འབའ་སྲས།
རི་བསང་ཕུལ་བའི་དུ་སྤྲིན་རླུང་གིས་འཁུར།།
ཉག་ཁར་འཐེན་པའི་དར་ལྕེ་བསིར་བུས་བཅད།།
གཉེན་པོའི་མིང་གི་བཟློས་པའི་མིད་པ་འགག །
སྐྱབས་གནས་ལྷ་ཞིག་མེད་པ་ཤེས་རན་རེད།།
ཨ་མས་བཏབ་པའི་ཞིང་གི་མྱུ་གུ་སྐམ།།
ཕ་ལོས་བཙུགས་པའི་སྡོང་བུའི་ལོ་མ་རྙིད།།
སྤུན་ཟླས་བརྐོས་པའི་ཁྲོམ་པའི་ནང་ཆུ་ཟད།།
ཆར་ཞིག་འབབ་རྒྱུ་མེད་པ་ཤེས་རན་རེད།།
སྟོན་འབྲས་བརྡུངས་པའི་སྙེ་མ་གནམ་ལ་བཏབ།།
འབྲུ་དང་པགས་ཤུལ་མཉམ་དུ་ས་ལ་བབས།།
སྟོན་ཟླའི་རླུང་ལྷ་ཞེས་ནས་བོས་ན་ཡང་།།
རླུང་གི་ལྷ་ཞིག་མེད་པ་ཤེས་རན་རེད།།
ལ་མགོ་བུ་ཡུག་བསྐྱོད་པའི་སྒྲ་སྐད་ཆེ།།
ཁ་བས་བསྡམས་པའི་ས་གཞི་ཧ་ཅང་འཁྱག །
ཨ་མའི་ལག་པའི་སེར་ཁ་ད་དུང་གས།།
མེ་ཞིག་འབར་རྒྱུ་མེད་པ་ཤེས་རན་རེད།།
དྲག་རྩུབ་རླུང་གིས་ས་གཞི་ཡོམ་ཡོམ་འདར།།
ས་ལ་འཁྱིལ་བའི་མཚོ་ཆུ་གང་སར་བཞུར།།
རྩ་བ་བརྟན་པའི་རི་བོའི་རྩེ་མོ་གཡོ།།
ས་བདག་ལྷ་ཞིག་མེད་པ་ཤེས་རན་རེད།།
ས་ཆུ་མེ་རླུང་དགོས་པའི་འཇིག་རྟེན་འདིར།།
ཚ་གྲང་མཉམ་པར་དགོས་པའི་གོ་ལ་འདིར།།
མི་ལ་བདེ་སྐྱིད་དགོས་པའི་འཁོར་བ་འདིར།།
ད་ནི་ཅི་ཡང་མེད་པ་ཤེས་རན་རེད།།
དཔེ་དང་ཕྲ་མོ་བསྡུས་བརྗོད་རྣམ་གྲངས་དང་།།
གབ་ཚིག་རྣམ་པར་སྤྲས་ཏེ་བརྗོད་པ་ན།།
ལ་ལས་གོ་ཡང་ལ་ལས་མི་ཤེས་པས།།
ཁ་གསལ་ཚིག་གསལ་ཁ་རེ་ཐ་ཐུག་བཤད།།
བོད་ཀྱི་སྲིད་དབང་སོག་པོའི་རྒྱལ་བོས་བཙུགས།།
སྲིད་ཀྱི་བདག་པོ་རྒྱ་ནག་རྒྱལ་པོ་གྱུར།།
དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ།།
སྒྲིག་འཛུགས་ཤིག་ལ་ལྷུང་བ་ཤེས་རན་རེད།།
གཞོན་ནུ་ཚོགས་པས་རང་བཙན་གཙང་མ་རྩོད།།
བོད་མིའི་སྒྲིག་འཛུག་དབུ་མའི་ལམ་དུ་ཆས།།
གཅིག་གྱུར་འཐད་ཕྱོགས་མེད་པའི་ཁྲིམས་ཐོག་ནས།།
བོད་ལ་རྒྱལ་ཁ་མེད་པ་ཤེས་རན་རེད།།
རང་བཙན་མི་རྩོད་རང་རང་རྐུབ་སྟེགས་རྩོད།།
བོད་མི་མི་བསམས་རང་གི་བཟའ་མི་བསམས།།
ཁ་དང་ཁོག་པ་མི་གཅིག་སྐུ་ངོ་ཚོ།།
གཞུང་གི་གསོ་ཕག་ཡིན་པ་ཤེས་རན་རེད།།
ཁ་ནས་ཅི་གསུང་བོད་དོན་ཁོ་ན་ཡིན།།
རྒྱབ་ནས་ཅི་སྒྲུབ་རང་གི་ལས་དོན་ཡིན།།
ཁ་བཤད་ལག་ལེན་མེད་པའི་སྐུ་དྲག་ཚོ།།
མང་ཡང་བོད་ལ་མི་ཕན་ཤེས་རན་རེད།།
སྐུ་ངོ་མང་པོ་སྐུ་དྲག་ཤུལ་འཛིན་གཙོ།།
བླ་མ་མང་པོ་གྲུབ་མཐའི་ཕྱོགས་ཞེན་ཆེ།།
མཁས་པ་མང་པོ་མཚན་དང་གྲགས་པས་འཁྱེར།།
བོད་ལ་རེ་བ་མེད་པ་ཤེས་རན་རེད།
གཞིས་ལུས་བོད་མིའི་རེ་བ་བྱེས་ལ་བཅིངས།།
བྱེས་ཀྱི་གཡོ་སྒྱུ་ཟློས་གར་གཞིས་ལ་འཁྲབ།།
གཞིས་བྱེས་སེམས་པའི་བར་གྱི་ཁ་དོག་འདི།།
ཚོན་སྣ་གཅིག་གྲུབ་མིན་པ་ཤེས་རན་རེད།།
གཞིས་ནས་རང་བཙན་དགོས་པའི་སྐད་ཅིག་བརྒྱབས།།
བྱེས་ནས་ཞི་བདེའི་སྒྲོན་མེ་ཐེངས་གཅིག་སྦར།།
སྒྲོན་མེ་འོད་ཀྱིས་གཞིས་ལུས་བོད་མི་ཚོའི།།
སེམས་ཀྱི་མུན་པ་མི་སེལ་ཤེས་རན་རེད།།
བོད་ནང་བོད་པའི་སྐད་ལ་རྒྱ་སྐད་འདྲེས།།
བྱེར་གྱེར་ཁ་སྐད་ནང་དུ་གཞན་སྐད་མང་།།
རང་གི་ཕ་སྐད་བདག་པོ་མི་ཐོན་པའི།།
སྐད་ཡིག་རྨས་མ་ཡིན་པ་ཤེས་རན་རེད།།
བོད་མོ་མང་ཤོས་རྒྱ་ཡི་ཆུང་མར་གྱུར།།
བུ་ཚ་མང་བོ་མགོ་སེར་རྐུབ་ལ་རྒྱུགས།།
བོད་པ་དངོས་མ་ཉུང་ནས་ཉུང་དུ་ཕྱིན།།
རིགས་ཞེན་ལ་རྒྱ་མེད་པ་ཤེས་རན་རེད།།
བོད་མི་ས་ཡ་དྲུག་གི་གྲངས་ཀ་འདི།།
ལོ་བརྒྱ་སོང་ཡང་འཕེལ་རྒྱས་མེད་པ་འདི།།
གྲྭ་བ་བཙུན་མ་གཅིག་བུའི་སྐྱོན་མིན་ཏེ།།
སྐྱ་བོ་ཕོ་མོའི་སྐྱོན་ཡིན་ཤེས་རན་རེད།།
མདོར་ན་མི་རིགས་ཤིག་གི་རྩ་དོན་ནས།།
བོད་མི་ཞིག་གི་ཉིན་རེའི་འཚོ་བ་བར།།
གངས་རིའི་རང་མདངས་ཡལ་བའི་གནས་ལུགས་འདི།།
ང་ཚོ་ཚང་མས་དེ་རིང་ཤེས་རན་རེད།།
ཐ་ཐུག ཁ་ཐུག་ལ་བཅོ་རོགས།
ཤེས་རན་ཤེས་རན་ཟེར་ནས་ཅི་མི་ཕན་
འུ་ཐུག་ངུ་སྐད་རྒྱབས་པའི་ཅི་མི་ཕན་
ནང་ཁུལ་སྐྱོན་དང་དབྱེན་དཀྲུགས་མ་བྱས་པར་
འབྱོན་རྒྱུ་ཡོད་ན་ལག་ལེན་བསྐལ་ནས་བསྟོན་།
ང་ནི་དཔྱད་བརྗོད་པ་ཞིག་ལས་ལས་འགུལ་བ་ཞིག་མིན།
འབའ་སྲས་ལགས་ཀྱིས་གསུངས་ལ་མངོན་པར་བསྟོད། །
གང་ན་ཉེས་སྐྱོན་ཡོད་ན་དེ་ག་རུ། །
ཤར་སེ་སྨྲ་བ་སྤོབས་ན་དགེ་མཚན་ལས། །
གནོད་ལ་འགྱུར་བ་མེད་པ་ཆོས་ཉིད་རེད། །