རྔ་བ་རྒྱལ་ཁམས་པ།
སངས་རྒྱས་དགུང་ལོ༨༡ཐོག་རིག་ལྡན་ཟླ་བཟང་སོགས། གདུལ་བྱ་དབང་བོ་རབ་ལ་ཕྱི་དུས་ཀྱི་འཁོར་ལོ་སྣོད་ཀྱི་འཇིག་རྟེན། ནང་དུས་ཀྱི་འཁོར་ལོ་རྩ་རླུང་ཐིག་ལེའི་འཁོར་བསྐྱོད། གཞན་དུས་ཀྱི་འཁོར་ལོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བཀོད་པ་ཡོངས་སུ་རྫོགས་པ། སྒྱུ་མ་དང་། མིག་འཕྲུལ། རྫུ་འཕྲུལ་ལྟར་བཞེངས་ནས། དུས་འཁོར་རྩ་བའི་རྒྱུད་གསུངས། དེ་ལ་རིག་ལྡན་ཟླ་བཟང་གིས་འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་བ་མཛད། དེ་ནས་རིག་ལྡན་འཇམ་དཔལ་གྲགས་པས་བསྡུས་རྒྱུད་བརྩམས། དེ་རྗེས་རིག་ལྡན་པད་མ་དཀར་པོས་འགྲེལ་ཆེན་དྲི་མེད་འོད་མཛད་ནས། སློབ་དཔོན་དུས་ཞབས་པ་ཆེ་ཆུང་དང་། ཙི་ལི་བ་སོགས་རྒྱ་གར་གྱི་རིག་འཛིན་གྲུབ་པའི་རྣལ་འབྱོར་བ་ཆེན་པོ་དག་གིས། ཐོས་བསམ་སྒོམ་གསུམ་གྱིས་འཛིན་སྐྱོང་དར་སྤེལ་མཛད་པས། གནའ་བོའི་རྒྱ་གར་ན་ཉིན་མ་རེ་ལའང་། གྲུབ་པ་ཐོབ་པའི་རྣལ་འབྱོལ་བ་རེ་ཕེབས་ཐུབ་ཀི་ཡོད་པར་གྲགས་ལ། བོད་འདིར་ཅི་ཇོ་ལོ་ཙྰ་བ་ཟླ་བའི་འོད་ཟེར་རམ། འབྲོ་ཤེར་གྲགས་གང་ཡིན་གསལ་བོ་མ་དྲན། དུས་འཁོར་གྱི་ལེའུ་ཁག་ཅིག་བོད་དུ་བསྒྱུར་བ་ནས། མེ་མཁའ་རྒྱ་མཚོ་དང་། རབ་བྱུང་བརྩི་བའི་སྲོལ་རིམ་པར་དར་ཞིང་། སྒྲུབ་རྒྱུད་ཤིང་རྟ་བརྒྱད་དང་། ལྷག་པར་ཀུན་མཁྱེན་སྒྲོལ་བའི་མགོན་པོ་སོགས། དཔལ་ཇོ་ནང་གི་མཁས་གྲུབ་རྣམ་པས། དུས་སྦྱོར་ཡན་ལག་དྲུག་གི་ཉམས་ལེན་དབུ་མ་གཞན་སྟོང་ཆེན་མོ་དང་སྦྱར་ནས། འཆད་མཉན་སྒོམ་སྒྲུབ་འཛིན་སྐྱོང་དར་སྤཻལ་གནང་བས། ཕྱོགས་འདི་ལ་ནི་བཀའ་དྲིན་གཞན་ལས་ཀྱང་ཆེ་བ་ཡིན། སྐབས་འདིར་དུས་འཁོར་དབང་ཆེན་ལབ་དུས། ཤམ་བྷ་ལའི་ངོ་མཚར་བའི་ལོ་རྒྱུས་དེ་རང་བཞིན་གྱིས་ཡིད་ལ་དྲན་སྲིད་པ་ཞིག་རེད། བོད་ཀྱི་ངག་རྒྱུན་ཤོད་སྲོལ་ཞིག་ཏུ། འགྲིམ་འགྲུལ་གྱི་ལམ་ཁ་སྣ་ཚོགས་འཛུགས་སྐྲུན་ལས། སའི་གོ་ལའི་ཁྱོན་འདིར་དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྩ་ཐིག་ཡོངས་སུ་རྫོགས་པ་འགྲུབ་ཅིང་། རྒྱལ་ཁབ་ནང་ཕན་ཚུན་འགྲན་རྩོད་དང་། ཆོས་ཀྱི་འཐེན་འཁྱེར་ལས་དམག་འཁྲུགས་ཡང་ཡང་བྱས་མཐར། སྟོབས་ནུས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཤིག་ལྷག་པ་ནི། ཕི་ལང་དཀར་པོ་སྟེ་ཨ་རི་དང་། ཕི་ལང་དམར་པོ་སྟེ་ཨུ་རུ་སི་གཉིས་ཡིན་ཞིང་། སྐབས་འདི་འདྲ་ཞིག་ན་རིག་ལྡན་དྲག་པོ་འཁོར་ལོ་ཅན་ཕེབས་ནས། ཨ་རིའི་སྟོབས་ནུས་ལ་སྟངས་འཛིན་གྱིས། ཨུ་རུ་སིའི་མངའ་དབང་ནུས་ཤུགས་ཕལ་ཆེར་མིང་གི་ལྷག་མར་གཏོང་ཞིང་། འཛམ་གླིང་ཧྲིལ་བོའི་སྣོད་བཅུད་གཉིས་ཉམས་པ་ཁ་གསོ། མ་ཉམས་པ་གོང་སྤེལ་དུ་བཏང་ནས་ཞི་བདེ་དར་དཀར་ཡུག་གཅིག རྒན་མོ་གསེར་ཁུར་གྱི་དུས་ལྟ་བུར་གྱུར་ཏེ། སེམས་ཅན་ཐམས་ཅད་མཛའ་མཐུན་ཞི་བདེའི་དཔལ་ལ་རོལ་བ་ཞིག་འབྱུང་ངེས་ཡིན། འདིར་ང་ལ་ནི། སྐབས་འདིའི་དུས་འཁོར་དབང་ཆེན་ལས། ཨ་རི་འདི་ནི་ཤམ་བྷ་ལའི་ངོ་མཚར་བའི་ཞིང་ཁམས་ཀྱི་གཏམ་རྒྱུད་གང་དུ་གནས་པའི་སྦས་ཡུལ་ངོ་མ་དེ་ཡིན་སྣང་ཤར། སྦྱིར་རིག་ལྡན་དྲག་པོ་གདན་འདྲེན་པ་ལ་ཞི་དྲག་གི་ཀུན་སྤྱོད་གཉིས་ཕན་ཚུན་འགྲན་པ་ལྟར་དུ་འབྱུང་དགོས་ཤིང་། ལྷག་པར་རིག་ལྡན་གྱིས་དྲག་པོ་མངོན་སྤྱོད་ཀྱི་ལས་འགྲུབ་པ་ལ། ཚན་རིག་དང་ནང་དོན་རིག་པ་ཟུང་འབྲེལ་གྱི་སྟོབས་ཤུགས་ལ་བརྟེན་དགོས། ཚན་རིག་ནི་རྡུལ་ཕྲ་རབ་ཀྱི་བུ་ག་ཚུན་ཆད་བསྔོགས་ནས། ཉིན་མ་རེར་ཚད་མགྱོགས་པོའི་ཐོག་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། ནང་དོན་རིག་པའང་། སངས་རྒྱས་ཀྱིས༼ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན། གདོང་མར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ།།༽ཞེས་པའི་ལུང་བསྟན་གྱི་ནང་དོན་དང་མཐུན་པར། དུས་རབས་ཉི་ཤུ་བའི་སྟོད་ཙམ་ནས་ཕྱི་གླིང་ཡུལ་གྲུ་མང་བོར་དར་སྤེལ་གྱི་མགོ་ཚུགས་ཤིང་། ཁྱད་པར་བོད་བཙན་བྱོལ་དུ་ཕེབས་ནས་ད་བར་མི་ལོ་ལྔ་བཅུ་ལྔ་གྲངས་ལྷག་གི་རིང་། ཕྱི་གླིང་ན་བོད་བརྒྱུད་ནང་བསྟན་དར་མཆེད་འགྲོ་བའི་མྱུར་ཚད་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ག་ལེར་བསམ་བློ་རེ་བཏངས་ན། ཤར་ཕྱོགས་ཀྱི་མི་རིགས་མང་བོ་ཞིག་ནུབ་ཕྱོགས་ཀྱི་ཡུ་ཤི་ཆོས་ལུགས་སུ་འགྱུར་བཞིན་ཡོད་པ་དང་། ནུབ་ཕྱོགས་ཀྱི་མི་རིགས་མང་བོ་ཞིག་ནང་བར་འགྱུར་བཞིན་པ། ལྷག་པར་ནུབ་ཕྱོགས་པའི་བསམ་བློའི་ལྟ་བ་མཐོན་པོར་སླེབས་པའི་ཤེས་ལྡན་ཚོས་བོད་བརྒྱུད་ནང་ཆོས་འདིར་མཐོང་ཆེན་སློབ་གཉེར་བྱེད་ཚུལ་ལ་བསམས་ན། རིག་ལྡན་དྲག་པོ་འཁོར་ལོ་ཅན་གྱི་ཆོས་འཁོར་བསྐོར་ཡུལ་དང་། དེའི་ཕོ་བྲང་། དམག་ཤུགས། སྟོབས་འབྱོར། མངའ་ཐང་སོགས་ཨ་རིའི་ཡུལ་ནས་འབྱུང་རྒྱུ་ཡིན་པ་ཚོད་དཔགས་བྱེད་ཐུབ་པ་ཞིག་རེད། ཕྱི་གླིང་བ་འདི་ཤེས་ཡོན་གྱི་ཚད་མཐོ་ཞིང་། རིག་རྩལ་རྣོན་པོ། དྲན་འཕྲུལ་རྒོད་པོ་དེ་འདྲ་ཡིན་པས། ནང་བའི་ལྟ་གྲུབ་ལས་བཤད་པའི་གཞི་ངོ་བོའི་གནས་ལུགས་འདི་ཚོར་སློབ་སྦྱོང་ལྟ་ཀློག་གི་གོ་སྐབས་ཡག་པོ་ལྡན་ན། ནང་ཆོས་དེ་རང་བཞིན་གྱིས་ཁོང་ཚོའི་ཡུལ་ཆོས་སུ་འགྱུར་སྲིད་པ་རེད། ང་ཕྱི་གླིང་བ་ཆོས་མེད་མང་བོ་ཞིག་ལ་ཐུག་མྱོང་། ཁོང་ཚོས་ང་ཚོ་ལ་ཆོས་མེད། གལ་སྲིད་ཆོས་ཤིག་ངེས་པར་དུ་དགོས་ན་ནང་ཆོས་ཉམས་སུ་ལེན་རྒྱུ་ཡིན། ཞེས་ཤོད་མཁན་མང་བོར་ཐུག་མྱོང་། འདི་དག་ནི་ཕལ་ཆེར་རྒྱལ་བའི་མཛད་འཕྲིན་དང་། ཁོང་གི་གསུང་དེབ་ཀྱི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན་འདུག དེང་སང་ཨ་རི་གཅིག་པུར་བོད་བརྒྱུད་ནང་ཆོས་སྒྱུར་མཁན་གྱི་ཚོགས་པ་མང་རུ་འགྲོ་བཞིན་པ་དང་། ཁྱད་པར་ཉེ་དུས་འདིར་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེས་རྐང་བཞེས་ཏེ་རྒྱལ་བའི་བཀའ་རིན་པོ་ཆེ་ཨིན་ཡིག་ཏུ་བསྒྱུར་རྒྱུའི་འཆར་བཀོད་འདོན་གནང་མཛད་པ་སོགས་ལས། མ་འོངས་པའི་ཤམ་བྷ་ལའི་རྒྱལ་གཞིས། ཨ་རིའི་ཡུལ་ནས་རྩ་འཛུགས་ཀྱི་སྔོན་འགྲོའི་ཆ་རྐྱེན་ད་ནས་སྐྲུན་པ་ཞིག་རེད། དུས་དབང་ནས་ཕྱིར་ཡོང་མ་ཐག་གང་དྲན་ཡིག་ཐོག་ཏུ་ཤར་མར་སྤེལ་བས། ནོར་འཁྲུལ་ཡོད་རིགས་དགོངས་སེལ་ཞུ་ཡ་ཡིན།
རྔ་བ་ལགས། ཁྱེད་ཀྱི་རྩོམ་ཡིག་འདི་ཚིག་དོན་གང་ཐད་ནས་བསམ་གྱིས་མི་ཁྱབ་པ་ཞིག་འདུག ཡིག་ནོར་ཁ་ཤས་ཤིག་འདུག དས་འཁོར་འགྲེལ་ཆེན་སྒྱུར་མཁན་གྱི་མིང་ལ་གྱི་ཇོ་ལོ་ཙཱ་བ། ཕི་ལིང་པ་ནི་ལྷ་སའི་སྐད་ལ་ཡ་བཏགས་ཀྱི་སྒྲ་ཡག་པོ་མི་ཐོན་སྟབས་ཐོག་མར་ཕྱི་གླིང་པ་ཡིན་ཡང་སྒྲ་ལོག་ཏུ་གྱུར་ནས་ཕི་ལིང་པར་གྱར་པ་ཡིན་སྟབས་ཕྱི་གླིང་པ་ཟེར་བར་མི་བདེ་ན་ཕི་ལིང་པ་བརྗོད་ན་ལེགས་པ་འདྲ། ། གང་ལྟར་ཁྱེད་ཀྱི་ནབ་ཕྱོགས་པའི་བསམ་སྤྱོད་ལ་བསྟོད་པ་ཅང་ཟད་ཆེ་དྲགས་པ་ཡིན་ནམ་གང་ལྟར་རྩོམ་ཡིག་འདིར་ངའི་བློ་ངོར་འཇུག་མ་བདེ་བ་ཡང་ཁ་ཤས་རེ་འདུག
དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། བེམ་པོའི་ཁམས་ཡོངས་སུ་ཟད་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་མངོན་འགྱུར་ཡོང་བར་ཤོག ཐོས་བའི་བག་ཆགས་དང་སྒོམ་པའི་རྩལ་ལ་བརྟེན་ནས་སྦྱོར་དྲུག་གི་མྱོང་བ་རྩལ་འདོན་བྱ། འདིར་ནི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་སའི་དུམ་བུ་འདིར་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་ནས་ལོ་སྟོང་བརྒྱད་བརྒྱ་ལོན་པ་ན་ཤམ་བྷ་ལ་ནས་རིགས་ལྡན་དྲག་པོ་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་སུ་བྱོན་ཏེ་ཀླ་ཀློ་རྣམས་རང་གི་ཆོས་ལ་བཀོད་ནས་འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱར་གནས་ཤིང་། ཞེས་སོགས་ཀྱི་སྐབས་འཇམ་དབྱངས་རིགས་ལྡན་དྲག་པོ་གཅིག་ཉིད་ས་དུམ་བུ་བཅུ་གཉིས་ལ་རྒྱལ་པོའི་སྐྱེ་མི་འདྲ་བ་བཅུ་གཉིས་སུ་འགྱུར་ཏེ་དཔེར་ན། ལོ་ལ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་ཉི་མ་གཅིག་ཉིད་བཅུ་གཉིས་སུ་འགྱུར་བ་ལྟར་རོ།། ཞེས་གསུངས་པས་འཛམ་གླིང་རྒྱས་བཤད་ལས་བསྟན་པའི་ཀླ་ཀློ་ངོས་འཛིན་དང་མཐུན་མོད། དེང་སང་སོ་དྷི་ཨ་རབ་ཀྱི་གྲོང་ཁྱེར་མ་ཁ་ཟེར་བ་དེ་ཀླ་ཀློའི་ལྟེ་བ་ཡིན་ན་ནི་ཀླ་ཀློ་རྣམས་མང་ནས་མང་དུ་འགྲོ་བ་ལས་ཆོས་ལ་བཀོད་པའི་གཏམ་ཟུར་ཙམ་ཡང་བཞག་དཀའ་བས་དཔྱད་པར་བྱའོ།།
ཤམ་བྷ་ལ་བྱང་ཕྱོགས་ཤིག་ན་ཡོད་པར་གོ་བ་ལས། ནུབ་ཕྱོགས་ཤིག་ན་ཡོད་པ་གོ་མ་མྱོང་བ་འདྲ། ཁ་སྐད་ལའང་བྱང་ཕྱོགས་ཤམ་བྷ་ལ་ཟེར་བ་ལས་ནུབ་ཕྱོགས་ཤམ་བྷ་ལ་མི་ཟེར་བས། ཤམ་བྷ་ལ་ཨ་རི་རེད་ཟེར་བ་འདི་བསམ་ཚུལ་ཙམ་ཡིན་ན་སྨྲ་བརྗོད་རང་དབང་ཡིན་པས་གནད་འགག་ཅང་མ་མཐོང་མོད། ཆོས་ཀྱི་སྐད་ཆ་བཤད་ཚེ་ངེས་བར་དུ་རྒྱུ་མཚན་ནམ་ལུང་གང་རུང་ལ་ཁུངས་གཏུགས་དགོས་བས། ཤམ་བྷ་ལ་ལྟ་བུའི་སྐད་ཆ་བཤད་ཚེ་ང་ཚོར་རྒྱུ་མཚན་དམིགས་བསལ་བ་གང་ཡང་བཤད་རྒྱུ་མེད་པས། ལུང་ལ་བརྟེན་ནས་ཤམ་བྷ་ལའི་གནས་དང་བཟོ་བཀོད་སོགས་འབྲི་བཞེངས་བྱེད་དགོས་བ་རེད། དེར་བརྟེན་ལུང་གཞིར་བཞག་བྱས་ན་ཤམ་བྷ་ལ་བྱང་ཕྱོགས་ལ་ཡོད་པ་ལས་ནུབ་ཕྱོགས་ལ་ཡོད་པ་མ་རེད།
བཅོམ་ལྡན་རིག་པའི་རལ་གྲི་དང་བོད་ཀྱི་མཁས་པ་འགས་དུས་འཁོར་ལ་དགག་པ་མཛད་ཅིང་། མཁས་དབང་དགེ་ཆོས་ཀྱིས་ཀྱང་བྷ་ར་ཏ་དང་ལེགས་ལྡན་ཀླུ་དང་ཆ་འདྲ་ཡོད་ཚུལ་བཤད་པ་དང་། རིག་བྱེད་ཆོས་ནི་ཕུ་བོ་དང་ཞེས་སོགས་ཀྱིས་བསྒྲུབས་སོ།། དུས་འཁོར་ལས་བཤད་པའི་ཀླ་ཀློ་ནི་མོ་སལ་མན་ཁ་ཆེ་ལ་བཤད་པ་ལས་ཧིན་དུ་བ་ལ་མ་བཤད་པས་ཡིན་ནམ། རིག་བྱེད་ལོ་རྒྱུས་སྨྲ་བས་བཅོམ་ལྡན་འདས་འདི་ནི་ཁྱབ་འཇུག་གི་འཇུག་པ་དགུ་པ་སྟེ་རིགས་ལྡན་ནི་བཅུ་པའོ་ཞེས་སོགས་ཀྱི་སྐབས་རིགས་ལྡན་གྱི་འཇུག་པ་ནི་ཤམ་བྷ་ལའི་ཡུལ་དུ་ནོར་ལྷ་བྲམ་ཟེའི་བུ་གྲགས་པར་གྱུར་ནས་རྡོའི་རྟ་ལ་ཞོན་ཏེ་ཀུ་ཤའི་རང་བཞིན་ཅན་གྱི་མདུང་རྣམས་ཀྱིས་ཀླ་ཀློ་ཐམས་ཅད་བསད་ནས་གསེར་མང་པོའི་མེ་ལྷའི་མཆོད་སྦྱིན་བྱས་ཏེ་སླར་ཡང་ས་གཞིའི་བྲམ་ཟེའི་རང་བཞིན་དུ་བྱེད་པར་འགྱུར་རོ་ཞེས་སྔོན་གྱི་རིག་བྱེད་ལ་མི་སྣང་ཡང་ཕྱིས་ཀྱི་གདུག་པའི་བྲམ་ཟེ་དག་གིས་བྱས་བར་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་གསུངས་འདུག ཤམ་བྷ་ལ་ཟེར་བ་རིག་བྱེད་ཀྱི་ཐ་སྙད་དེ་བདེ་འབྱུང་འཛིན། རིགས་ལྡན་ཞེས་གྲགས་པ་བྲམ་ཟེའི་ཚངས་པའི་རིགས་སུ་འཇོག་པ་མིན་ཞེས་གསུངས་ལ། འདིའི་རིགས་བཟང་པོ་དང་བཟང་པོ་མ་ཡིན་པ་རྣམས་རིགས་ལྡན་ཏེ་རྡོ་རྗེ་ཐེག་པར་རིགས་གཅིག་ཏུ་བྱེད་པས་ན་རིགས་ལྡན། རྡོའི་རྟ་རྣམས་ཀྱིས་ཀླ་ཀློ་རྣམས་འཇོམས་པར་འགྱུར་བ་ནི་གདུག་པའི་དྲང་སྲོང་རྣམས་ཀྱི་སེམས་ཞུམ་པར་བྱེད་པའི་དོན་དུ་གསུངས། སྟོང་བ་ལ་ནི་དངོས་པོའི་ཚོགས།།བརྟགས་པའི་གཟུགས་སྤངས་བེམ་པོ་མིན།།ཞེས་པ་གཞན་སྟོང་གི་ལྟ་བ་འཇོག་བྱེད་མིན་ནམ་སྙམ། མཁས་པས་འགྲེལ་ཚུལ་དུ་མ་ཡོད་པས་དཔྱད་དགོས། དག་པ་ཡེ་ཤེས་ཀྱི་ཀུན་གཞི་དེ་ཉིད་བེམ་ཆོས་ཀྱིས་སྟོང་བ་ལ་གཞན་སྟོང་དུ་བཤད་པ་མིན་ནམ་སྙམ་ཡང་སྟོང་ཚུལ་དེ་གྲངས་ཅན་པའི་གཞན་སྟོང་དང་ཁྱད་པར་མེད་ཚུལ་དགེ་ལུགས་པའི་མཁས་པ་ཚོས་གསུང་གི་ཡོད། ཇོ་ནང་པས་འཁོར་ལོ་བར་བའི་སྐབས་སུ་བསྟན་པའི་སྟོང་བ་རྣམས་རང་སྟོང་ངམ་ཆད་སྟོང་དུ་འདོད་པའི་རྒྱུ་མཚན་དགག་བྱ་བདེན་གྲུབ་ཀྱི་སྟོང་བ་ལ་མི་བྱེད་པ་འདྲ་བས་མཁས་པ་རྣམས་ཀྱིས་དཔྱད་པའི་གནས་སོ།།
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་ཕི་ལིང་དཀར་མར་དེ་ཕྱི་གླིང་དུ་བཅོས་པ་བདེན་པ་འདྲ་ཞིག་འདུག བཀའ་དྲིན་ཆེ། ངས་ཕྱི་གླིང་བ་ཕལ་ཆེར་ཞིག་གཞི་རྩའི་ཆ་ནས་སྦྱངས་ཡོན་གྱི་ཤེས་རྩལ་ཡག་པོ་ཡོད་པར་འདོད་ཀྱིན་ཡོད། འདི་ཚོ་གཞུང་ལུགས་ལ་འཇུག་སྐབས། ཚིག་དོན་འཛིངས་པའི་ནང་ནས་གནད་དོན་ལ་འཇུ་ཐུབ་ཀྱི་འདུག དོན་གནད་ཧ་མ་གོ་བ་དེ་འདྲ་ཡོད་ན། ལམ་སེང་ཟིན་ཐོར་འདེབས་ཅིང་རྒྱུ་མཚན་གསལ་བོ་མ་རྟོགས་པར་དུ་བློས་མི་གཏོང་། ནང་དོན་ཤེས་ཚར་མཚམས་ལྟ་བ་དབྱེ་འབྱེད་ཀྱི་གཞུང་ལུགས་ཀྱང་སྤེལ་ཡོང་གི་འདུག འདི་ཕལ་ཆེར་ནུབ་ཕྱོགས་དང་། ཤར་ཕྱོགས་པས་སློབ་སྦྱོང་སྦྲོད་སྟངས་ཀྱི་ཁྱད་པར་ལས་བྱུང་བ་ཞིག་ཡིན་པར་སྣང་། ཉིད་ཀྱི་ཐུགས་བསམ་ཞིག་བཞེས་དང་། ངས་བསམས་པར། ནང་བསྟན་ཅི་ཙམ་གྱིས་ཕྱི་གླིང་དུ་སྤེལ་ཐུབ་ན། རྗེས་འཇུག་དེ་ཙམ་གྱིས་མང་དུ་འགྲོ་ཞིང་། ནང་ཆོས་ཅི་ཙམ་གྱིས་ཕྱི་གླིང་གི་སྐད་ཡིག་ཏུ་བསྒྱུར་ཐུབ་ན། དེ་ཙམ་གྱིས་ཀློག་མཁན་དང་སྦྱོང་མཁན་ཇེ་མང་དུ་སོང་སྟེ། ནམ་ཞིག་ཨ་རི་ལྟ་བུས་ནང་བའི་རྒྱལ་ཁམས་ཤིག་ཡིན་ཞེས་ཡོངས་ཁྱབ་བྱས་ཀྱང་མ་བྱས་ཀྱང་། དོན་དག་ལ་ནི་ནང་བ་ལྟར་གྱི་གཞི་ངོ་བོའི་གནས་ཚུལ་འདི་ཚོར་བློ་སྦྱོང་བྱེད་པའི་ཡུལ་ཁམས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་ཐེ་ཚོམ་བྱ་མ་དགོས་པ་ཞིག་རེད། དེ་བཞིན་ལོ་རེའི་ཆོས་ལུགས་འགྱུར་འགྲོས་ཀྱི་གྲངས་བཤེར་ལ་ཅིག་བལྟས་པ་ཡིན་ན། ཨ་རི་འདི་བཞིན་ཤམ་བྷ་ལའི་ཞིང་ཁམས་ལྟ་བུར་འགྱུར་བ་ལ་རྒྱང་ཐག་རིང་བོ་མེད་པའི་ཚོར་སྣང་ཞིག་ངང་གིས་སྐྱེ་འོང་།
འཁོར་ལོ་བར་བའི་སྐབས་སུ་ཆོས་ཐམས་ཅད་རང་སྟོང་ངམ་ཆད་སྟོང་དུ་བཤད་པ་ཡིན་ན། དུས་འཁོར་ལུགས་དང་འགལ་བ་སྟེ། ཕུང་པོ་རྣམ་དཔྱད་སྟོང་བ་ཉིད།།ཆུ་ཤིང་བཞིན་དུ་སྙིང་པོ་མེད།།རྣམ་པ་ཀུན་གྱི་མཆོག་ལྡན་པའི།།སྟོང་ཉིད་དེ་ལྟར་འགྱུར་མ་ཡིན།།ཞེས་པ་འདིས་ཅང་མེད་དུ་བཟུང་བའི་ཆད་སྟོང་འགོག་པ་ཡིན་པས། འདི་ཡང་དོགས་པའི་གནས་ཤིག་ཡིན་པས་དཔྱད་དགོས་པ་ཡིན། དེ་མིན་ཤམ་བྷ་ལའི་རྒྱལ་ཁམས་ད་ལྟའི་འཛམ་གླིང་འདིའི་ཁོངས་ན་ཡོད་པ་ཐ་མལ་བའི་མིག་གིས་མཐོང་ནུས་པ་ཞིག་ཨེ་ཡིན་བསམ། རྒྱུད་སྡེ་ལ་ཁུངས་གཏུགས་ནས་བཤད་དགོས་པ་གལ་ཆེ་བས་དེ་མིན་རང་སྣང་གང་དྲན་གྱིས་གྱ་ཚོམ་དུ་སྨྲ་བ་ལ་ཡིད་བརྟན་ཅི་ཡོད། ཐུན་མོང་མ་ཡིན་པའི་དངོས་པོའི་གནས་ཚུལ་དང་འཇིག་རྟེན་ཐུན་མོང་གི་སྣང་ཚུལ་གཉིས་ཀྱི་བར་ན་འགལ་འདུ་རྒྱ་ཕྲག་མང་པོ་ཡོད་ངེས་རེད། བསྐྱེད་རྫོགས་ཀྱི་སྐབས་གཙོ་བོར་ཐ་མལ་བའི་སྣང་ཞེན་སྦྱོང་ལུགས་འདི་སྔགས་བླ་མེད་སྤྱི་དང་བྱེ་བྲག་དུས་འཁོར་ལུགས་སུ་གལ་ཆེ་བར་གསུངས་ཡོད། ང་ཚོ་ལྟ་བུ་ལ་ཐ་མལ་བའི་སྣང་ཞེན་རི་ལྟར་འདུག་པ་ཞིག་གིས་ཆ་བསགས་ནོར་བུའི་ཕོ་བྲང་ཉམས་དགའ་བ་དེ་ཚོ་མཐོང་བའི་སྐལ་བ་མེད་ཅིང་བག་ཆགས་རེ་བཞག་ཡོད་ཤོས་ཆེ།
རྣ་བ་བརྒྱད་པ་ལགས། སྤྱི་ལོ༥༧༠ལོར་ཁ་ཆེ་སྟོན་པ་གྲོང་ཁྱེར་མེ་ཁ་ནས་སྐུ་བལྟམས། ལོ་ན༤༠ཕེབས་པ་སྤྱི་ལོ༦༡༠ལོར་མཁའ་འགྲོའི་གཙོ་མོ་ལྗེབ་རོལ་ལས་དམ་ཆོས་ཁོ་རན་གསན། དྲི་མེད་འོད་ཀྱི་ལུང་དོན་ལྟར་ན། ༢༠༡༡-༥༧༠=༡༤༤༠ཡིན་པས། རིགས་ལྡན་དྲག་པོ་ཕེབས་པ་ལ་ད་དུང་ལོ༡༤༤༠ལྷག་ཅིག་ཡོད་དགོས་པ་ཡིན། འདིར་ཁ་ཅིག་གིས་ད་དུང་ལོ༢༤༢༤ཡོད་པར་བཤད་པ་གང་བདེན་མ་ཤེས།
ད་དུང་ཁ་ཆེ་ཚོ་ནང་ཆོས་ལ་འགྱུར་ཐུབ་ཀྱི་མ་རེད། ལར་ནས་ཨོ་རྒྱན་གྱི་ཡུལ་དུ་གྲགས་པའི་ཨ་ཧྥི་ཧན་དང་། ཨེ་རན། ཨེ་རག ཏུ་རུ་ཀ་སོགས་ཁ་ཆེའི་ཡུལ་ལུང་མང་བོ་ཞིག ནང་བསྟན་དར་མྱོང་བའི་ལུང་བར་སོང་སྟབས། ཁོང་ཚོའི་ཆོས་སྤྱོད་ཀྱི་བསམ་བློའི་ནང་ནང་ཆོས་ཀྱི་ལྟ་ཚུལ་མང་བོ་ཞིག་ཡོད་པར་བཤད། ཁ་ཆེའི་ཆོས་ལུགས་ནང་གི Jihad or Holy war༼དམ་པའི་གཡུལ་འཁྲུགས༽ཞེས་གྲགས་པ་ནི། རིགས་ལྡན་དྲག་པོ་གདན་འདྲེན་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་ལ། ཚིག་དེ་ཁ་ཆེའི་དམ་ཆོས་ཁོ་རན་གྱི་ནང་ཐེངས་བཞི་བཅུ་ཞེ་གཅིག་ལ་ཟློས་ཡོད། ལྗེ་ཧ་སྒྲི་ཞེས་པ༼འཐབ་རྩོད༽ཅེས་པའི་དོན་ཡིན་ཞིང་། དེའང་ཁ་ཆེ་སྟོན་པ་རང་ཉིད་སྐུ་གཤེགས་རྗེས་ལོ་དེ་རང་ལ། ཁ་སྟོན་ཉིད་ཀྱི་གཉེན་ཉེ་ཚོས་མགོ་ཁྲིད་དར་སྤེལ་བྱས་པ་ཞིག་རེད། འདི་ལ་ནང་དོན་མི་འདྲ་བ་གཉིས་ཡོད། གཅིག ཁ་ཆེ་དང་ལྟ་སྤྱོད་མི་མཐུན་པ་ཚོར་དྲག་ཤུགས་ལ་བརྟེན་ནས་ཁ་ཆེའི་ཆོས་སུ་བསྒྱུར་ཐབས། གཉིས། ཁ་ཆེའི་ཆོས་པ་རང་ཉིད་ཀྱིས་ནང་སེམས་ཀྱི་མི་དགེ་བ་དང་འཐབ་ཚུལ་ལྟ་བུ་རེད། འདི་ནི་ཤོད་སྟངས་བསྡུས་པ་ཞིག་ཡིན། རྒྱས་པར་ཤེས་འདོད་ན་ཁོ་རན་དང་ལྗེ་ཧ་སྒྲི་རང་གི་ལོ་རྒྱུས་སོགས་ལ་གཟིགས་ན་གསལ་བོ་འདུག
༼དམ་པའི་གཡུལ་འཁྲུགས༽ཀྱི་རྩ་འཛུགས་ཆེ་ཤོས་ཁག་ནི།
༡༽he International Islamic Front for the Jihad Against Jews and Crusaders
༢༽askar Jihad: Harakat ul-Jihad-i-Islami ༣༽alestinian Islamic Jihad:
༤༽gyptian Islamic Jihad: ༥༽emeni Islamic Jihad: ཁྱེད་ཀྱིས་དགོངས་འཆར་ཟབ་མོ་མང་བོ་ཞིག་གསུངས་འདུག་པར་ལེགས་གསོལ་ཡོད། རྗེས་ནས་ཁོམ་ལོང་བྱུང་ཚེ་འདི་སྐོར་ནས་ཁ་བརྡ་རེ་བྱེད་སྙིང་སྤྲོ། ད་འགྲོ་རན་སོང་།
དགོངས་དག མིག་བརྒྱད་པ་རེད་འདུག
ཁ་ཆེའི༼དམ་པའི་གཡུལ་འཁྲུགས༽སུ་གྲགས་པའི་རྩ་འཛུགས་ཆེ་ཤོས་ཁག་ཅིག
༡༽The International Islamic Front for the Jihad Against Jews and Crusaders
༢༽Laskar Jihad
༣༽Harakat ul-Jihad-i-Islami
༤༽Palestinian Islamic Jihad
༥༽Egyptian Islamic Jihad
༦༽Yemeni Islamic Jihad
སྤོབས་པ་མཐའ་ཡས་ལགས་ཁྱེད་རང་གི་གསུང་ལ་མངོན་པར་བསྟོད་པར་འོས།
ངས་ལྟས་ན་ཁྱེད་དང་འཕྲད་མཁན་ཚང་མ་བོད་དང་ནང་ཆོས་ལ་དོག་སྣང་་ཡོད་མཁན་ཤ་སྟག་ཡིན་པས་རེད་སྙམ། རྒྱུ་མཚན་ནི། ཡེ་ཤེས་དང་ནང་ཆོས་སོགས་རང་ཡུལ་ནས་གཞན་ཡུལ་དར་བཞིན་ཡོད་ཀྱང་དོན་དངོས་རྒྱ་ཁབ་མང་པོ་ཞིག་གི་ནང་རྩ་མེད་དམ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་ཉམས་ཞིབ་པ་མང་པོས་གླེང་། ཨ་རི་ནང་ཆོས་ལུགས་སྣ་ཚོགས་ཤིག་དར་བཞིན་ཡོད་པ་བདེན་ཡང་། འཕེལ་རྒྱས་ཆེ་ཤོས་དང་མྱུར་ཤོས་ནི་ཆོས་མེད་རིང་ལུགས་ཡིན་པས་མ་འོངས་བར་ཨ་རིའི་ཐེ་བའི་རྒྱལ་ཁབ་དགུའི་ནང་ལོ་རྒྱ་དང་གཉིས་བརྒྱའི་ནང་རྩ་མེད་འགྲོ་རྒྱུ་ཉེན་ཁ་ཡོད་པCNNརྒྱུད་ནས་ཉམས་ཞིབ་པ་ཁ་ཤས་གྱིས་གླེང་།
སྤྱིར་ཤམ་བྷ་ལའི་གཏམ་རྒྱུད་འདི་གནའ་བོའི་ཧིན་རྡུའི་མ་ཧྰ་བྷ་ར་ཏའི་གཏམ་རྒྱུད་ལས་ཆད་པའམ། དེ་ལ་དཔེ་འགེབས་བྱས་པ་ཞིག་ཡིན་པར་བཤད་ཅིང་། རིགས་ལྡན་དྲག་པོ་ཞེས་པའང་ཁྱབ་འཇུག་གི་འཇུག་པ་བཅུ་བར་ངོས་འཛིན་བྱས་ཡོད། གཏམ་རྒྱུད་དེ་ལས་གྱེས་པའི་ཡལ་ག་ལྟ་བུར། ནང་བའི་དྲག་པོ་འཁོར་ལོ་ཅན་དང་འབྲེལ་བའི་ཤམ་བྷ་ལའི་གཏམ་རྒྱུད། བོན་པོའི་ཞང་ཞུང་ཨོལ་མོ་ལུང་རིང་དང་འབྲེལ་བའི་བཤད་པ། ལྗོས་རིགས་ཚོའི་མ་འོངས་པའི་འཇིག་རྟེན་གྱི་བདག་པོ་མ་སེ་ཡ་དང་འབྲེལ་བའི་གཏམ་རྒྱུད། ཁ་ཆེ་ཚོའི་བསྟན་སྲུང་གཡུལ་འཁྲུགས་དང་འབྲེལ་བའི་ལོ་རྒྱུས། རྒུ་རིག་གི་ཆོས་ལུགས་ན་ཧེ་ཕིར་བྷོར་ཡ(Hyperborea)ཞེས་པ་དང་དོན་གནད་གཅིག་ཏུ་འདོད་པ་
འཇར་མན་གྱི་ཧེ་ཁྲི་ལིར་དང་།
ཨུ་རུ་སུའི་སི་ཏྲ་ལེན་ལྟ་བུའང་འདི་དང་འབྲེལ་ནས་ཤོད་མཁན་ཡོད། ཤམ་བྷ་ལའི་ཡུལ་ངོས་འཛིན་ཐད་ལའང་འགའ་ཞིག་གིས། ཤམ་བྷ་ལ་དེ་བཞིན་ཕྱི་དོན་གྱི་འཇིག་རྟེན་འདིར་དངོས་སུ་ཡོད་པ། དེའང་བོད་ཀྱི་གཞིས་རྩེའམ། རྒྱ་གར་དང་བོད་ལི་ཡུལ་གསུམ་འབྲེལ་བའི་ཧི་མ་ལའི་རི་རྒྱུད་ཅིག་ན་ཡོད་པར་འདོད་པ་དང་།
༧གོང་ས་མཆོག་གི་བཞུགས་ཡུལ་རྒྱ་གར་དྷ་རམ་ས་ལར་ངོས་འཛིན་མཁན་ཡང་ཡོད།
ཁ་ཅིག་གིས།
ས་ལམ་གྱི་ཉམས་རྟོགས་མཐོན་པོར་སླེབས་པའི་རྟོགས་ལྡན་གྲུབ་པའི་རྣལ་འབྱོར་བ་
ཁོ་ནའི་སྤྱོད་ཡུལ་ཅན་དུ་འདོད་པ་སྟེ་འདོད་ཚུལ་མ་འདྲ་གཉིས་ཤིག་ཡོད་པ་འདྲ། གནས་ཚུལ་ཡ་མཚན་པ་ཞིག་ལ། རྒྱ་གར་ནག་འབྲེལ་བའི་ཧི་མ་ལའི་ས་མཚམས(SultejValley)ཞེས་པའི་གྲོང་རྡལ་གྱི་གངས་དཀར་ལ(Kongka La)ཞེས་པར་ས་གནས་ཡུལ་མི་ཚོས(UFO)འགྲོ་འོང་བྱེད་པ་ཡང་ཡང་མཐོང་གི་ཡོད་པར་གླེང་བཞིན་འདུག ནང་ཆོས་ལྟར་ན། རྫོགས་ལྡན། གསུམ་ལྡན།
གཉིས་ལྡན་བཅས་ལ་ལོ༥༤༠༠རེ་བྱས་པས་ལོ༡༦༢༠༠དང་། དེའི་ཐོག་རྩོད་ལྡན་གྱི༣༦༠༠བསྣན་པས་ལོ༡༩༨༠༠སངས་རྒྱས་ཀྱི་ཆོས་གནས་པའི་དུས་དང་། རྩོད་ལྡན་གྱི་ལྷག་མ་ལོ༡༨༠༠ནི་ཀླ་ཀློ་ཆོས་འཇུག་པའི་དུས་རེད། སྟོན་པའི་འདས་ལོ་ལ་བཞེད་པ་མ་འདྲ་བ་ཆེ་ཁག་གཉིས་ལས། ཕུག་ལུགས་ལྟར་ན་འདོད་ཚུལ་མི་མཐུན་པ་འགའ་ཞིག་མཆིས་ཀྱང་། འདིར་བདུད་འཇོམས་ཆོས་འབྱུང་གཞིར་བྱས་ན། སྤྱི་ལོའི་སྔོན་གྱི་ལོ་བརྒྱད་བརྒྱ་བརྒྱད་ཅུ་གྱ་གཅིག་པར་མྱ་ངན་ལས་འདས། སྤྱི་ལོ༥༧༠ལོར་ཁ་ཆེའི་སྟོན་པ་བལྟམས། དེ་ལྟར་ན་སངས་རྒྱས་འདས་ནས་ལོ༡༤༥༡ཡས་མས་ཤིག་ན་ཀླ་ཀློའི་ཆོས་ཞུགས། ཀླ་ཀློའི་གནས་ཚད་ནི༡༨༠༠ཡིན་པས། རིགས་ལྡན་དྲག་པོ་ཕེབས་པ་ལ་ད་དུང་ལོ༣༥༩ཡས་མས་ཤིག་ཡོད། གཉིས་པ་གནས་བརྟན་སྡེ་བའི་ལུགས་ལྟར་ན། སྤྱི་ལོ་སྔོན་གྱི་ལོ༥༤༥ལོར་སངས་སྐུ་མྱ་ངན་ལས་འདས། སྤྱི་ལོ༥༧༠ལོར་ཁ་ཆེའི་སྟོན་པ་བལྟམས།
དེ་ལྟར་ན་སངས་རྒྱས་འདས་ནས་ལོ༡༡༡༥ཡས་མས་ནས་ཀླ་ཀློ་ཞུགས། ཀླ་ཀློའི་གནས་ཚད་ལོ༡༨༠༠ཡིན་པས། རིགས་ལྡན་ཕེབས་པ་ལ་ད་དུང་ལོ༣༥༩ཡས་མས་ཤིག་ཡོད། འདིར་སངས་རྒྱས་འཇིག་རྟེན་འདིར་བྱོན་ནས་ལོ་སུམ་སྟོང་ཡང་སོང་མེད་སྟབས། རྫོགས་ལྡན་དང་། སུམ་ལྡན། ཉིས་ལྡན། རྩོད་ལྡན་སོགས་བརྩི་སྐབས་བློ་ངོར་ཁྱེར་མ་བདེ་བ་མང་བོ་ཞིག་ཡོད་སྣང་ཤར་བས། མཁྱེན་ལྡན་དག་གིས་འདི་སྐོར་ལ་དཔྱད་པར་བྱ་རིགས། གོང་གི་མཆན་བདུན་པའི
༼རིགས་ལྡན་དྲག་པོ་ཕེབས་པ་ལ་ད་དུང་ལོ༡༤༤༠ལྷག་ཅིག་ཡོད་དགོས་པ་ཡིན།༽ཞེས་པ་ནོར་སོང་བས།རིགས་ལྡན་དྲག་པོ་ཕེབས་པ་ལ་ད་དུང་ལོ༤༠༠ཡས་མས་ཤིག་ཡོད་དགོས་པ་ཡིན་ཞེས་པར་བཅོས་རོགས། ཞུས་དག་གསལ་བོ་ཞིག་བྱེད་མ་ཐུབ་པས་ནོར་བ་ཡོད་ན་བཅོས་རོགས།
ངོ་མ་ཡ་མཚན་པ་ཞིག་རེད། ནང་བའི་རྒྱུད་སྡེ་སྤྱི་དང་ལྷག་པར་བླ་མེད་ཀྱི་ཆོས་སྐོར་ན། བསྐྱེད་རྫོགས་ཞེས་ཐ་མལ་བའི་སྣང་ཞེན་འགོག་ཐབས་ཤིག་འདུག ཐ་མལ་བའི་སྣང་ཚུལ་མཐའ་དག དག་པ་ལྷའི་རྣམ་རོལ་དུ་འཆར་བཞིན་པ། འོད་གསལ་འཆར་སྟོབས་ཀྱིས་བདེན་མེད་སྒྱུ་མ་ལྟ་བུར་འཆར་ནས། གནས་ལུགས་མངོན་དུ་འགྱུར་ཐུབ་ཀི་ཡོད་ས་རེད།
བརྟག་གཉིས་ན།།
སེམས་ཅན་རྣམས་ནི་སངས་རྒྱས་ཉིད།། འོན་ཀྱང་གློ་བུར་དྲི་མས་སྒྲིབ།། དེ་ཉིད་བསལ་ན་སངས་རྒྱས་ཉིད།། ཅེས་དང་། ཕྱག་ཆེན་ཐིག་ལེའི་རྒྱུད་ན། བདེ་གཤེགས་སྙིང་བོ་འགྲོ་བ་ཡོངས་ལ་ཁྱབ།། འདི་ན་སེམས་ཅན་སྣོད་མིན་གཅིག་ཀྱང་མེད།། ཅེས་དང་། ཧེ་བཛྲ་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི།། གཅིག་ཀྱང་ཡོད་པ་མ་ཡིན་ནོ།། སེམས་ནི་རྫོགས་པའི་སངས་རྒྱས་ཉིད།། སངས་རྒྱས་གཞན་ན་བསྟན་དུ་མེད།། ཅེས་དང་། དཔལ་གསང་བ་འདུས་པ་ལས། སེམས་ཉིད་སྟོང་བ་ཆོས་ཀྱི་སྐུ།། གསལ་ལ་མ་འགག་ལོངས་སྤྱོད་སྐུ།། སྣ་ཚོགས་དྲན་ཤར་སྤྲུལ་པའི་སྐུ།། ཞེས་དང་།
བྱང་སེམས་སྤུངས་རྒྱུད་ལས།། སེམས་ཉིད་ངོ་བོ་སྤྲོས་དང་བྲལ་བ་དེ།། ཀུན་ལ་ཁྱབ་ཅིང་ཀུན་གྱི་སྙིང་པོར་གནས།། དེ་ཉིད་སྟོང་ཞིང་སྤྲོས་དང་བྲལ་བ་དེ།། ཀུན་ལ་ཁྱབ་ཀྱང་ཀུན་གྱི་སྙིང་བོར་གནས།། དེ་ཉིད་ཁོ་ན་སངས་རྒྱས་ཆོས་སྐུ་ཡིན།། སེམས་ཉིད་ངོ་བོ་གསལ་ལ་རྟོག་མེད་པས།། རིག་པ་འོད་གསལ་ཁ་མིག་རྣ་བ་ཅན།། ཀུན་ལ་ཁྱབ་ཅིང་ཀུན་ལ་རྒྱུ་བྱེད་པ།། དེ་རང་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཡིན།། སེམས་ཉིད་རང་རྩལ་རིག་པ་སྣ་ཚོགས་དེ།། ཡུལ་དང་མཐུན་པའི་རིག་པ་སྣ་ཚོགས་འཆར།། དེ་ལ་དེར་སྟོན་སངས་རྒྱས་སྤྲུལ་བའི་སྐུ།། སྐུ་གསུམ་རང་ལ་བྱུང་ཞིང་རང་ལ་སྣང་།། གསལ་ཞིང་ཤར་བ་སེམས་ཅན་དོན་དུ་བྱུང་།། ཞེས་སོགས་གསུངས་འདུག ཧ་གོ་ན་ད་ལྟའི་སྣང་ཞེན་འདི་དག་སྐུ་དང་ཞིང་ཁམས་ཀྱི་རྣམ་རོལ་དུ་ཧྲིག་གེར་འཆར་ཚུལ་ཞིག་ཡོད་ས་རེད། དེའང་ཕར་དེད་ན་འོད་གསལ་བའི་ཡེ་ཤེས་ཞེས་སེམས་ཀྱི་གནད་གསང་ཁྱད་པར་ཅན་ཞིག་ལ་ཐུག ཡུལ་ཅན་གྱི་སྒྲིབ་པ་དག་གིན་དག་གིན་ཡུལ་གྱི་དངོས་པོ་ཇེ་གསལ་ནས་ཇེ་གསལ་དུ་སོང་མཐར། ཡུལ་དང་ཡུལ་ཅན་གཉིས་སོ་སོར་འབྱེད་མི་ཤེས་པར་གཅིག་ཏུ་གྱུར་ནས།
གང་ན་གཉིད་དུ་སོང་བའི་ཡུལ་དེར་རྨི་ལམ་གྱི་སྣང་བ་ཡོད་པ་ལྟར། ཕུང་ཁམས་སྐྱེ་མཆེད་སོགས་གནས་དག་པའི་དག་ཆ། སྐུ་དང་ཞིང་རབ་འབྱམས་སུ་ཤར་རྒྱུ་ཞིག་ཡོད་པར་གསུངས་པས། ཚད་དེ་ལ་སླེབས་ཚེ་ཤམ་བྷ་ལ་ཡིན་ད་ཡིན། སྐུ་གསུམ་གྱི་ཞིང་ཁམས་ཚང་མ་རྩོལ་མེད་ངང་ཤར་ཡོང་གི་ཡོད་པ་འདྲ། ངས་གོ་ཐོས་ཤིག་ལ་ཨ་མཆོག་རིན་པོ་ཆེ་སྐུ་གོང་མ་ཞིག་ཤམ་བྷ་ལའི་ཡུལ་དུ་བྱོན་མྱོང་བ་དང་། ཉེ་དུས་འདིར་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེའང་རྨི་ལམ་ལྟ་བུའི་ངོགས་ནས་ཤམ་བྷ་ལར་ཕེབས་རབས་ཤིག་གོ་བྱུང་། པན་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ཤམ་བྷ་ལའི་ལམ་ཡིག་ཀློག་མྱོང་། བརྗེད་ནས་དྲན་ངོ་ན་མི་འདུག དྲྭ་གྲོགས་ཚོས་ནང་ཤམ་བྷ་ལའི་ལྐོག་གྱུར་གྱི་གནས་ཚུལ་ཤེས་མཁན་ཡོད་ན། གསུང་རོགས་ཞུ།
སྤྱིར་སྔགས་ནས་བཤད་པའི་མཁའ་སྤྱོད་ཅེས་པ་ལ་ཕྱི་ནང་གི་མཁའ་སྤྱོད་གཉིས་ཡོད་ལ། ནང་གི་མཁའ་སྤྱོད་ནི་འོད་གསལ་ལ་བྱས་པ་དང་ཕྱིའི་མཁའ་སྤྱོད་ལ་གནས་ཀྱི་སྒོ་ནས་ཉེར་བཞི་ཡོད་དེ། འཛམ་བུའི་གླིང་གི་བཱུ་ལླིར་མ་ལ་ཡ་སོགས་གནས་ཉེར་བཞིའི་ནམ་མཁའ་ལ་དཔའ་པོ་ཉེར་བཞི་ལ་འཁོར་འབུམ་སྡེས་བསྐོར་བའི་གཞལ་ཡས་ཁང་ཉེར་བཞི་སོགས་ཡོད་པར་གསུངས་ཤིང་། དེ་རེ་རེ་ལའང་ཕྱི་ནང་གཉིས་ཀར་སྦྱོར་བ་ཡོད་པར་གསུངས་ཏེ། བདེ་མཆོག་རྩ་རྒྱུད་ལས། ཕྱི་ནང་བདག་ཉིད་ཅན་དུ་གནས།།མཐོ་རིས་ས་སྟེང་ས་འོག་ཏུ།།དཔའ་བོའི་ཡན་ལག་བརྟན་གཡོའི་བདག། ཅེས་པ་ལྟར་སྔོན་བྱུང་ལ་དྲག་པོས་ཡུལ་ཉེར་བཞིར་རང་གི་ལུས་ཀྱི་ཆ་ཉེར་བཞི་རྡོ་ལ་རང་བྱུང་གི་ཚུལ་དུ་བཀོད་ནས། དེ་ལ་ཁཎྜ་ཀཱ་པ་ལ་སོགས་ཀྱིས་མཆོད་པར་བྱེད་ལ། དེ་འདུལ་བའི་ཕྱིར་དུ་རྡོ་རྗེ་འཆང་གིས་རང་གི་ལུས་ཀྱི་ཆ་ཉེར་བཞི་དཔའ་བོ་དཔའ་མོར་སྤྲུལ་ནས་དེ་དག་ཏུ་བཀོད་པ། ཞེས་ཀུན་མཁྱེན་ལྷ་རི་བ་ཡོན་ཏན་རྒྱ་མཚོའི་བདེ་མཆོག་གི་བསྐྱེད་རིམ་ལས་གསུངས་འདུག་ལ། འདི་དག་གི་གནས་ནམ་མཁར་གནས་བས་མཁའ་སྤྱོད་ཟེར་བ་འདྲ་ཡང་བརྟེན་པ་ལྷའི་སྒོ་ནས་ཐུགས་འཁོར་བརྒྱད་མཁའ་སྤྱོད། གསུང་འཁོར་བརྒྱད་ས་སྤྱོད་དང་། སྐུ་འཁོར་བརྒྱད་ས་འོག་ནས་སྤྱོད་པ་སྟེ་གནས་གསུམ་གྱི་དཔའ་བོ་དཔའ་མོ་ཟེར་བ་ཡང་མི་འགལ་ཞེས་ཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས། བདེ་མཆོག་བཤད་རྒྱུད་ལས། རྒྱ་གར་དང་བོད་སོགས་ཡུལ་རེ་རེ་ལའང་གནས་ཉེར་བཞི་ཡང་གསུངས་ཡོད་པ་དང་།
དང་པོའི་ལས་ཅན་གྱི་མི་མཁའ་སྤྱོད་དེར་སོང་ནས་གྲོལ་ཚུལ་ཡང་གསུངས་འདུག དེས་ན་ནང་གི་མཁའ་སྤྱོད་དང་ནང་གི་འོད་གསལ་དོན་གཅིག མཁའ་སྤྱོད་ལ་གཞིའི་མཁའ་སྤྱོད་དང་ལམ་གྱི་མཁའ་སྤྱོད་གཉིས་ཡོད། སྣང་མཆེད་ཐོབ་འོད་གསལ་བཞི་ནི་ནང་གི་མཁའ་སྤྱོད་ཡིན། འདི་ནི་སྔགས་བླ་མེད་ཀུན་ལ་འདྲ་བ་ཡིན།
ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་སྣོད་རུང་དུ་གྱུར་བ་ན་སྔགས་ཀྱི་སྡོམ་པ་ལེན་པ་དང་དམ་ཚིག་ཚུལ་བཞིན་དུ་བསྲུང་བས་དབང་བསྐུར་བའི་སྣོད་རུང་དུ་བྱས་པ་ན་གཞི་ནས་དག་པའི་སྣང་བ་འཆར་བ་མ་གཏོགས་གཞན་ཡོང་ཐབས་མེད་པར་གསུངས་འདུག །སའི་དུམ་བུ་བཅུ་གཉིས་ལ་རིགས་ལྡན་གྱི་སྐུའི་སྐྱེ་བ་མི་འདྲ་བ་བཅུ་གཉིས་ཕེབས་པར་འགྲེལ་ཆེན་དྲི་མེད་དུ་གསུངས་འདུག་པར་དུམ་བུ་རེ་རེ་ལ་ལོ་༡༨༠༠་བསྒྱུར་བས་༢༡༦༠༠་བསྟན་པའི་གནས་ཚད་ལ་གསུངས་པ་ཡིན་ན་མགོ་གང་ནས་ཚུགས་པ་དང་མཇུག་གང་ནས་བསྡུ་བ་སོགས་ལ་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་བྱའོ།།