ཐེ་བོ་ཤེས་རབ་རྒྱ་མཚོ།
———-
ཁྱོད་ཀྱིས་མི་ཚོར་གནམ་ས་འདིའི་བར་ན་སེམས་སྐྱིད་དུས་གླུ་ལེན་མི་ཆོག་ས་ཞིག་དང་། ཞེ་སྡུག་དུས་ངུ་མི་ཆོག་ས་ཞིག་ཡོད་དམ་ཞེས་དྲིས་ན། མི་རྣམས་ཀྱིས་ཁྱོད་ལ་དེ་འདྲའི་མི་ཆོག་ས་ཞིག་ཡོད་མི་སྲིད་ཅེས་ལན་འདེབས་ངེས་ཡིན་ལ། ཡང་ཁྱོད་ཀྱིས་མི་རྣམས་ལ་སེམས་སྐྱིད་དུས་གླུ་ལེན་གར་རྩེད་བྱས་ན་བཙོན་དུ་འཇུག་ས་ཞིག་དང་། ཞེ་སྡུག་དུས་མྱ་ངན་ངུ་འབོད་བྱས་ན་ཁྲིམས་ཐག་གཅོད་ས་ཞིག་ཡོད་དམ་ཞེས་དྲིས་ཚེ། དེ་བས་མི་ཚོས་དེ་འདྲ་ཞིག་ད་སྔ་བྱུང་མྱོང་མེད་ལ། མ་འོངས་པ་ནའང་དེ་འདྲ་ཞིག་འབྱུང་མི་སྲིད་ཅེས་ཁ་མཚོན་བཅད་ནས་ཤོད་ངེས་ཡིན་པར་མ་ཟད། ལ་ལས་ཁྱོད་ཀྱི་གདོང་ལ་ལྟ་ཡག་བྱས་ནས་“ག་རེ། ཁྱོད་ཐིག་ཐོག་ནས་ཡར་སོང་བ་མིན་ནམ།”
ཞེས་ཁྱོད་ལ་འཕྱ་ལད་བརྒྱབ་ནས་ལྡོག་འདྲི་བྱེད་སྲིད། འོན་ཀྱང་དེ་རིང་གི་བོད་ཀྱི་གནམ་སའི་བར་ན། སེམས་སྐྱིད་དུས་གླུ་ལེན་མི་ཆོག་ལ། ཞེ་སྡུག་དུས་ངུ་མི་ཆོག གལ་སྲིད་ཁྱོད་ཀྱིས་དེ་རིང་བོད་ཀྱི་གནམ་སའི་བར་ན། སེམས་སྐྱིད་དུས་གླུ་ལེན་གར་རྩེད་བྱས་ན་ཁྱོད་ཁོང་ཚོའི་མིག་ནང་གི་ལོག་སྤྱོད་པ་ཆགས་ཤིང་ཁོང་ཚོས་ཁྱོད་བཙོན་འཇུག་བྱས་ནས་ཁྱོད་ལ་ཡ་ང་བའི་མནར་གཅོད་གཏང་ངེས་ཡིན་ལ། གལ་སྲིད་ཁྱོད་ཀྱིས་དེ་རིང་བོད་ཀྱི་གནམ་སའི་བར་ན། ཞེ་སྡུག་དུས་མྱ་ངན་ངུ་འབོད་བྱས་ན་ཁྱོད་ཁོང་ཚོའི་སེམས་ནང་གི་ཁ་བྲལ་པ་ཆགས་ནས་ཁོང་ཚོས་ཁྱོད་ལ་ཁྲིམས་ཐག་ནན་པོ་གཅོད་ངེས་ཡིན། ངས་གོང་ནས་སྐད་ཆའི་མགོ་འདི་ལྟར་བསླངས་ན། གོར་མོ་རྡོ་ལ་བྲིས་བའི་རི་མོ་ལྟར་བོད་མི་དམངས་ཀྱི་སེམས་ཁོང་ན་ཁྲིགས་ཁྲིགས་ཡིན་ལ། ཐ་ན་ནུབ་ཕྱོགས་པ་དྲང་བདེན་དང་གཟུར་གནས་པ་ཚོའི་སེམས་ཁོང་ནའང་ཁྲིགས་ཁྲིགས་ཡིན་ངེས་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་འདི་རྐུན་རྒྱབ་ཇག་ལངས་བྱེད་རྒྱུར་གོམས་ལོབས་སུ་སོང་བའི་རྒྱ་ནག་མི་དམངས་ཚོར་བཤད་པ་ཡིན་ན། ཁོང་ཚོས་ཧང་སང་མདོག་གིས་ཕན་ཚུན་ནང་ཁུལ་གཅིག་གིས་གཅིག་གི་གདོང་ལ་ཅེར་ཏེ། ཁྱོད་ཀྱིས་ཁོང་ཚོ་ལ་བཀའ་ལོག་གླེང་འགེལ་བྱས་བྱུང་བར་སྙད་ནས་ཐ་ཤལ་གྱི་རྣམ་འགྱུར་སྟོན་ངེས་ཡིན་པར་མ་ཟད། ཐ་ན་ཁོང་ཚོས་ཁྱོད་ཀྱི་ཐོག་ལ་ལག་པ་ཡང་འགྱོག་སྲིད།
ངས་འདི་ལྟར་བཤད་ནས་“དབྱུག་པ་ལེབ་རྡུང་”གི་ལྟ་ཚུལ་སྤྱད་ན། མི་ཚོས་ང་ལ་རྒྱ་ནག་མི་དམངས་དང་རྒྱ་ནག་གཞུང་གཉིས་“ཁ་དང་ཁ་སྤུ་དབྱེ་འབྱེད་”བྱེད་དགོས་བའི་ལྟ་ཚུལ་འདོན་སྲིད་ནའང་། བོད་ས་བཙན་གྱིས་འཕྲོགས་ནས་ཟོས་ཤིང་བོད་པ་བཙན་གྱིས་དམུར་ནས་མིད་པའི་ལྐོག་གཡོ་ཇུས་ངན་འདིང་རྒྱུར།
རྒྱ་ནག་གཞུང་དང་རྒྱ་ནག་མི་དམངས་གཉིས་“ཁྱི་རྐུན་འོ་ཟོ་ཁ་ནས་མཐུན”པས། ངས་ཁོང་ཚོས་བཏོན་པའི་ལྟ་ཚུལ་ལ་མོས་མཐུན་གཏན་ནས་བྱེད་མི་སྲིད་ལ། ཁྱོད་ཀྱིས་ཀྱང་ཁོང་ཚོའི་ལྟ་ཚུལ་ལ་མོས་མཐུན་བྱ་རྒྱུ་ལས་ལྡོག་སྟེ་དགག་པ་ཚ་ནན་རྒྱག་སྲིད།
འདས་པའི་ལོ་ངོ་འདི་དག་གི་རིང་ང་ཚོས་འཛམ་གླིང་གི་ཆེས་མཐོ་ས་ནས་རང་ཉིད་ཀྱི་ལོ་རྒྱུས་ཐོག་ཆེས་གཟི་བརྗིད་དུ་བརྩི་བའི་ཉིན་མོ་སྟེ། ལོ་རེའི་སྤྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོར། ང་ཚོས་མ་བཅོས་ཤུགས་འབྱུང་གིས་རང་ཉིད་ཀྱི་སེམས་དང་བསམ་པའི་གཏིང་རིམ་དང་། ཤ་དང་རུས་པའི་ཁོང་གསེང་ནས་ངམ་ངམ་ཤུགས་ཤུགས་ཀྱིས་བརྡོལ་ཡོང་བའི་ཡིད་ཀྱི་འགྱུར་ཁུགས་མང་པོ་མང་པོ་ཞིག་མིད་ཐག་གི་འཕྲང་སྒོ་ནས་ཕྱིར་མིད་དགོས་བྱུང་དང་འབྱུང་གི་ཡོད་པ་མ་ཡིན་ནམ། སུ་ཞིག་གིས་ཁྱོད་ལ་སེམས་དང་བསམ་པའི་གཏིང་རིམ་དང་། ཤ་རུས་ཀྱི་ཁོང་གསེང་། ཁྲག་རྩའི་སྦུབས་སོགས་ནས་ངམ་ངམ་ཤུགས་ཤུགས་ཀྱིས་བརྡོལ་ཡོང་བའི་མ་བཅོས་ཤུགས་འབྱུང་གི་ཡིད་ཀྱི་འགྱུར་ཁུགས་དེ་ཁྱོད་ཀྱིས་མིད་ཐག་གི་འཕྲང་སྒོ་ནས་ཕྱིར་མིད་དོན་ཅིའི་ཕྱིར་ཡིན་ནམ་ཞེས་དྲིས་ཚེ། ཁྱོད་ཀྱིས་ཁོང་ལ་ཅིིའི་ཕྱིར་ང་ཚོས་ང་ཚོའི་གནམ་སའི་བར་ནས་སེམས་སྐྱིད་དུས་གླུ་ལེན་མི་ཆོག་པས་མ་ཡིན་ནམ་ཞེས་ལན་མི་གདབ།
སྤྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༡༧ གཟའ་ལྷག་པའི་ཉིན་མོར་
༧ གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་སྐབས་ཀྱང་། ཁོང་ཚོས་གཡུལ་སའི་ནང་མར་མ་གཏོགས་མི་འཁྱེར་བའི་མེ་མདའ་དང་མེ་སྒྱོགས་ཀྱིས་ང་ཚོས་གླུ་ལེན་གར་རྩེད་བྱ་རྒྱུ་བཀག་འགོག་བྱས་ཡོད་པ་མ་ཡིན་ནམ།
བོད་ལ་གནའ་རབས་ནས་སོ་སོའི་ནང་མི་དང་བླ་ཆེན་སོགས་གཤེགས་སྐབས་ལོ་དེ་ལ་ལོ་སར་གྱི་སྤྲོ་སྐྱིད་གཏོང་སྲོལ་མེད། འོན་ཀྱང་། ན་ནིང་འུ་ཚོའི་ཆེད་མི་ཡུལ་འོད་ཀྱིས་འགེངས་ནས་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་དག་དང་། བདེན་པའི་སྐད་རྒྱངས་གཅིག་གིས་གནམ་ས་ཡོམ་ཡོམ་སྒུལ་བའི་དཔའ་བོ་དཔའ་མོ་ཚོས་རྒྱ་ནག་གི་བཙོན་མཁར་སྦུབས་སུ་རྐང་ལག་ལྕགས་སྒྲོག་གིས་བཅིངས་ནས་བཟོད་དཀའ་བའི་མནར་གཅོད་མྱོང་བཞིན་པར། ད་ལོ་ང་ཚོས་མྱ་ངན་ངུ་འབོད་ཙམ་ཡང་བྱེད་མི་ཆོག་པར་བཙན་གྱིས་ལོ་སར་དགོས་བ་དང་། གལ་སྲིད་ལོ་མ་སར་ན་ཁོང་ཚོས་ལུག་འཛིན་འཛིན་བྱས་ནས་བཙོན་འཇུག་བྱེད་ཀྱི་ཡོད་པ་འདིས། ཉི་མ་དང་ཧ་ཅང་ཁ་ཐག་ཉེ་བའི་འཇིག་རྟེན་གྱི་རྩེ་མོ་འདི་ནས་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་བ་ཞིག་ལ་ཡིད་སྨོན་བཅངས་ཤིང་། འཆམ་མཐུན་དང་མཉམ་གནས་ཀྱི་སྤྱི་ཚོགས་ཤིག་ལ་རེ་བའི་མིག་གིས་ལྟ་མཁན་གྱི་མི་རིགས་ཤིག་སེམས་བསམ་པའི་གཏིང་ནས་ཞེན་པ་ལོག་ཏུ་བཅུག་ཡོད།
སྤྱི་ཟླ་ ༣ ཚེས་ ༤ ཉིན་བྲིས།
ཉིད་ཀྱིས་ཡག་པོ་བཤད་འདུག འོན་ཀྱང་གནས་ཚུལ་འདི་འདྲ་བ་ནི་ང་ཚོས་རྒྱ་ཡིག་གིས་བྲིས་ཏེ་རྒྱ་རིགས་ཀྱིས་གོ་བ་ཞིག་དང་། དབྱིན་ཡིག་གིས་བྲིས་ཏེ་ཕྱི་རྒྱལ་གྱིས་གོ་བ་ཞིག་བྱུང་ན་དེ་ནི་ཆེས་མཆོག་ཏུ་གྱུར་བའི་གསར་འགྱུར་སྤེལ་ཚུལ་ཞིག་ཡིན། བོད་པས་འདི་ཙམ་གོ་ཡོད་ཀྱང་ང་ཚོས་སྡུག་གི་མཆི་མ་ལྐོག་ཏུ་གཏོང་བ་ལས་དོན་སྒོ་ཆུང་། དེས་ན་འཛམ་གླིང་མི་དམངས་དང་རྒྱ་རིགས་མི་དམངས་འདི་ཚོས་ཤེས་གལ་ཆེ།
གཞིས་ལུས་བོད་པས་རེ་སྐུལ་གནང་བ་ཐུགས་རྗེ་ཆེ། ང་ཚོས་འབད་པ་བྱ་ངེས་ཡིན།