་སྤྱི་བསངས་དང་། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེའི་འཁྲུངས་སྐར་ཉིན། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་ཉིད་ནས་མཛད་སོང་། ད་ལྟའི་ཆར་ཤོག་གཅིག་མའི་ཚགས་ཤོག་ཡིན་ནའང་རིམ་པས་རྔ་ལ་དཔགས་པའི་འཆམས་འགྲོས་ཀྱིས་ཡར་རྒྱས་གཏོང་འཆར་འདུག །ནང་དོན་གྱི་ཆ་ནས་ལེའུ་ཚན་གཙོ་བོ་གསུམ་དུ་བགོས་ཏེ། དང་པོ། གསར་དུ་ཐོན་པའི་གནས་ཚུལ་གལ་ཆེན་རྣམས་བཀོད་སའི་གསར་འགྱུར།
གཉིས་པ། འཛམ་གླིང་ཐོག་ཡོད་པའི་བྱ་དངོས་ཁྱབ་ཆེ་བ་དང་ངོ་མཚར་བ་དག་བཀོད་སའི་རྒྱུན་ཤེས།
གསུམ་པ། དགེ་སློབ་དག་གི་བློ་རྩལ་ལས་བྱུང་བའི་རྩོམ་ཡིག་རྣམས་བཀོད་སའི་ཞ་སྨྱུག་གླིང་ཁ་རུ་བྱས་འདུག །ཁག་བགོས་བྱ་སྟངས་འདིར། གསར་བྱུང་གི་གནས་ཚུལ་དང་། རྒྱུན་ལྡན་གྱི་ཤེས་བྱ། རང་ཉིད་ཀྱི་བློ་རྩལ་ངོམ་ས་བཅས་ཡོད་པས་དགོས་མཁོ་དང་མཐུན་པའི་བྱ་ཐབས་ཤིག་ཏུ་མཐོང་།
ང་ཚོའི་དགོན་པ་གྲྭ་ཚང་ཁག་གིས་སྦྱིན་བདག་དྲིན་ཆེན་ཚོས་ཁྲག་གསོག་རྣག་གསོག་གིས་ཕུལ་བའི་དངུལ་དངོས་དག་མི་མེད་པའི་ཁང་སྟོང་རྫིག་པོ་ཞིག་ཏུ་བསྒྱུར་མ་བཞག་པར། ཤེས་ཡོན་ཡར་རྒྱས་ལ་ཕན་ངེས་པའི་བྱ་ལས་འདི་རིགས་ལ་གཏོང་ཐུབ་པ་ཡིན་ན། བོད་མི་རིགས་དང་ཆོས་རིག་གཞུང་ཞེས་སྐད་འགག་འགག་བར་འབོད་བསྡད་པ་གཅིག་པུ་ཙམ་ མིན་པར་དོན་དངོས་ཀྱི་ཕན་ཐོགས་བྱུང་སྟེ། ད་དུང་བོད་གངས་ཅན་པའི་སྣོད་བཅུད་རིག་གཞུང་རྣམས་གསོན་རེ་ཡོད་པ་ཞིག་ཡིན།
བོད་མི་རིགས་འདི་ཉིད་འཛམ་གླིང་གོ་ལ་ཧྲིལ་པོ་འདིའི་སྟེང་གནས་ཐུབ་མིན་ནི་མི་རིགས་རང་ཉིད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཐུབ་མིན་ལ་ཐུག་པར་རྟེན། ད་ལམ་༧སྐྱབས་རྗེ་གོ་ཤྲིར་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་གདན་ས་དཔལ་ཆེན་ཆོས་གླིང་ནས་༼ཞ་སྨྱུག་༽ཅེས་པའི་ཚགས་ཤོག་འདོན་གནང་མཛད་པ་ནི་བོད་རིགས་ཡོངས་ཀྱི་ཡི་རངས་དང་བསྔགས་བརྗོད་ཞུ་འོས་པའི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་རེད། ཚགས་པར་དེ་ཉིད་མུ་མཐུད་ཡར་རྒྱས་དང་རྒྱུན་གནས་ཐུབ་པར་སྨོན་འདུན་ཞུ་བ་དང་ཆབས་ཅིག མཁན་པོ་ལགས་ནས་ཚགས་ཤོགས་དེ་ཉིད་སྐད་ཡིག་ག་ཚོད་ཀྱི་ཐོག་བཀོད་བཞིན་ཡོད། སྤྱི་ཚོགས་ནང་འགྲེམ་སྤེལ་ཇི་ལྟར་གནང་རྩིས་ཡོད་པ་སོགས་ཀྱི་སྐོར་གསལ་བཤད་རྒྱས་པ་ཞིག་གནང་ན་དགའ་བསུ་ཞུ་རྒྱུ་ཡིན།
ངོ་མ་ཧ་ཅང་ཡག་པོ་རེད། སྐྱབས་རྗེ་རྒྱལ་ཚབས་རིན་པོ་ཆེ་ནས་རིག་གཞུང་སྲུང་སྐྱོབ་ཆེད་དུ་གསར་སྐྲུན་གནང་བའི་ཚགས་ཤོག་དེ་ཉིད། ད་རེས་སྐྱོ་བྲག་མཁན་པོའི་ཨ་ནེ་དང་གྲྭ་པའི་འདོད་པའི་བསྟན་བཅོས་ཆགས་སྲེད་གཏམ་དམར་རྗེན་ཕུད་པ། སྟུ་དང་མཇེ་ཞེས་སྔོན་མ་རུམ་གཏེགས་དགོན་པའི་དུས་དེབ་དེ་ལྟར་མི་ཡོངས་བའི་རེ་བ་ཡོད། ཚག་ཤོག་དེ་ཉིད་ལ་དྲ་རྒྱ་ཡོད་དམ། གལ་སྲིད་ཡོད་ན་དྲ་ཚིག་འདིར་བཀོད་རོག་ཞུ།
ཚོགས་ཤོག་འདི་འདིར་བཞུགས་ཀྱི་བོད་སྐད་ཡིག་སློབ་མཁན་གྱི་ན་ཆུང་སློབ་མ་དག་གི་འབྲི་རྩལ་དང་གོ་རྟོགས་ཡར་རྒྱས་ཀྱི་སླད་དུ་ཡིན་པས། བོད་ཡིག་གཅིག་པོའི་ཐོག་ཏུ་ཡོད་པ་དང་། གནས་སྐབས་རང་སྤྱི་ཚོགས་ནང་འགྲེམ་སྤེལ་བྱེད་འཆར་མེད་དང་དྲ་རྒྱ་ཡང་མེད།