༣ དོན་ངོ་མར་ང་ཚོ་ཡར་སློང་མཁན་དེ་སུ་ཡིན།
བོད་ཀྱི་སྐད་ཡིག་དྲ་ཚིགས་ནས་བླངས། (http://www.tibettl.com/blog/u/gangni/archives/2009/5358.html)
ང་ཚོ་ལྷིང་འཇགས་དང་ཞི་འཇམ་གྱི་ངང་དུ་བསྡད་ཡོད། ང་ཚོ་གོ་མེད་དང་ཚོར་མེད་ཀྱི་ངང་དུ་གནས་ཡོད། རྒྱུ་མཚན་ང་ཚོར་དམ་པའི་ཆོས་ཀྱི་འདོད་ཆུང་ཆོག་ཤེས་ཀྱི་བསླབ་བྱས་བག་ཆགས་ཀྱི་ས་བོན་མང་བོ་ཞིག་སྔོན་ནས་བཏབ་ཡོད་རྐྱེན། སྔོན་ཆད་ཡིན་ན་ང་ཚོར་འདོད་པ་ཆེན་པོ་ཞིག་མེད་དེ་ང་ཚོའི་འདོད་པ་ཆུང་ངུ་དེ་ནི་ཁོ་ཚོས་བཤད་པ་བཞིན་ཆོས་ལུགས་དད་མོས་ཀྱི་རང་དབང་ཞིག་དང་། རིག་གནས་རང་སྐྱོང་གི་རང་དབང་ཞིག འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཞིག་ལས་གང་ལའང་བསམ་བློ་བཏང་མྱོང་མེད། འདི་ཙམ་གྱི་འདོད་པའང་ང་ཚོར་བསྐང་གི་མེད་ན་འཇིག་རྟེན་ཁ་དཔེར “དེད་དེད་ཀྱི་རྦལ་བ་ངོར་ལྡིང” བ་ལྟར། ནང་ཇ་མ་དགོས་དུས་དྲོས་ཇ་ཡང་དགོས་མེད་དུ་འདོད་པའི་བསམ་བློ་ཐ་ཤལ་དེས་མང་བོ་ཞིག་ཡར་བསླང་སོང་བ་རེད།
རང་དབང་དགོས་པའི་འདོད་འདུན་དྲགས་པོ་ཕྱིར་མངོན་ནས་ཡར་ལངས་སོང་།
རང་དབང་གི་ཀི་སྒྲས་གནམ་ས་སྒུལ་བཞིན་ཡར་ལངས་སོང་། རང་ལུས(སྤྱི་ཟླ ༢༠༠༩ ༢ ༢༨ རྔ་ཡུལ་ཀིརྟི་དགོན་པའི་གྲྭ་བ་བཀྲ་པེས་ཉིན་གུང་དུས་ཚོད་གཅིག་ཙམ་ལ་རང་ལུས་) མེར་བསྒྲོན་པ་དང་། མ་བསད (སྤྱི་ཟླ ༢༠༠༨ ལོར་རྔ་ཡུལ་ཀིརྟི་དགོན་པའི་གྲྭ་བ་གཉིས་ལྕེབས་ཤི་བརྒྱབ་པ་དང་། ལྷ་སའི་ར་མོ་ཆེ་ནས་གྲྭ་བ་ཞིག་གིས་ཀྱང་ལྕེབས་ཤི་བརྒྱབ་པ། འབྲས་སྤུངས་དགོན་ནས་ཨ་མདོའི་གྲྭ་བ་གཉིས་ཀྱིས་རང་ལུས་གྲི་ཡིས་གཤེག་པ། མཚོ་སྔོན་རྨ་ལྷོ་ནས་སློབ་ཕྲུག་ཅིག་ཁང་ཁ་ནས་ལྕེབས་པ་སོགས་)རང་ཤི་རྒྱག་པ། རང་སྲོག་མེ་མདར་གཏད་པ་སོགས་ནི་རང་སྲོག་ལ་མ་གཅེས་པ་གཏན་ནས་མ་ཡིན་ཏེ། རང་སྲོག་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་རང་དབང་ཡིན་ལ་རང་དབང་འདི་ཙམ་པོ་ཡང་མེད་ན་གསོན་པ་ལས་ཤི་ན་དགའ་བའི་བདེན་དཔང་བྱས་པ་ཡིན། གཞན་དང་གཞན་ལ་བལྟས་ཤིང་ཉན་ན་འུ་ཐུག་ཐབས་ཟད་དུ་གྱུར་དུས་རང་སྲོག་འདོར་རྒྱུ་དེ་ཡང་དེ་འདྲའི་དཀའ་མོ་ཞིག་མིན་ཚོད་རེད།
ཤེས་བྱུང་ངམ་གདོང་དམར་ཚང་གི་སྤུན་ཟླ་རྣམ་པ། གསན་བྱུང་ངམ་འཛམ་གླིང་གི་འགྲོ་བ་མིའི་རིགས།
ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་མེད་ནི་དྲིས་ན་ཤེས་རྒྱུ་ཞིག་ཡོད་ལ། རིག་གནས་རང་སྐྱོང་གི་བྱ་ལས་ཡོད་ཚད་ལའང་བལྟས་ན་མཐོང་རྒྱུ་ཞིག་ཏན་ཏན་ཡོད་པ་ཡིན། རྒྱུ་མཚན་བཤད་ནི་མི་བདེན་བྱ་བ་བདེན་པ་ནི་དོན་དངོས་ཡིན་པས་བཤད་ལ་ཉན་པ་ལས་ལས་ལ་བལྟ་རྒྱུ་གལ་ཆེན་པོ་ཡིན་འདུག
༡
ཁོང་ཚོས་དུས་རྒྱུན་དུ “ཆོས་ལུགས་དད་མོས” ཀྱི་སྲིད་ཇུས་ཡོད་རབ་བཤད་ཀི་ཡོད་ལ། ཁོང་ཚོས་བཤད་པའི་དད་མོས་ཀྱི་ནང་དོན་ནི་ཆོས་ལུགས་གང་ཞིག་ལ་དད་པ་བྱ་འདོད་ཡོད་ན་སུས་ཀྱང་དད་ཆོག་མི་ཆོག་གི་བཙན་འདེད་བྱེད་པའི་ཐོབ་ཐང་མེད་ཅེས་བཤད་ཀི་ཡོད་མོད། ཐོབ་ཐང་དེ་ནི་ཁོང་ཚང་གཅིག་པུའི་ལག་ལ་རིལ་རིལ་དང་ལེབ་ལེབ་བྱས་ནས་བཟུང་ཡོད་པ་ལས་སུ་ལའང་ཐོབ་ཐང་དངོས་གནས་པ་ཞིག་སྤྲད་མྱོང་མེད། དུས་རྒྱུན “རྒྱལ་གཅེས་ཆོས་གཅེས” ཞེས་པའི་ཁ་གཡང་དྲོན་མོ་རེ་ཁྱེར་ནས་འཛམ་གླིང་ཞི་བདེ་དང་། འགྲོ་མིའི་འདྲ་མཉམ་ལ་ཤུགས་རྐྱེན་ཟབ་པའི་གོང་ས་མཆོག་ལ་ངན་དམོད་ཀྱི་སྐད་སྒྲ་ནམ་ཡང་མཚམས་འཇོག་མྱོང་མེད་ལ། ད་དུང་ཁོང་གི་སྐུ་པར་གཞུང་བཞེས་བྱས་པའི་གནས་ཚུལ་ཡང་གཅིག་ཙམ་གཏན་ནས་མིན། ལས་མ་ཡག་ན་མཚམས་མཚམས་སུ་ཁྱོད་ཀྱང་ཡར་ལངས་ནས་ཁོང་ལ་དགག་པ་རྒྱག་དགོས་ཀྱི་ཡོད་ལ། དགག་པ་རྒྱག་མི་འདོད་ན་ཁྱོད་རང་རྒྱལ་ཁབ་དང་ཆོས་ལུགས་ལ་མི་དགའ་བའི་བསྙད་ཆེན་པོ་ཞིག་འདོགས་འོངས་པ་རེད།
ཁྱོད་རང་སུ་ཞིག་ལ་དགའ་ན། ཁྱོད་རང་གང་ཞིག་ལ་དད་ན། དད་ཡུལ་དང་དུང་ཡུལ་དེར་གོ་གོ་རིག་རིག་ལ་ངན་དམོད་དང་སྐུར་འདེབ། བསྙད་འདོགས་དང་དམོད་བོར་ན་དེ་ནི་ཏག་ཏག“ངོར་བལྟས་ཏེ་མགོར་གཞེས” པ་ཡིན་པས་འདི་ལས་ལྷག་པའི་སེམས་པར་རྨ་ཁ་བཟོ་བྱེད་ཅིག་དང་། འདི་ལས་ལྷག་པའི་མཐོང་ཆུང་དང་བསྙེས་བཅོས་ཀྱི་རིགས་ཤིག་གཏན་ནས་ཡོད་པ་མིན། སྲིད་བློན་ཝུན་ཅ་པོ་ལཱའོ་སི་རྒྱལ་ཁབ་ཏུ་མའེ་ཀོང་གཙང་པོའི་ས་ཁུལ་ཉེ་འདབས་ཀྱི་དབུ་ཁྲིད་ཚོའི་ཚོགས་འདུ་ཐེངས་གསུམ་པར rd Summit of the Great Mekong Subregion countries ཚོགས་ཞུགས་སྐབས་ཁོང་གིས། ཏཱ་ལའི་བླ་མས་ཁོང་གི་སྙན་གྲགས་དབང་ཐང་ལ་བརྟེན་ནས་བོད་ནང་གི་དོན་རྐྱེན་ཞི་འཇགས་གཏོང་གནང་ཡོང་བའི་འབོད་སྐུལ་བྱས་ཡོད། ( ལྦང་ལིས་ཤོན་གྱི 《དང་པོ། ས་བྱི་ལོའི་བོད་ཀྱི་དོན་རྐྱེན་ནི་ཆུ་དབར་ཕྱེས་པའི་རི་བོ་ཞིག།》ཅེས་པ་ལས་དྲངས།) ཅེས་པ་འདིས་ཁོང་དོན་རྐྱེན་འདི་ལ་འབྲེལ་བ་མེད་པ་མ་ཟད་དོན་རྐྱེན་འདི་རིགས་འབྱུང་མི་རུང་བ་དང་། བྱུང་བཞིན་པ་དག་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་སོགས་བདེན་དོན་དྲང་བདེན་ལ་བདེན་དཔང་དང་ངོས་ལེན་བྱས་ཡོད་ན་ཡང་། ད་དུང་གསར་འགྱུར་བརྒྱུད་ལམ་ཁག་ནས་འོས་ལངས་དེ་ནི་ཏྰ་ལའི་བླ་མས་ངན་སྐུལ་འོག་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་ཞེས་བསྙད་འདོགས་གླེང་འགེལ་གྱི་ལས་རིགས་མཚམས་མི་འཇོག་དོན་ཅི་ཡིན་ནམ། སྤྱིར་གདོང་དམར་ཚང་ནི་བཟོད་བསྲན་ཆེ་བའི་མི་རིགས་ཤིག་ཡིན་ཞེ་ན་ཆོག་ལ། གལ་ལ་མ་ཐུག་ན་ཚེ་སྲོག་ནི་རྩ་ཆེན་པོར་བརྩི་ཞིང་ཅི་དགར་འདོར་མི་རུང་བར་ཁས་ལེན་པའི་མི་རིགས་ཤིག་རེད་དེ་རང་སྲོག་རང་གིས་བཅད་ན་ཡང་སྲོག་བཅད་པའི་ཉེས་པ་རང་ཉིད་ཀྱིས་འཁུར་དགོས་པར་ཁས་ལེན་མཁན་གྱི་མི་རིགས་ཤིག་ཡིན་པས།
ང་ཚོའི་ལུས་སྟེང་དུ་བཙན་འཛུལ་དང་གཉའ་གནོན་བརྒྱ་ཕྲག་མང་བོ་བྱས་པ་ལས་ང་ཚོའི་སེམས་པར་བཙན་འཛུལ་དང་གཉའ་གནོན་ཐེངས་གཅིག་བྱས་པས་ཐུ་བ་ནི་ཚེ་སྲོག་མེ་མདར་གཏད་པ་དེ་དག་གིས་བདེན་དཔང་བྱས་ཟིན།
༢
སྤྱི་ལོ ༢༠༠༨ ལོར་གསར་ཏུ་དཀར་མཛེས་ཁུལ་དུ་བོད་ཡིག་ཡིག་རྒྱུགས་ཀྱིས་སློབ་གྲྭ་ཆེན་མོར་འགྲིམ་ཆོག་པའི་གཏན་འབེབ་བཟོས་ཡོད་པ་འདིས་འུ་ཅག་ལ་མི་རིགས་རང་སྐྱོང་དང་། རིག་གནས་རང་སྐྱོང་གི་ཐོབ་ཐང་ཅི་འདྲ་ཡོད་པ་ཁ་གསལ་མཐིལ་རྟོགས་ཀྱི་སྒོ་ནས་གསལ་བཤད་བྱས་ཡོད་ལ། པེ་ཅིང་དང་ནན་ཅིང་སོགས་ཀྱི་ལྷ་སའི་སློབ་འབྲིང་ཁག་ཏུ་གཟའ་འཁོར་གཅིག་རིང་བོད་ཡིག་སློབ་ཁྲིད་གཅིག་ལས་མེད་པ། བརྒྱ་ཆའི་དགུ་བཅུ་བོད་རིགས་ཡིན་པའི་ས་ཁུལ་ཁག་ཏུའང་གོང་རིམ་ནས་མར་བཀྲམ་ཡིག་དང་། འོག་རིམ་ནས་ཡར་འབུལ་ཡིག་སོགས་ཡོད་ཚད་རྒྱ་ཡིག་ཁོ་ན་ལས་བོད་ཡིག་གི་དབུ་བྱང་ཙམ་ལས་མེད་ལ་གལ་ཏེ་བོད་ཡིག་རེ་གཉིས་འབྲི་བའི་དབང་དུ་བཏང་ནའང་ནུས་མེད་ཞན་ཆག་ཏུ་འགྱུར་འགྲོ་བས། བཞིན་མ་བཞིན་ལའང་ཁྱད་པར་ཆེན་པོ་མེད་འགྲོ་ལ། བོད་པ་ཁོ་ནས་གྲུབ་པའི་རྫོང་ཞིག་གི་ལས་ཁུངས་ག་གེ་མོར་འགྲོ་དགོས་བྱུང་ཡང་རྒྱ་ཡིག་དང་རྒྱ་སྐད་མིན་ཚེ་གོབ་ཆེན་པོ་མི་ཆོད་པ་ལྟ་བུ་རེད། ཀུན་གཟིགས་པཎ་ཆེན་ལགས་སྐུ་མ་བཞུགས་པའི་ཡར་སྔོན་གྱི་ལོ་དེར་ཁོང་གིས་དཔའ་སྤོབས་ཆེན་པོས “ངས་བོད་ཡིག་འདིས་ས་གནས་ལ་ཕན་ཐོག་ཡོད་པ་ཞིག་ཏུ་གཏོང་རྒྱུ་ཡིན” ཞེས་གསུངས་པ་བཞིན་བོད་ལྗོངས་ས་ཁུལ་གྱི་བཅའ་ཁྲིམས་སུ་བོད་ཡིག་སློབ་སྦྱོང་དང་བོད་སྐད་གོང་འཕེལ་གྱི་སྲིད་ཇུས་གཏན་འབེབ་བྱ་རྒྱུ་བྱས་ཤིང་། དེ་རྗེས་རིམ་བཞིན་བོད་ས་གནས་ཡོངས་རྫོགས་སུ་གཅིག་གྱུར་གྱི་ལག་ལེན་བྱེད་རྩིས་བྱས་པ་རེད། ཡང་ཁོང་གིས “གོང་དུ་བཤད་པ་ལྟར་ལྷ་སའི་བོད་ཡིག་གོང་འཕེལ་གཏོང་རྒྱུར་གཏན་འབེབས་བྱས་ཡོད། གཏན་འབེབས་དེའི་ནང་དུ་ལས་བྱེད་པ་བསྡུ་ལེན་བྱེད་དུས་བོད་ཡིག་གི་རྒྱུག་ལེན་རྒྱུ་ཡིན། ལོ་རྗེས་མའི་ཟླ་བདུན་པའི་ཚེ་གཅིག་ནས་བཟུང་སྟེ་དེ་ལག་ལེན་ལ་བསྟར་ནས་ཕྱིན་ཆད་ལས་བྱེད་པ་ཡིན་ན་ཡང་འདྲ། ཚང་མས་བོད་ཡིག་གི་རྒྱུག་སྤྲོད་དགོས། ད་ལས་ཁུངས་ན་ཡོད་པའི་ལས་བྱེད་པ་བོད་ཡིག་མི་ཤེས་པ་ཚང་མས་ལོ་གསུམ་གྱི་ནང་དུ་བོད་ཡིག་སྦྱང་དགོས། ལས་ཁུངས་ཡིན་ན་ཡང་རིམ་པ་གོང་མ་ནས་མར་ལ་ཡི་གེ་ཡོང་ན་རྒྱ་ཡིག་གཅིག་པོ་མ་གཏོགས་བོད་ཡིག་མེད་ན་མར་ནས་ལེན་མི་དགོས་པ་དང༌། བོད་ཡིག་ཡོད་ན་རྒྱ་ཡིག་མེད་ཀྱང་ལེན་དགོས། བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ཡོད་ན་དེ་རབ་རེད། མན་ཆད་ནས་ཡར་ལ་སྤྲོད་པའི་དུས་ཀྱང་རྒྱ་ཡིག་མེད་ན་ཆོག” འདི་ནི ༡༩༨༧ ལོའི་ཟླ ༣ པའི་ཚེས ༡ ཉིན་ཁོང་གི་སྐུ་ཡུལ་བིས་མདོ་བོད་ཡིག་སློབ་འབྲིང་དུ་གནང་བའི་གསུང་བཤད་ཅིག་རེད། འདི་ནས་ཚུར་ལ་བརྩིས་ཏེ་མི་ལོ་ཉི་ཤུ་རྩ་གཉིས་ཀྱི་རིང་འདིར་ཡར་དང་མར་ལ་བཞིན་པའི་ཡི་གེ་བོད་ཡིག་དང་། ལས་བྱེད་པ་བསྡུ་ལེན་བྱ་དུས་བོད་ཡིག་གིས་ཡིག་རྒྱུགས་བླངས་པ་སོགས་ཀྱི་སྲིད་ཇུས་ཤིག་ང་ཚོར་ལག་ལེན་བསྟར་མྱོང་ཡོད་དམ། བོད་ཡིག་ཡིག་རྒྱུགས་ཀྱིས་སློབ་གྲྭ་ཆེན་མོའི་སྒོ་ཐེམ་ཙམ་ཡང་བརྒལ་ཐུབ་ཀར་འཇུག་གི་མེད་ན་གཞན་ཞིག་ནི་ཕར་ཟད། གནའ་ཚུལ་འདི་དག་གི་ཟུར་ཙམ་ལ་བལྟས་ན་ང་ཚོར་སྤྲད་པའི་རིག་གནས་རང་སྐྱོང་གི་སྲིད་ཇུས་ཟེར་བ་དེ་ཡང་ཅི་འདྲའི་མངོན་གསལ་ཞིག་མ་རེད་དམ།
༣
ང་ཚོས་འོས་ལངས་ཆུང་ངུ་ཞིག(ཆུང་ངུ་ཟེར་དོན་ནང་ལོག་ས་ཁུལ་ནས་འདི་འདྲའི་འོས་ལངས་རྒྱུན་དུ་འབྱུང་གི་ཡོད་ན་ཡང་འཛམ་གླིང་གི་གསར་འགྱུར་ཕར་ཟད་རྒྱལ་ནང་གི་གསར་འགྱུར་དུ་ཡང་ལེགས་པོ་ཞིག་བསྒྲག་མྱོང་མེད་པས) བྱས་པ་ཆེན་པོ་ཆེན་པོ་ཞིག་ཏུ་བསྒྱུར་བས། ད་ལྟ་ང་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་བཀག་སྡོམས་བྱས་དང་བྱེད་བཞིན་ཡོད་ལ། ཐ་ན་ཆོས་ལུགས་ཀྱི་ཆོ་ག་ཙམ་ཞིག་སྤེལ་སླད་དུའང་རྫོང་དང་རྫོང་གི་བར་འགྲོ་མི་ཆོག་པའི་བཟོ་ལྟ་སྣ་ཚོགས་སྟོན་གྱིན་ཡོད། མི་ཞིག་ཡིན་ཕྱིན་རང་དབང་གི་ཁོར་ཡུག་ཆུང་ངུ་ཞིག་དགོས་ངེས་ཡིན་ལ་དེ་མེད་ཕྱིན་གསོན་ན་ཡང་དོན་སྙིང་མེད་པའི་སྣང་བ་རྒྱུན་དུ་སྐྱེ་འགྲོ་བ་རེད། རྒྱལ་ཁབ་ཆེན་པོ་འདི་ལྟ་བུ་ཞིག་གིས་བྱ་བཞག་ཆུང་ངུ་འདི་འདྲ་ཞིག་ཀྱང་ཆེན་པོ་ཆེན་པོ་ཞིག་ཏུ་བསྒྱུར་བའི་གནས་ཚུལ་ལ་ང་དངོས་གནས་ཧ་ལས་གི་ཡོད། རྒྱལ་ཁག་གཅིག་ནང་གི་མི་རིགས་གཉིས་ལ་འགལ་བ་ཆེན་པོ་བཟོས་ན་རྒྱལ་ཁབ་དེ་སྲ་བརྟན་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ངེས་ལ། ད་དུང་ཕྱི་དགྲ་ཇེ་མང་ནས་ཇེ་མང་དུ་བཏང་བའང་རྒྱལ་ཁབ་མི་བདེ་བའི་དངོས་རྒྱུ་གལ་ཆེན་ཞིག་ཏུ་འགྱུར་ངེས་ན་འུ་ཚང་གི་སྲིད་གཞུང་གིས་བསམ་གཟས་ནས་ནང་དགྲ་དང་ཕྱི་དགྲ་མང་དུ་གཏོང་བཞིན་པ་འདི་དག་གང་གིས་ལན་ནམ། ཡོད་ཚད་དཔོན་རིགས་རུ་ཚོགས་ཀྱི་མགོར་འཇོག་དགོས་པ་ཡིན་ནམ། སྐུ་ཞབས་ལྦང་ལིས་ཤོན་གྱིས “དེང་སྐབས་རྒྱ་ནག་དམར་ཤོག་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས། ཆེས་མཐོའི་དབང་འཛིན་པས་ཐག་གཅོད་བྱེད་དགོས་ཀྱི་མེད་པར་མ་ཟད། ཐ་ན་ཆེས་མཐོའི་དབང་འཛིན་པས་ཐག་གཅོད་གནང་ཡོད་ནའང༌། དཔོན་རིགས་རུ་ཚོགས་ཀྱི་དགོས་འདོད་དང་མ་མཐུན་ན་ནུས་པ་ཅི་ཡང་ཐོན་གྱི་མེད།” ( 《དང་པོ། ས་བྱི་ལོའི་བོད་ཀྱི་དོན་རྐྱེན་ནི་ཆུ་དབར་ཕྱེས་པའི་རི་བོ་ཞིག།》ཅེས་པ་ལས་དྲངས།) ཅེས་པའང་བདེན་དོན་གྱི་དབུ་ལོ་མི་ལྡེམ་ཐབས་མེད་རེད་འདུག་ལ་སྐད་ཆ་འདིའི་ཟུར་དོན་དངོས་ལ་དཔྱད་ན་དོན་ངོ་མར་རྒྱལ་ཁབ་ལ་གཏོར་བརླག་གཏོང་མཁན་དེའང་སུ་ཞིག་རེད་དམ། དཀར་བོ་ནག་པོར་ཇི་ལྟར་བསྒྱུར་ན་ཡང་། དྲང་མོ་འཁྱོག་པོར་བཙན་གྱིས་བཀུགས་ན་ཡང་ནམ་ཞིག་བདེན་ལུང་བ་གཉིས་ལ་ཕུ་ཐག་རིང་བས། རྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་ངུར་བྱས་འགྲོ་བར་ང་ལ་ཡིད་ཆེས་ཟབ་མོ་ཡོད།
གང་ལྟར་འུ་ཅག་གི་སྤུན་ཟླ་མང་བོ་ཞིག་གི་ཚེ་སྲོག་མེ་མདར་གཏད་ནས་ཡར་ལངས་པ་ནི་འུ་ཐུག་ཐབས་ཟད་དུ་གྱུར་ནས་ཡར་ལངས་པ་ཞིག་ལས“སྐྱིད་ཀྱི་རྟ་ཁ་མ་དོ”བར་ཡར་ལངས་པ་ཞིག་ག་ནས་ཡིན། གོང་དུ་བཤད་པའི་རྒྱུ་རྐྱེན་དེ་གསུམ་ནི་ང་ཚོ་ཡར་ལངས་དགོས་པའི་གཞི་རྩའི་མནར་གཅོད་ཡིན་ལ། མནར་གཅོད་དེ་འདྲ་ཡོད་རྐྱེན་ད་གཟོད་ཚེ་སྲོག་མེ་མདར་གཏད་དེ་ལངས་དགོས་སོང་བ་རེད་ཨང་།
སྤུན་ཟླ་ཡུལ་གྱར་བ་ཚོ་དེ་རིང་ནི་སུམ་བཅུ་དུས་དྲན་དང་མི་ལོ་ལྔ་བཅུ་ཏག་ཏག་བཙན་འོག་དུ་བསྡད་པའི་དུས་ཚོད་ཏག་ཏག་ལ་འཁེལ་ཡོད་ན། བོད་ནང་གི་བོད་མི་དག་གི་ཚེ་སྲོག་གི་འགྲོ་སོང་གཏོང་བཞིན་ཡོད་ལ། ངེད་ཅག་གི་ག་རེ་བྱེད་ཀྱི་ཡོད་པ་རེད། ཡང་ན་ག་རེ་བྱེད་སྲིད་པ་རེད།
རེད། ང་ཚོ་ལ་ད་དུང་འུ་ཐུག་པའི་བྱ་སྤྱོད་ཅིག་ཡོད། དེ་ནི་བྱེས་སུ་ཡོད་པའི་བོད་མི་ཡོད་དོ་ཅོག་གི་རང་ཉིད་ཀྱི་བྲང་ཁ་མེ་མདའི་ཁར་གཏད་ནས་བོད་ནང་ཕྱིར་ལོག་ཏེ་སྤུན་ཟླ་ཚོ་དང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་དེ་རེད།
༑ རེད་ཡ་དྲ་གྲོགས་ཚོ། ཡུལ་གྱར་དུ་ཡོད་པའི་བོད་རིགས་མ་མཐོ་དམན་ཚང་མས་བློ་ཁ་བོད་ཀྱི་ཕྱོགས་སུ་འཁྱེར་སྟེ་བསྐྱོད་དགོས་ ལྷག་པར་དུ་བླ་ཆེན་དཔོན་ཆེན་རྣམས་པས་མགོ་འཁྲིད་སྟེ་རང་ཡུལ་ཕྱོགས་སུ་ཕེབས་ན་ང་ཚོ་ལ་གྲུབ་འབྲས་ཤིག་ཐོབ་པར་ངེས་གཞན་ང་ཚོའི་ལས་འགུལ་ཆུང་ཚག་རིགས་སྤེལ་བ་ཡིན་ན་ཕན་འབྲས་དེ་ཙམ་མི་ཐོན་ བླ་ཆེན་དཔོན་ཆེན་རྣམས་མཁའ་དབྱིངས་སུ་འཕུར་མི་འདུག་པར་ས་སྟེང་དུ་ཕེབས་ཏེ་མི་མང་རྣམས་སྣེ་འཁྲིད་སྟེ་བདེན་པའི་དར་ཆ་འཁྱེར་སྟེ་སྐྱོད་ན་ང་ཚོ་འཛམ་གླིང་མི་མང་རྣམས་ཀྱི་གཟིགས་པར་ངེས་ལ་ང་ཚོ་ལ་རྒྱལ་ཁ་ཐོབ་པར་ངེས་སོ།
བོད་པ་འདི་ཚང་གི་ལས་དབང་ཟེར་ན་འདྲ། བོད་པས་བོད་པ་ལ་ཡིད་ཆེས་བློས་འགེལ་གྱི་གཅིག་སེམས་གཅིག་ལ་འཁེན་ནས་ལས་ཀ་ཞིག་བྱེད་རྒྱུར་ད་དུང་ཧ་ཅང་རྒྱང་ཐག་རིང་བོ་ཡོད་པ་ཡིན་པ་འདྲ། དེ་མིན་གཅིག་ཤི་སོང་བ་རེད་ཟེར་གྱི་འདུག གཉིས་བཙོན་དུ་བཟུང་འདུག་ཟེར། གསུམ་རི་ལ་བྲོས་སོང་བ་རེད་ཟེར་གྱི་འདུག་ཟེར་ནས་བོད་པས་བོད་པ་ལ་ལྟད་མོ་བལྟས་དེ་བསྡོད་མི་སྲིད་པ་རེད།