ཐེ་བོ་དཀོན་མཆོག་ཤེས་རབ།
རང་ཅག་བོད་ཀྱི་སྤྱི་ཚོགས་རྙིང་བ་ལ། །སྐྱོན་དང་ཞན་ཆ་མེད་པ་མིན་མོད་ཀྱི། །
ད་ལྟའི་རྒྱ་དམར་གཞུང་གི་སྲིད་ཇུས་ལ། །བལྟས་ན་དགེ་མཚན་ཤིན་ཏུ་མང་བོ་མཐོང་། །
སྤྱི་ཚོགས་རྙིང་བར་རང་ཉིད་ལ། །གཅིག་ཏུ་དབང་བའི་ས་ཁང་ཡོད། །
སྤྱི་ཚོགས་གསར་བར་རང་ཉིད་ལ། །གཅིག་ཏུ་དབང་བའི་ས་ཁང་མེད། །
སྤྱི་ཚོགས་རྙིང་བར་བོད་རིགས་རྣམས། །རངཁྱིམ་རང་བདག་དངོས་གནས་ཡོད། །
སྤྱི་ཚོགས་གསར་བར་བོད་རིགས་རྣམས། །དོན་དངོས་རང་ཁྱིམ་རང་བདག་མེད། །
སྤྱི་ཚོགས་རྙིང་བར་བོད་རིགས་ལ། །རང་ས་སྲུང་སྐྱོབ་ཐོབ་ཐང་ཡོད། །
སྤྱི་ཚོགས་གསར་བར་བོད་མི་ལ། །རང་ས་སྲུང་སྐྱོབ་ཐོབ་ཐང་མེད། །
སྤྱི་ཚོགས་རྙིང་བར་མི་ཀུན་ལ། །གར་འགྲོ་གར་འདུག་རང་དབང་ཡོད། །
སྤྱི་ཚོགས་གསར་བར་མི་མང་ལ། །འགྲོ་འདུག་རང་དབང་གཏན་ནས་མེད། །
སྤྱི་ཚོགས་རྙིང་བར་མི་མང་ལ། །ཆོས་དད་རང་དབང་ཤིན་ཏུ་ཡོད། །
སྤྱི་ཚོགས་གསར་བར་མི་མང་ལ། །ཆོས་དད་རང་དབང་གཏན་ནས་མེད། །
སྤྱི་ཚོགས་རྙིང་བར་མི་མང་ལ། །སྨྲ་བརྗོད་རང་དབང་ཆ་ཚང་ཡོད། །
སྤྱི་ཚོགས་གསར་བར་མི་མང་ལ། །སྨྲ་བརྗོད་རང་དབང་གཏན་ནས་མེད། །
སྤྱི་ཚོགས་རྙིང་བར་སྲིད་ཇུས་ལ། །བརྟེན་ནས་རང་ཤི་རྒྱག་མཁན་མེད། །
སྤྱི་ཚོགས་གསར་བར་སྲིད་ཇུས་ལ། །བརྟེན་ནས་རང་ཤི་རྒྱག་ནཁན་མང་། །
སྤྱི་ཚོགས་རྙིང་བར་བོད་མི་རྣམས། །ལྟོགས་ནས་མུ་གེར་ཤི་བ་ཉུང་། །
སྤྱི་ཚོགས་གསར་བར་བོད་མིའི་ཁྲོད། །ལྟོགས་ཤི་ཐེབས་པ་རབ་ཏུ་མང་། །
སྤྱི་ཚོགས་རྙིང་བར་མི་མང་ལ། །བདེན་པ་བཤད་ས་ཤིན་ཏུ་ཡོད། །
སྤྱི་ཚོགས་གསར་བར་མི་མང་ལ། །བདེན་པ་བཤད་ས་གཏན་ནས་མེད། །
སྤྱི་ཚོགས་རྙིང་བར་བོད་མིའི་ཁྲོད། །ཁྲིམས་འགལ་བྱེད་མཁན་ཤིན་ཏུ་ཉུང་། །
སྤྱི་ཚོགས་གསར་བར་བོད་མིའི་ཁྲོད། །ཁྲིམས་འགལ་བྱེད་མཁན་ཤིན་ཏུ་མང་། །
སྤྱི་ཚོགས་རྙིང་བར་དཔྱ་ཁྲལ་རིགས། །ཉུང་ཞིང་ཡང་ལ་ཀུན་ཏུའང་མེད། །
སྤྱི་ཚོགས་གསར་བར་དཔྱ་ཁྲལ་རིགས། །ཤིན་ཏུ་མང་ཞིང་ལྕི་བས་མནར། །
སྤྱི་ཚོགས་རྙིང་བར་བོད་ཡུལ་དུ། །དམག་མིའི་དམ་དྲག་མིང་ཡང་མེད། །
སྤྱི་ཚོགས་གསར་བར་བོད་ཡུལ་དུ། །དམག་མིའི་དམ་དྲག་ཤིན་ཏུ་ཆེ། །
སྤྱི་ཚོགས་རྙིང་བར་བོད་ཡུལ་དུ། །བཙོན་ཁང་ཤིན་ཏུ་ཉུང་ཉུང་ཡིན། །
སྤྱི་ཚོགས་གསར་བར་བོད་ཡུལ་དུ། །བཙོན་ཁང་རྒྱ་ཆེ་ཤིན་ཏུ་མང་། །
སྤྱི་ཚོགས་རྙིང་བར་གངས་ལྗོངས་སུ། །རྒྱ་མི་གཏན་སྡོད་བྱེད་མཁན་མེད། །
སྤྱི་ཚོགས་གསར་བར་བོད་ཡུལ་དུ། །བོད་ལས་རྒྱ་མི་མང་བར་ཡོད། །
སྤྱི་ཚོགས་རྙིང་བར་བོད་ཡུལ་ནི། །རང་བྱུང་ཁོར་ཡུག་ཤིན་ཏུ་བཟང་། །
སྤྱི་ཚོགས་གསར་བར་བོད་ལྗོངས་ནི། །རང་བྱུང་ཁོར་ཡུག་ཤིན་ཏུ་ཞན། །
སྤྱི་ཚོགས་རྙིང་བར་བོད་ཡུལ་དུ། །རི་རྒྱ་ཀླུང་རྒྱ་སྡོམ་སྲོལ་ཡོད། །
སྤྱི་ཚོགས་གསར་བར་གནམ་ས་ལ། །འཐབ་རྩོད་ཟེར་ནས་གཏོར་བཤིག་ཕོག །
སྤྱི་ཚོགས་རྙིང་བར་བོད་ཡུལ་དུ། །ནགས་ཚལ་སྨན་རྩྭས་ཀུན་ཏུ་གང་། །
སྤྱི་ཚོགས་གསར་བར་བོད་ཡུལ་གྱི། །ནགས་ཚལ་ཕལ་ཆེར་རྩ་མེད་བཟོས། །
སྤྱི་ཚོགས་རྙིང་བར་བོད་ཡུལ་ནི། །སྣ་ཚོགས་རིན་ཆེན་གཏེར་ཁས་རབ་ཏུ་ཕྱུག །
སྤྱི་ཚོགས་གསར་བར་བོད་ཡུལ་གྱི། །གཏེར་ཁ་ཕལ་ཆེར་བཏོན་ནས་རྫོགས། །
སྤྱི་ཚོགས་རྙིང་བར་བོད་རིགས་ལ། །རང་དབང་ཞི་བདེ་ཤིན་ཏུ་ཡོད། །
སྤྱི་ཚོགས་གསར་བར་བོད་རིགས་ལ། །རང་དབང་ཞི་བདེ་གཏན་ནས་མེད། །
སྤྱི་ཚོགས་རྙིང་བར་ལམ་བཟོས་དང་། །ཟམ་རྒྱག་ཡུལ་མིའི་ཆེད་དུ་ཡིན། །
སྤྱི་ཚོགས་གསར་བར་ལམ་བཟོས་དང་། །ཟམ་རྒྱག་རྒྱ་གཞུང་ཆེད་དུ་ཡིན། །
སྤྱི་ཚོགས་རྙིང་བར་བོད་ལྗོངས་སུ། །བོད་པ་ཁོ་ན་མ་གཏོགས་མེད། །
སྤྱི་ཚོགས་གསར་བར་བོད་ལྗོངས་སུ། །བོད་ལས་རྒྱ་མི་མང་བར་ཡོད། །
ད་ལྟའི་སྤྱི་ཚོགས་གསར་བ་ལས། །རང་རེའི་སྤྱི་ཚོགས་རྙིང་བ་ལ། །
ལེགས་ཆ་ཤིན་ཏུ་མང་མོད་ཀྱི། །འདིར་ནི་གཙོ་གནད་ཆེ་བ་འགའ། །
རྒྱ་དམར་གཞུང་ལ་ལན་འདེབས་སུ། །བྱ་གླག་རྒོད་པོར་འབོད་པས་སྨྲས། །
མཐོང་ཐོས་ཉམས་མྱོང་ལྡན་པ་ཡི།། བྱ་གླག་རྒོད་པོའི་རྩོམ་ཡིག་འདིས།།
རྒྱ་དམར་གཞུང་ལ་ལན་འདེབས་དང།། བོད་གཞོན་བྱིངས་ལ་གོ་རྒྱ་སྤྲད།།
ཐུགས་རྗེ་ཆེ།
སྤྱི་ཚོགས་རྙིང་པའི་དགེ་མཚན་གླེང་ཞོར་དུ།། སྤྱི་ཚོགས་རྙིང་པའི་ཞན་ཆ་མང་པོ་དེ།།
དྲང་པོའི་ལམ་ནས་ཅུང་ཙམ་གླེང་བྱས་ན།།སྤྱི་ཚོགས་གླེང་པའི་དགོས་དོན་ཚང་བར་ངེས།།
སྤྱི་ཚོགས་རྙིང་བར་བཟང་ཆ་ཡོད་མོད་ཀྱང་།།སྤྱི་ཚོགས་རྙིང་པའི་ཞན་ཆ་དེ་བས་མང་།།
རྒྱ་མི་གུང་ཕྲན་བོད་ལ་འབོད་པ་དེ།།སྤྱི་ཚོགས་རྙིང་པའི་ཞན་ཆ་མིན་ན་ཅི།།
ཆོལ་ཁ་གསུམ་པོ་གཅིག་ཏུ་མ་བསྒྲིལ་བ།།སྤྱི་ཚོགས་རྙིང་པའི་ཞན་ཆ་མིན་ན་ཅི།།
ཆོས་ལུགས་གཅིག་བུར་མགོ་བོར་འཐོམས་པ་འདི།།སྤྱི་ཚོགས་རྙིང་པའི་ཞན་ཆ་མིན་ན་ཅི།།
རང་གི་ལུང་བ་གཞན་ལ་ཤོར་བ་འདི།།སྤྱི་ཚོགས་རྙིང་པའི་ཞན་ཆ་མིན་ན་ཅི།།
ཡུལ་གྲུ་གཞན་དང་འབྲེལ་འདྲིས་མ་བྱས་པ།།སྤྱི་ཚོགས་རྙིང་པའི་ཞན་ཆ་མིན་ན་ཅི།།
མངའ་བདག་གསུམ་གྱིས་དབང་བསྒྱུར་བྱས་པ་དེ།།སྤྱི་ཚོགས་རྙིང་པའི་ཞན་ཆ་མིན་ན་ཅི།།
དགེ་འདུན་ཆོས་འཕེལ་བཙོན་ལ་བཅུག་པ་འདི།།སྤྱི་ཚོགས་རྙིང་པའི་ཞན་ཆ་མིན་ན་ཅི།།
སྐུ་དྲག་ནང་ཁུལ་མཐུན་སྒྲིལ་མ་བྱུང་བ།།སྤྱི་ཚོགས་རྙིང་པའི་ཞན་ཆ་མིན་ན་ཅི།།
དེང་རབས་ཤེས་ཡོན་མེད་པའི་གོད་ཆག་འདི།།སྤྱི་ཚོགས་རྙིང་པའི་ཞན་ཆ་མིན་ན་ཅི།།
རྒྱ་དམར་གུང་ཁྲན་བོད་ལ་ལུད་པ་དེ།།
རྒྱ་དམར་ཟ་སེམས་ཆེ་ཙང་སླེབས་ལེ་རེད།།
ཆོལ་ཁ་གསུམ་པོ་ཆིག་སྒྲིལ་མ་བྱས་པ།།
བོད་ཡུལ་ས་རྒྱ་ཆེ་བས་ལན་ལེ་རེད།།
ཆོས་ལུགས་གཅིག་པོར་མགོ་བོ་འཁོར་བ་དེ།།
འཁོར་བར་ངེས་འབྱུང་སྐྱེས་པ་མཚོན་ལེ་རེད།།
རང་གི་ལུང་པ་མི་ལ་ཤོར་པ་དེ།།
ཕྱི་ནང་རྒྱུ་རྐྱེན་མང་པོ་ཚོགས་ལེ་རེད།།
ཡུལ་གྲུ་གཞན་དང་འབྲེལ་འདྲིས་མ་བྱས་པ།།
རང་ཡུལ་སྐྱིད་ཙང་དགོས་མཁོ་མེད་ལེ་རེད།།
མངའ་བདག་གསུམ་གྱི་དབང་བསྒྱུར་ཟེར་པ་དེ།།
རྒྱ་མིའི་འབོད་ཚིག་བདེན་པར་བཟུང་ལེ་རེད།།
དགེ་འདུན་ཆོས་འཕེལ་བཙོན་ལ་བཅུག་པ་དེ།།
དགེ་ཆོས་རང་གི་བྱས་ཉེས་བཟོས་ལེ་རེད།།
སྐུ་དྲག་ནང་དུ་མཐུན་སྒྲིལ་མ་བྱུང་པ།།
ཆབ་སྲིད་ཁོར་ཡུག་ཀུན་དང་འདྲ་ལེ་རེད།།
དེང་རབས་ཤེས་ཡོན་མེད་པའི་གོད་ཆག་འདི།།
སྤྱི་ཚོགས་རྙིང་པར་བཀལ་ན་མཛའ་ལེ་མིན།།
ཞེས་ཀྱང་བླངས་སོ།
ཉི་ཤུ་གསུམ་འགྱུར་དྲུག་ཅུ་ལྷག །
རྒྱ་ཡིས་བོད་བཟས་བདེན་དོན་རྣམས། །
རྒྱ་དམར་གཞུང་ལ་ལན་འདེབས་སུ། །
བྱ་གླག་རྒོད་པོར་འབོད་པས་སྨྲས། །
བོད་མི་རིགས་ཀྱི་ཆག་སྒོ་དེ་ནི་ཕྱོགས་མང་པོའི་གནས་ཚུལ་ལན་པ་ཡིན་གྱི་བོད་སྡེ་པ་གཞུང་གི་སྐུ་དྲག་ཁོ་ནའི་བྱ་སྤྱོད་ལ་རག་ལས་པ་ག་ལ་ཡིན། ཆིག་སྒྲིལ་མ་ཡོང་བ་དེ་ཡང་བོད་སྡེ་པ་གཞུང་དང་ཡུལ་ལུང་ཁག་གི་མི་དྲག་དཔོན་ཆེན་ཁག་གི་བྱེད་ངན་ལ་རག་ལས་ཡོད། དེ་དག་ནི་རང་གི་ཁེ་ཕན་དང་དབང་ཐང་རྒྱུན་གནས་ཁོ་ན་ལ་བསམས་པ་ལས་བོད་སྤྱི་པ་ལ་འགན་ཁུར་མེད་པའི་རྟགས་རེད།
དྲ་གྲོགས་རྣམ་པས་ཚ་བ་མདའ་སྨྱུག་གི་རྩོམ་ཡིག་དག་མཐོང་ཡོད་ཤས་ཆེ།
ངས་མཆན་བུའི་སྒེའུ་ཁུང་བརྒྱུད་ནས་ཁོང་གི་རྩོམ་ཡིག་གཅིག་འགོད་ཐབས་བྱས་ཀྱང་ནུས་པ་ཐོན་མ་བྱུང་།
རྣམ་པ་ཚོས་གཟིགས་མེད་ན་སེང་རྡོར་དྲ་བ་བརྒྱུད་ནས་གཟིགས་རོགས་ཞུ།
ལྷག་པར་དུ་ཨ་ལགས་ཀླུ་སྨྱོན་ཚང་དང་དཔལ་དགྱེས་ཀ་རྡོ་སོགས་ཀྱིས་ཅི་ནས་ཀྱང་གཟིགས་པར་ཞུའོ།།
དྲ་གྲོགས་རྣམ་པས་ཚ་བ་མདའ་སྨྱུག་གི་རྩོམ་ཡིག་དག་མཐོང་ཡོད་ཤས་ཆེ།
ངས་མཆན་བུའི་སྒེའུ་ཁུང་བརྒྱུད་ནས་ཁོང་གི་རྩོམ་ཡིག་གཅིག་འགོད་ཐབས་བྱས་ཀྱང་ནུས་པ་ཐོན་མ་བྱུང་།
རྣམ་པ་ཚོས་གཟིགས་མེད་ན་སེང་རྡོར་དྲ་བ་བརྒྱུད་ནས་གཟིགས་རོགས་ཞུ།
ལྷག་པར་དུ་ཨ་ལགས་ཀླུ་སྨྱོན་ཚང་དང་དཔལ་དགྱེས་ཀ་རྡོ་སོགས་ཀྱིས་ཅི་ནས་ཀྱང་གཟིགས་པར་ཞུའོ།།
གུང་ཕྲན་གཞུང་ལ་ལན་འདེབས་བྱས་པ་ལ།།
ལ་ལས་སྤྱི་ཚོགས་རྙིང་བ་བཟང་རབས་བཤད།།
རང་སྐྱོན་རང་གིས་སྦས་པའི་ལེ་ལན་ལ།།
ལ་ལས་སྤྱི་ཚོགས་རྙིང་བ་སྡུག་རབས་བཤད།།
བཟང་ངན་གཉིས་ཀྱི་མཐའ་ལ་མ་ལྷུང་བའི།།
བོད་ཀྱི་སྤྱི་ཚོགས་བཙན་དབང་འོག་ན་གནས།།
འདི་ཡི་གནས་ལུགས་རང་སྐྱོན་ཕྱོགས་ནས་བལྟ།།
གཞན་གྱི་བཙན་དབང་ཁོ་ནར་བལྟ་མི་འོས།།
གང་གི་ཁ་ཡི་ཉི་གཞོན་གསར། །
ཁ་བའི་ལྷུན་པོར་འཕོས་པ་ལས། །
བཞུས་པའི་ལེན་འདེབས་དྭངས་མའི་ཆབ། །
གངས་སྤྱི་ས་རྒོད་ཐང་དེར་མཁོ། །