རིག་པའི་རྡོ་རྗེ།
ངའི་བསམ་བློ་གཏོང་སྟངས་ནི་ཆེས་སྤྱིར་བཏང་བ་ཞིག་ཡིན་མོད། ཅིག་བྱས་ན་ལེགས་ཆ་རེ་ཡང་ཡོད་མི་སྲིད་པ་མིན་པས་བསམ་ཚུལ་ལྷུག་པོར་འབྲི་འདོད་བྱུང་། དེ་ཡང་ཀླུ་སྨྱོན་ཧེ་རུ་ཀས་བོན་ཆོས་རྙེད་པའི་བརྒྱུད་རིམ་ཞེས་པ་བཀླགས་པའི་ཚོར་སྣང་ཙམ་ཞིག་ཡིན།
ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞི་དང་། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལྟ་ཅི་སྨོས། ཕྱི་རོལ་གྱི་གྲུབ་མཐའ་ཐ་དད་པ་དང༌། ཐ་ན་བཟོའི་གནས་ལ་སོགས་པ་རིག་པའི་འཇུག་སྒོ་མ་ལུས་པ་རྣམས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་འཕྲིན་ལས་ཀྱི་རྣམ་འགྱུར་ཙམ་དུ་ནི་ངོས་འཛིན་བྱེད་དགོས་མོད། མཁས་པར་རློམས་པའི་སྐྱེ་བོ་ཕལ་མོ་ཆེས་རང་ཉིད་དུལ་བར་རློམས་ཞིང་ཁས་ལེན་ལ། གཞན་གྱི་ལྟ་བ་དང་རིགས་པ་དང༌། སྤྱོད་ཚུལ་དང་། ངང་ཚུལ་དག་ལ་སྡང་སྨྲས་འབའ་ཞིག་གིས། མི་ཚེ་ཧྲིལ་པོའི་དུས་འདའ་བར་བྱེད་པ་ནི་ཤིན་ཏུ་མི་མཁས་ཤིང་ཡ་རབས་ཀྱི་སྤྱོད་ཚུལ་བློས་བཏང་བའི་མི་ཚེའི་བརྒྱུད་རིམ་ཞིག་རེད།
འོན་ཀྱང་རྒྱལ་བའི་བསྟན་པ་བཟང་ཞིང༌། དེ་ལས་ཕྱི་རོལ་ཏུ་གྱུར་བ་དག་ཀྱང་དེ་དང་འདྲ་བར་མཐའ་གཅིག་ཏུ་བཟང་ངོ་སྙམ་དུ་སེམས་སུ་རུང་བ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པའི་འཕྲིན་ལས་གང་ལ་གང་འདུལ་དུ་འཇུག་པ་ཡིན་པས། དེ་ལ་ལོག་པར་མོས་ཤིང་རྣམ་པར་གྲོལ་བའི་སྐལ་བ་མེད་པ་དག་ལ། སངས་རྒྱས་ཀྱིས་ཡང་དག་པའི་ལམ་དངོས་སུ་སྟོམ་པར་མི་འགྱུར་བར་རྣམ་པ་གཞན་དང་། ཚུལ་གཞན་གྱིས་འཇིག་རྟེན་པའི་ལམ་ཙམ་ཞིག་སྟོན་པ་རེད། དཔེར་ན། འཁོར་ལོ་བསྒྱུར་བའི་རྒྱལ་བོས། ས་སྟེང་གི་སྐྱེ་འགྲོ་ཐམས་ཅད་ལ་བྱ་དགའ་དང༌། ཁ་ཟས་ཀྱི་ཁྱད་པར་མཐའ་ཡས་པ་སྩོལ་བར་མཛད་པ་ན། ཁྱི་དང་ཕག་ལ་སོགས་པ་དག་ལ་ནི་གསེར་དངུལ་སོགས་རིན་པོ་ཆེ་དང༌། ལྷ་རྫས་ཀྱི་གོས་དང༌། ཁ་ཟས་རོ་བརྒྱ་ལྡན་པ་དག་གིས་ཅི་ཞིག་བྱ། གཞན་དུ་ན་ལྷག་མའི་ཟས་དང་སྨད་པའི་དངོས་པོ་དག་གིས་ཚིམ་པར་བྱེད་པ་ཡིན་ལ། འཁོར་སྒྱུར་རང་ཉིད་མངོན་སུམ་དུ་དེ་དག་གི་རྩར་ཕེབས་ཏེ་སྟེར་བར་ཡང་མི་བྱེད་དོ།།
དེ་ལྟར་འདིར་ཡང་དེ་བཞིན་གཤེགས་པས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པ་ན། བྱང་ཆུབ་རྣམ་པ་གསུམ་གྱི་སྐལ་བ་དང་ལྡན་པ་རྣམས་དེ་དང་དེ་ལ་འགོད་ཀྱི། མཐོ་རིས་ཀྱི་སྐལ་བ་ཅན་ལ་འཇིག་རྟེན་པའི་ལམ་སྟོན་ལ། དེའི་སྐལ་བའང་མེད་ན་ངན་འགྲོའི་གནས་ཉིད་དུ་བདེ་བ་འཕྲ་མོ་དང༌། སྡུག་བསྔལ་ཆུང་ངུར་བསྒྱུར་བ་དང་། སྡུག་བསྔལ་ཆེར་མི་བསྐྱེད་པའི་ཐབས་ཙམ་ཡང་སྟོན་པ་རེད།
དེས་ན་མུ་སྟེགས་བྱེད་ལ་སོགས་པ་རྣམས་ཀྱི་རྟག་པ་དང་ཆད་པའི་མཐའ་སྟོན་པའི་གཞུང་ལུགས་དེ་དག་ཀྱང་ཤིན་ཏུ་རྨོངས་བའི་གང་ཟག་ལ་བློ་གྲོས་ཀྱི་འཇུག་པ་གསར་དུ་སྐྱེ་བའི་རྒྱུ་ཡིན་པས། གནས་སྐབས་ཀྱི་བདེ་བ་ཕྲ་མོ་ཡང་སྐྱེད་ལ། བློ་གྲོས་ཤིན་ཏུ་བྱང་བའི་ཚེ་ཡང་དག་པའི་ལམ་དང་སྦྱོར་བ་ལའང་འཇུག་པར་འགྱུར་བའི་སྐབས་ཡོད་པས། རྒྱལ་བའི་འཕྲིན་ལས་ཀྱི་འཇུག་པ་ནི་ཡིན་ཀྱང༌། ཐར་བའི་ལམ་གྱི་སྐལ་བ་མེད་པའི་ཕྱིར། རྒྱལ་བས་དེ་དག་ལ་ཐར་ལམ་བསྟན་པ་ཡང་མ་ཡིན་ལ། སྐྱོན་ཀུན་སྤངས། ཡོན་ཏན་ཀུན་རྫོགས། སངས་རྒྱས་ཉིད་ཅེས་འཇིག་རྟེན་དུ་གྲགས་པའི་སྐུའི་རྣམ་པས་ཀྱང་དེ་རྣམས་ལ་དངོས་སུ་གསུང་བར་མི་མཛད་དེ། ལྷ་དང་། དྲང་སྲོང་དང་། དཀའ་ཐུབ་པ་དང་། རྟོག་གེ་བ་དག་ལ་བྱིན་གྱིས་བརླབས་པའམ། ཡང་ན་དེ་དག་གི་གཟུགས་སུ་སྤྲུལ་ནས་སྟོན་པར་མཛད་དོ།།
དེ་ལྟར་ཡང༌དུས་འཁོར་རྒྱུད་ལས། རིག་བྱེད་མཐའ་ལས་གསང་བ་འདི་དག་ཚངས་པ་ཡིས་ནི་རྣལ་འབྱོར་པ་རྣམས་དག་ལ་མངོན་བརྗོད་ཀྱང༌།། དུས་ཀྱིས་ཤེས་པ་རབ་ཉམ་ཐུབ་པ་རྣམས་ཀྱིས་འདིར་ནི་སྲོག་ཆགས་རྣམས་ལ་གསོད་པ་དག་ཀྱང་བསྟན།། མི་རྣམས་མཐོ་རིས་དོན་དུ་དེ་ལ་རབ་ཏུ་འཇུག་སྟེ་དམྱལ་བ་དལ་བའི་འབྲས་བུ་སྟེར་བར་འགྱུར།། སོལ་བ་འོ་མའི་རྒྱུན་གྱིས་མངོན་པར་བཀྲུས་པ་འདིར་ནི་ཟླ་བའི་མདོག་ཏུ་འགར་ཡང་འགྱུར་མ་ཡིན།། ཞེས་རིག་བྱེད་ལ་སོགས་པའི་གཞུང་འགའ་ཞིག་སྦས་པའི་དོན་མ་འཁྲུལ་བ་ཡོད་ཀྱང་། སྐལ་བ་དང་མི་ལྡན་པའི་ངོར་ཆེས་ཤིན་ཏུ་གབ་པ་ཐལ་ཆེས་ཏེ། ཚིག་དོན་དངོས་བསྟན་ལ་གྲོལ་པའི་ལམ་དེ་གསལ་བར་མ་བསྟན་པ་ལྟ་ཅི་སྨོས། ལོག་པའི་ལམ་དུ་མ་སྟོན་པ་ལྟར་ཡང་བྱུང་བ་སྐལ་མེད་རྣམས་ཀྱིས་མ་ཤེས་ཏེ། གཞུང་དེ་ལ་ཡིད་བརྟན་འཆའ་བའི་རྗེས་འཇུག་པ་རྣམས་ཕྱིན་ཅི་ལོག་ལ་ཞུགས་པ་ཡིན་ཞེས་ཀྱང་གསུངས་སོ།།
ཡང་དུས་འཁོར་ནང་ལེ་ལས། ཡན་ལག་དང་བཅས་རིག་བྱེད་དྲན་པའི་གཞུང་དང་བཅས་དང་རྟོག་གེ་གྲུབ་པའི་མཐར་ལྡན་འཇིག་རྟེན་དུ།། སྙན་ངག་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན་ཡང་རིག་པ་མིན།། རིག་པ་ཞེས་པ་ནང་རིག་འགྱུར་མེད་རྐྱང་སྟེ་འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་རབ་གསུང་ཉིད།། ཅེས་གསུངས་པ་ལྟར། དངོས་སུ་ན་སངས་རྒྱས་ཀྱིས་བསྟན་པ་ཁོ་ནས་ཐར་བའི་ལམ་སྟོན་པ་ཡིན་གྱི། གྲོལ་བའི་ཐབས་སྟོན་པ་གཞན་མེད་ལ། དེ་ལ་ཡང་ཐེག་པ་གསུམ་གྱི་ལམ་ཞེས་བརྗོད་མོད་ཀྱི། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ།། ཐེག་པ་གཅིག་གི་འབྲས་བུར་གནས།། ཞེས་གསུངས་པ་ལྟར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི། མྱ་ངན་ལས་འདས་པའི་ལམ་དང་འབྲས་བུ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། དངོས་སུ་ལམ་གྱི་ཆ་ཤས་དུམ་བུ་ཉི་ཚེ་བ་ཙམ་བསྟན་པ་དང༌། འབྲས་བུ་ཐར་བའི་ཆ་ཤས་ཙམ་ཐོབ་པ་ཡིན་པ་དང༌། མཐར་ཐུག་ཐེག་པ་ཆེན་པོ་ལ་གཞོལ་དགོས་པའི་ཕྱིར་རང་སྐྱ་མ་ཐུབ་པས། དགོས་པའི་དབང་གིས་ཐེག་པ་གསུམ་དུ་གསུངས་ཀྱང་། གཉིས་པོ་ཐེག་པ་ཆེན་པོའི་ལམ་དུ་འདུས་པའི་ཕྱིར་ཤིན་ཏུ་ཆེས་ཐ་དད་པའི་རིམ་པ་གསུམ་ཡང་ཡོད་པ་མ་ཡིན་ནོ།།
དེས་ན་ཆོས་ལུགས་དང་གྲུབ་མཐའི་འཐེན་འཁྱེར་སྐད་ཅིག་ཙམ་ཡང་མི་བྱེད་པར་དག་སྣང་བསྒོམ་པ་གལ་ཆེ་ལ། ལྷག་པར་ད་ལྟའི་བོད་ཀྱི་གནས་སྟངས་ལ་བསམ་ཚེ། ང་ཚོས་གྲུབ་མཐའི་ཁ་འཛིན་གྱི་དགག་གཞག་བྱས་ཏེ་འཇིག་རྟེན་གྱི་ཆགས་སྡང་རྩོད་རྒྱུའི་དུས་ཚོད་མིན་པས། ཆོལ་ཁ་ཆོས་ལུགས་དང་བཅས་པའི་མཐུན་ལམ་རྡོ་རྩ་གཅིག་སྒྲིལ་བྱས་ཏེ། གངས་ལྗོངས་གསར་བ་འཛུན་བསྐྲུན་ཆེད་བློ་རྩལ་ཡོད་དགུ་འདོན་པའི་དུས་ལ་བབ་ཡོད་པ་ཤེས་པར་གྱིས་ཤིག
ཕྱི་ལོ་ ༢༠༡༡ ཚེས་ ༧ ཚེས་ ༢༨ ཉིན།
འདི་ནའང་རིག་པའི་རྡོ་རྗེའི་མིང་ཐོག་ནས་རྒྱོས་པའི་རྡོ་མཇེས་གོ་རྒྱུ་ཡོད་པའི་སྐད་ཆ་འགའ་གླེང་སྟངས་དེའང་བསམ་གཟས་ནས་རྙོག་གླེང་ལ་སྒུག་པ་ལྟ་བུ་ཞིག་འདུག
བརླིག་པའི་རྡོ་མཇེའམ། སྟུ་སྤུ་གེ་སར། ཡང་ན་རྒྱོས་པའི་རྡོ་མཇེ་སོགས་ད་དུང་མིང་གཞན་ཡང་འདྲ་མིན་སྤྱོད་ཅིང་རང་གིས་རང་ལ་མཁན་ཆེན་དུ་འབོད་པ་ཁྱོད། གྱོད་སྣ་འདྲ་མིན་འགོ་འཛུགས་མཁན་ཞིག་ཡིན་པ་སྔོན་ནས་ཤེས་ཡོད། དེ་ལྟར་ལ་གཞན་གྱིས་རྒོལ་ནས་གླགས་མ་ཁེལ་ཚེ་གཡོལ་རྒྱུ་དང་གཞན་དེས་རང་ལ་མ་རངས་པ་ཞིག་བཤད་སོང་ཟེར་ནས་སྡུག་སྐད་ཤོར་རྒྱུ་ལས་མེད། ཉེ་ཆར་རང་ཁྱོད་ཀྱིས་འཁྲུལ་ཞིག་གིས་མ་འགྲིག་རབས་ཤིག་དང་། ད་ལྟའི་དགའ་ལྡན་ཁྲི་པས་དོལ་འདྲེ་གསོལ་གྱི་ཡོད་རབས་སོགས་གྱོད་སྣ་མང་པོ་ཞིག་དྲངས་ཡོད་པ་དེའང་མ་བརྗེད་ཅིག
ཀླུ་སྨྱོན་ཧེ་རུ་ཀ་དང་རིག་པའི་རྡོ་རྗེ་རྣམ་གཉིས་ཀྱི་མཁྱེན་དཔྱོད་དང་། ལྷག་བསམ། མི་གཞི། ཀུན་སྤྱོད་སོགས་ལ་རྗེས་སུ་ཡི་རང་ཆེན་པོ་ཡོད། འོན་ཀྱང་ད་རེས་ཀྱི་སྐད་ཆ་འདི་རྣམས་ཁས་ལེན་བྱེད་ཐུབ་ཀྱི་མི་འདུག བོན་པོ་ཟེར་བ་འདི་སྔར་མཁན་སློབ་ཆོས་གསུམ་གྱི་སྐུ་རིང་ལ་མགོ་ལ་རྩྭ་ཐོ་བཅིངས། མཇུག་ལ་ཤིང་ཐོ་བཅིངས་ཏེ་སོག་པོ་སྤྲེལ་སློག་ཅན་གྱི་ཡུལ་དུ་རྒྱང་ཕུད་ལ་བཏང་བའི་འཚེ་བ་ཆོས་སུ་སྨྲ་བའི་གདོན་གཟུགས་ཀྱི་གྲུབ་མཐའ་ཞིག་རེད། དེར་བརྟེན་དུས་ད་ལྟའི་བར་དུ། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས།། ཟེར་བ་འདི་ཐེག་ཆེན་གཙུག་ལག་ཁང་ན་༧གོང་ས་ཆེན་པོ་མན་ཆད་མཉམ་ཞུགས་ཀྱིས་འདོན་གྱིན་འདུག་ག དེ་ལ་དག་སྣང་སྒོམ་དགོས་དོན་གཏན་ནས་མེད། དཔེར་ན་ལ་སྟོད་བུ་དང་། ཤཱཀྱ་མི་བོ་ཟེར་བ་སོགས་འདི་ན་བོན་དྲི་བྲོ་བའི་མི་འགའ་ཞིག་འདུག་པ་ཚོར་བལྟས་ན་ཡང་། བོན་པོ་ཟེར་བ་དེ་ཡག་པོ་ཞིག་ཡིན་མིན་བཤམས་བཞག་ཡོད་ཁི་བསམ་གྱི་འདུག ལར་ཆོས་ལུགས་རིས་མེད་ལ་དག་སྣང་ཟེར་བ་འདི་ལ་ཡང་གོ་ས་དང་གོ་རྒྱུ་མང་པོ་ཡོད་པ་འདྲ། དཔེར་ན་གཞིས་ནང་ལོར་རྒྱ་བལ་གྱི་ས་མཚམས་ནས་ཧིན་རྡུ་བའི་མཆོད་སྦྱིན་གྱི་སྟོན་ཆེན་ཞིག་ཏུ་སེམས་ཅན་འབུམ་གཅིག་གི་སྐེ་བཅད་པ་དེ་ལ་ཡང་དག་སྣང་སྒོམ་རྒྱུ་ཟེར་ན་ཅིག་ཨེ་འགྲིག་གམ། ལར་དག་སྣང་བསྒོམས་རྒྱུ་མང་དྲག་ལ་ཤེས་བྱ་ཁྲ་ལེབ་ལ་འགྲོ་བའི་ཉེན་ཁ་ཡོད། དེ་བས་ང་ནི་ཆོས་ལུགས་རིས་མེད་ལ་དག་སྣང་ཟེར་བ་འདི་ལ་དེ་ཙམ་དགའ་གི་མེད་ལགས། ལྷག་པར་དུ་བོན་པོ་དང་ཁ་ཆེ་སོགས་འཚེ་བ་ཆོས་སུ་སྨྲ་བ་རྣམས་ལ་དག་སྣང་ངོ་མ་བསྒོམ་ཐུབ་ཀྱི་མི་འདུག དེང་སང་གི་བོན་པོ་འདི་ཚོ་ཡང་ནང་པའི་གཞུང་ཆེན་རྣམས་དང་། ཐ་ན་བྱང་ཆུབ་ལམ་རིམ་སོགས་དུས་ཕྱིས་སུ་བྱུང་བའི་བསྟན་བཅོས་ཡན་ཆད་ནས་རྐུན་མ་བརྒྱབ་སྟེ། མུ་ཏོ་བའི་ཕྱེས་བཟོས་པའི་གོ་རེ་ལྟ་བུ་དཀར་དམར་ཁྲ་གསུམ་འདྲེས་པའི་པོ་ཏི་གཅིག་བཟོས་ནས་འདི་བོན་གཞུང་ཡིན་ཞེས་བསྒྲགས་པ་ཞིག་རེད། ཆུང་ས་ཞིག་ནས་བཤད་ན་སྟོད་འགག་ཡན་ཆད་བཟོ་སྟངས་རྐུན་མ་བརྒྱབ་ནས་མཐོང་སྔོན་པོར་བརྗེས་པ་ཙམ་ཡིན་པས་དགོད་བྲོ་བ་ཞིག་མ་རེད་དམ། དེ་བས་བསྟན་པའི་ཆོམ་རྐུན་ཟེར་བ་དེ་བོན་པོ་ལས་གཞན་ཞིག་མི་འདུག ངས་རྒྱ་གར་ནས་འདི་ཚོའི་སྐོར་ལ་བོན་པོས་གང་ནས་རྐུན་མ་བརྒྱབ་པ་དང་། ཇི་ལྟར་བརྐུས་པ་སོགས་ཀྱི་རྣམ་བཞག་ཤོག་ལྷེ་བརྒྱར་ཉེ་བ་ཞིག་བྲིས་པ་ཡིན་མོད། གྲོགས་པོ་ཞིག་གིས་བོན་པོ་དང་གསར་འབྱོར་གཉིས་ལ་ཟེར་ས་ཆེན་པོ་མེད་པས་རྒྱག་རེས་ཡོང་གི་རེད་ཟེར་བ་བཞིན་ད་དུང་པར་སྐྲུན་མ་བྱས་པར་མནན་ནས་བཞག་ཡོད།
ཡ་ད་ཚེ་ཚོ་མི་གླེང་གཡུག་ཞོགས། དེ་བས་ད་རེས་དགའ་ཁྲི་པ་ལུང་རིགས་རྣམ་རྒྱལ་ཀྱིས་དཔའ་རྟགས་ཆེན་པོ་བཞག་འདུག་པས་རྣམ་པ་ཚོས་དྲ་རྒྱ་འདི་ལ་གཅིག་གཟིགས་དང་། ལྟད་མོ་འདུག་ཡ། ཨ་ཨ་ཨ། http://www.nagbausa.org/index.html
གུས་བརྩི་འོས་པའི་དྲ་གྲོགས་ཤཱཀྱ་མི་བོ་ལགས།
སྐུ་ཉིད་ཀྱིས་ང་སུ་ཡིན་ཤེས་བཞིན་དུ་དེ་ལྟར་གསུང་གིན་ཡོད་ན་གང་འདོད་དུ་སྨྲོས་དང་ང་ལ་ཁྱད་པར་གང་ཡང་མེད། འོན་ཀྱང་ངས་བལྟས་ན་སྐུ་ཉིད་ཀྱིས་ང་མི་གཞན་ཞིག་དང་ནོར་འདུག་བསམ་གི་འདུག དེ་མིན་ཅང་མེད་ལགས།
ཐུགས་རྗེ་ཆེ།
འདི་ཡ་མཚན་རེད། མུ་སྟེགས་པའི་བསྟན་པའང་བཅོམ་ལྡན་འདས་ཀྱི་འཕྲིན་ལས་ཀྱི་རྣམ་འགྱུར་ཡིན་ན། ཁ་ཆེ་དང་ཡེ་ཤེའུ་སོགས་ཆོས་ལུགས་གཞན་རྣམས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་ཡིན་ཟེར་དགོས་བས་ཕར་དེད་ནས་སོང་ཚེ་ཁ་ཆེའི་སྟོན་པའང་བཅོམ་ལྡན་འདས་རང་ཡིན་ཟེར་དགོས་ཐུག་པས། ཁ་ཆེ་དག་གིས་གོ་ཚེ་སྤྲོ་མི་ལང་ངམ། དེ་བཞིན་སྐབས་བབས་ཀྱི་རྗོད་གཞི་བོན་པོའི་ཆོས་སྟོན་པ་པོའང་སྟོན་པ་ཤཀྱ་མུ་ཎེ་ཡིན་པ་དོན་གྱིས་ཁས་ལེན་དགོས་ཐུག་འདུག་པས་བོན་པོ་ཚོས་ཀྱང་རྙོག་དྲ་བཤད་མི་ཡོང་ངམ། ལར་ན་སངས་རྒྱས་ཀྱི་ཆེ་བ་བརྗོད་ཚེ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་སྟེང་ནས་ཆེ་བ་འདོན་ཐུབ་པ་དེ་ཙམ་ཞིག་སྟོན་པ་འཇིག་རྟེན་བཀོད་པ་པོ་ཡིན་པ་ལྟ་བུར་བརྗོད་པས་ཀྱང་མིན་ལ། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། ཅེས་བའི་ཆོས་དེ་ཡང་འདི་ཉིད་ལས་གཞན་དུ་མེད། ཡང་སྐབས་རེར་གདུལ་བྱ་ལ་བལྟས་ནས་སངས་རྒྱས་ཀྱིས་མུ་སྟེགས་པའི་ལྟ་སྤྱོད་སྐོར་དུམ་ཙམ་རེ་གསུངས་བ་ཡོད་སྲིད་ཀྱང་། དེས་མུ་སྟེགས་པའི་ཆོས་ལུགས་སངས་རྒྱས་ཀྱི་འཕྲིན་ལས་ཡིན་པར་མི་འགྲུབ་ལ། གདུལ་བྱ་སུ་ཞིག་མུ་སྟེགས་པའི་ཆོས་ལ་དང་བ་ཡོད་མཁན་ཞིག་ལ་ལམ་སང་སངས་རྒྱས་བའི་ཆོས་བསྟན་ན་སྣང་བར་མ་འཕྲོད་པའམ་དང་བ་འདྲེན་མི་ཐུབ་པའི་ཉེན་ཡོད་པས། ཐོག་མར་གདུལ་བྱ་རང་ཉིད་དགའ་ཕྱོགས་ནས་མགོ་བརྩམས་ཏེ་རིམ་པས་ནང་པའི་བསྟན་པ་ལ་འཁྲིད་པ་ནི་གདུལ་བྱ་འདུལ་བ་ལ་མཁས་བས་རེད། དཔེར་ན་ཚན་རིག་མ་གཏོགས་ཆོས་ལ་དེ་འདྲའི་ཞེན་པ་མེད་བསྡད་མཁན་ཞིག་ལ་ལམ་སང་ཆོས་ཀྱི་དགེ་མཚན་བརྗོད་ན་ཕ་རོལ་བོ་མི་དགའ་བར་འགྱུར་སྲིད་པས། ཐོག་མར་ཚན་རིག་གི་དགེ་མཚན་དང་ཡོན་ཏན་བརྗོད་དེ་རིམ་པས་ནང་པའི་ཆོས་ནའང་དེ་དང་ཆ་འདྲ་བ་འདི་འདྲ་དང་དེ་འདྲ་འདུག་ཅེས་ཕ་རོལ་བོའི་མཚར་རྟོགས་འདྲེན་པའི་བརྒྱུད་རིམ་དེ་འདྲ་ཞིག་ལ་ཟེར་བ་རེད། སྐབས་འདིར་ང་ཚོས་གསལ་བོར་ཤེས་བ་ནི་ཚན་རིག་དེ་གོང་གསལ་ཚན་རིག་གི་ཡོན་ཏན་རྗོད་མཁན་གྱི་གདུལ་བྱ་བཀྲི་བ་པོ་དེའི་འཕྲིན་ལས་མིན་པ་དེ་རེད། དེར་བརྟེན་ངས་བལྟས་ན་མུ་སྟེགས་པ་དང་ཆོས་ལུགས་གཞན་རྣམས་བཅོམ་ལྡན་འདས་ཀྱི་འཕྲིན་ལས་ཀྱི་རྣམ་འགྱུར་རེ་རེ་རེད་ཟེར་བ་འདི། གཏམ་དཔེར་བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས་སྨོད་མི་ཤེས་མཁན་ཞིག་གིས་དམད་ན་དགའ་ཟེར་བ་དང་དོན་མཚུངས་བར་འགྱུར་ཉེན་འདུག།
དེ་ནས་བོན་པོའི་ཆོས་ལ་དད་པ་དག་སྣང་བསྒོམ་དགོས་ཟེར་བ་འདི་བོན་པོ་ཞིག་ལ་བཤད་ན་འགྲིག་པ་རེད་དེ། ཡིན་ནང་། སངས་རྒྱས་བ་ཞིག་ལ་བཤད་ན་ཅུང་མ་འགྲིག་པ་རེད་དྲན། རྒྱུ་མཚན་ནི་གལ་ཏེ་བསྟན་དང་སྟོན་པ་ལྟ་བས་ཕྱི་ནང་གཉིས་གསུངས་བ་ལྟར་ཕྱི་ནང་གི་ཁྱད་པར་འཇོག་པའི་དབང་དུ་བྱས་ན། བོན་ཆོས་འདི་ཕྱི་བའི་ཁོངས་སུ་གཏོགས་པས་དེ་ལ་དད་པ་དག་སྣང་སྒོམས་ཟེར་བ་འདི་ཀློག་པ་པོ་སངས་རྒྱས་བ་ཞིག་ཡིན་ན་ཅུང་སྣང་བར་ཨེ་འགྲོ་སྙམ། འོན་ཀྱང་། སུ་ཞིག་གིས་བན་བོན་གཉིས་ཀ་ལ་དད་པ་བྱས་ནས་དག་སྣང་བསྒོམ་རྒྱུ་ཡིན་ཟེར་ན་དེ་ནི་སྐྱེ་བོ་སོ་སོའི་རང་དབང་ཡིན་པས་ང་ཚོས་དེ་ལ་ཐེ་གཏོགས་བྱས་མི་ཆོག ངས་འདིར་བསམ་འཆར་བཤད་འདོད་པ་ནི་བོན་ལ་དད་པ་དག་སྣང་སྒོམས་ཟེར་བ་ལས་བོན་ལ་གུས་ཞབས་བྱེད་དགོས་ཞེས་བརྗོད་ན་སྐད་ཆ་འདི་སྤྱི་ཚོགས་དང་འཕྲོད་ཅིང་ཁྲིམས་ལུགས་དང་ཡང་མཐུན་ལ། ཆོས་ལུགས་དང་ལྟ་གྲུབ་མ་འདྲ་བ་མཉམ་གནས་ཐུབ་པའི་རྨང་གཞིའི་གོ་རྟོགས་དེ་ཡང་ཕན་ཚུན་གཉིས་གུས་འདི་རང་ཡིན་པས་། ང་ཚོས་དད་པ་དང་དག་སྣང་གི་རང་དབང་དེ་སྐྱེ་བོ་སྒེར་བ་སོ་སོའི་ལག་པར་སྤྲད་ནས། ང་ཚོ་ཚང་མ་ལ་ཡོད་དགོས་བའི་ཁྱབ་མཉམ་གྱི་འགན་འཁྲི་སྟེ་གཉིས་གུས་ཀྱི་གོ་རྟོགས་གསོན་པོ་ཞིག་རྒྱང་འབོད་བྱེད་ཐུབ་ན། དེ་ནི་དད་པ་དང་དག་སྣང་ལས་ཀྱང་གལ་འགངས་ཆེ་བར་བདག་གིས་སེམས་སོ།།
ང་ཚོས་བོན་ནི་རྣམ་རྟོག་ཟ་ཡུལ་ཞིག་གམ་ཡང་ན་གནོད་པ་བྱེད་མཁན་ཞིག་ཏུ་མཐོང་བསྡད་པ་དེ་ཡང་། ནམ་ཞིག་ང་ཚོར་གུས་ཞབས་ཀྱི་འགན་འཁྲིའམ་གོ་རྟོགས་གསོན་པོ་ཞིག་རྙེད་པའི་ཚེ་ན་རང་ཞིར་འགྲོ་ངེས་རེད། འདིར་གསལ་བཤད་བྱེད་དགོས་བ་ཞིག་ནི། བོན་ལ་དད་པ་ཡོད་མེད་ལ་མ་ལྟོས་བར་བོན་ཆོས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་ཆོག་པས་ན། ངས་སངས་རྒྱས་བ་ཞིག་ལ་བོན་ཆོས་ལ་དད་པ་དག་སྣང་བསྒོམ་དགོས་བར་བརྗོད་པ་ཅུང་མི་འགྲིག་པར་བརྗོད་པ་ནི་བོན་ཆོས་ལ་སློབ་སྦྱོང་མ་བྱེད་ཟེར་བ་མིན་པའང་ཞོར་དུ་ཤེས་བར་བྱ།།
གཤམ་གྱི་མཆན་བུ་འདི་དྲ་གྲོགས་ཤཱཀྱ་མི་བོ་ལགས་ཀྱིས། སྤོབས་པའི་རྩོམ་ཡིག ཀླུ་སྨྱོན་རིག་རྡོར་སོགས་ལ་གླུ་འདི་བླངས་ཞེས་པའི་འོག་གི་མཆན་གྲངས་བདུན་པ་རེད།
ངས་འདི་ལ་མཆན་ཞིག་འདེབས་འདོད་ཀྱང་དེར་མཆན་འགོད་ས་མི་འདུག དེར་བརྟེན་འདིར་བཀོད་པ་ཡིན།
དྲ་གྲོགས་ཤཱཀྱ་མི་བོ་ལགས་ཀྱིས། བསམ་བཞིན་ང་ལ་སྣེ་བཏོག་གིན་ཡོད་ན་སྐྱོན་མེད། ང་ལ་ཁྱད་པར་གང་ཡང་མེད། དེ་མིན་ཁྱེད་ཀྱིས་ང་མཁན་ཆེན་དགྱེས་རྡོར་དང་། པདྨ་གེ་སར་སོགས་རེད་གསུངས་པ་ནོར་བ་རེད། ང་དེ་དག་མ་ཡིན་པ་ངས་མཆོག་གསུམ་དཔང་དུ་བཙུགས་ཆོག ངས་འདི་ལྟར་ཁྱེད་ལ་དཀར་འདོན་བྱེད་དོན་རིག་པའི་རྡོ་རྗེ་ངའི་དངོས་མིང་ཡིན་ཅིང་། བསམ་བཞིན་མི་ལ་ཚིག་ངན་བརྗོད་རྒྱུའི་འདོད་པ་རྩ་བ་ནས་མེད། དེ་ང་རང་གི་གཤིས་ཀ་ཡིན་ལ། དྲ་དེབ་འདིར་ཞུགས་པའི་དྲ་གྲོགས་རྣམས་ཀྱིས། བོད་རང་གི་ཕ་སྐད་གཙང་མས་ཁ་བརྡ་བྱེད་བཞིན་ཡོད་པས་དེར་སྙིང་ནས་གུས་བརྩི་ཡོད། དེར་བརྟེན་ངས་འདི་ལྟར་ཞུས་པ་ཡིན།
ཨོ། དེ་སྔོན་ཁ་བརྡའི་ཐོག་ཐེངས་ཁ་ཤས་ཞིག་ལ། རིག་པའི་རྡོ་རྗེ་ཟེར་བ་གཞན་ཞིག་སླེབས་བྱུང་། དེ་དུས་ངས་ཁ་བརྡའི་དོ་དམ་པར་ཞུ་རྒྱུ་བྱུང་། རིག་པའི་རྡོ་རྗེ་དེ་ང་མ་རེད། དེའི་ཐད་དོ་དམ་པས་ཐུགས་ཞིབ་གནང་རོགས་ཞེས་ཞུས་པ་ཡིན།
གང་ལྟར་ཆོས་བརྒྱུད་ལ་མཐོང་ཆུང་དང་ཐུབ་ཚོད་བྱས་པའི་ཚོར་བ་ང་རང་ལ་ཡང་མི་ཉུང་བ་ཞིག་ཡོད་པས། ཁ་ཤས་ཀྱིས་བོན་པོ་ལ་ཅིག་ཅིག་ཉིག་ཉིག་ཞེས་ལབ་ཡོང་དུས་མ་སྐྱིད་པ་ཞིག་ཡོང་གིན་འདུག་པས་དེ་ལྟར་བྲིས་པ་ཡིན་ལ། དེ་སྔོན་ཡང་བོན་པའི་སྐོར་ལ་ཕྲན་བུ་རེ་འབྲི་མྱོང་། མ་འོངས་པར་ཡང་ཕན་ཐོགས་ཡོད་མེད་གང་ལྟར་ཅུང་ཟད་རེ་འབྲི་འདོད་ཡོད།
དེ་ཙམ་ཡིན།
༧༽ ཤཱཀྱ་མི་བོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡ སྐར་མ་ ༢༨
ཁ་བརྡ་དྲ་བ་འདིའི་ནང་མཁན་ཆེན་རྒྱོས་པའི་རྡོ་མཇེ་ཡིས། མིང་རྫུན་ཇི་ཙམ་བཀོལ་སྤྱོད་བྱས་ཡོད་དམ། ཨེ་མ་ཧོ་དང། ཤྲི་སྨྱོན་པ། རིག་པའི་རྡོ་རྗེ། དྲི་མེད་ལྷག་བསམ། པདྨ་གེ་སར། གཏུམ་ཆེན་རྡོ་རྗེ་མེ་འབར། ད་དུང་འདིས་མ་ཚད་དྲ་གྲོགས་གཞན་རྣམས་ལ་འཐབ་དུས་མིང་གཞན་ཡང་སྤྱད་འདུག་པས། གནས་སྐབས་བཏང་སྙོམས་སུ་བཞག་ཡོད། ཁོ་ལ་མིང་རྫུན་མང་དྲགས་པས། སྐབས་འགར་མིང་རྫུན་ཅི་ཞིག་གི་ཐོག་ནས་མཆན་གང་ཞིག་འདེབས་ཀྱི་ཡོད་པ་རྣམས་བརྗེད་ནས་འཆོལ་འགྲོ་བའང་མང་པོ་འདུག དཔེར་ན་ཀླུ་སྨྱོན་ཧེ་རུ་ཀས་བོན་ཆོས་རྙེད་པའི་བརྒྱུད་རིམ་ཞེས་པའི་འོག་ཏུ་ཁོས་གཏུམ་ཆེན་རྡོ་རྗེ་མེ་འབར་གྱི་མིང་ཐོག་ནས་མཆན་༣༥པ་བཀོད་པ་དེ་ཉིད་སྣང་མེད་ངང་ཧ་ལམ་གཅིག་མཚུངས་ཤིག་སྐབས་འདིའི་སྤོབས་མཐའི་ཟོག་གླུའི་འོག་གི་མཆན་༦པར་པདྨ་གེ་སར་གྱི་མིང་ཐོག་ནས་འགོད་ཉེན་ཤོར་ཡོད། མཆན་དེ་གཉིས་ཀྱི་ནང་དོན་གཙོ་བོ་ཞིག་སྟེ་དགའ་ལྡན་ཁྲི་པས་དོལ་འདྲེ་གསོལ་གྱི་ཡོད་ཚུལ་གྱི་གྱོད་གཞི་དེ་ནི་ཁོས་སྤོབས་མཐའི་རྒྱལ་དབང་ལྔ་པའི་སྐོར་གྱི་འོག་ཏུ་མཆན་༢༧༦པར་རྒྱོས་པའི་རྡོ་མཇེའི་མིང་ཐོག་ནས་ཐོག་མར་གྱོད་བཙུགས་བྱས་ཡོད་ཀྱང་། དེ་ལ་སུས་ཀྱང་འགན་ལེན་དང་ཁ་ཡ་མ་བྱས་དུས་ཁོས་གཏུམ་ཆེན་རྡོ་རྗེ་མེ་འབར་དང་རིག་པའི་རྡོ་རྗེའི་མིང་ཐོག་ནས་ཡང་ནས་བསྐྱར་དུ་གླེང་ཉེན་ཤོར་ཡོད་པ་དག་གིས་ཀྱང་ཤེས་པར་སླའོ། །འདི་བཞིན་ད་དུང་རྒྱོས་པའི་རྡོ་མཇེ་དེས་མིང་རྫུན་ཇི་ཙམ་གྱི་འོག་ནས་གྲུབ་མཐའ་གཞན་དང་སྐྱེ་བོ་སྒེར་ལ་དཀྲོག་གཏམ་དང་དཀྲུག་ཤིང་ཇི་སྙེད་ཅིག་སྤེལ་ཡོད་པ་རྣམས་རེ་རེ་བཞིན་འདིར་དྲངས་ངེས་ཡིན། རྣམ་པ་ཚོས་སྒུགས་ཨ།
༄༅།། འ་ཙི་བྱང་ཨ་རིའི་དགེ་ལྡན་སྙན་བརྒྱུད་འཛིན་སྐྱོངས་ཚོགས་པ་ཟེར་བས་ཚིག་ངན་ལུ་གུ་ཡི་གེའི་དག་ཆ་དང་སུམ་རྟགས་ཀྱི་ལུགས་དང་འགལ་བ་ལབ་གླེང་སྣ་ཚོགས་བྲིས་འདུག་པར་དགེ་ལྡན་སྙན་བརྒྱུད་ཚོགས་པའི་
སྤུས་ཚད་དེ་མངོན་སུམ་དུ་བསྟན་འདུག །དེས་ན་ཆོས་སྲིད་ཟུང་འབྲེལ་ཕར་གཞོག་དེ་ལས་སྔོན་དུ་ཡི་གེའི་སུམ་རྟགས་གཞུང་ལ་ཅུང་ཟད་སྦྱངས་ནས་དེ་རྗེས་གཞན་ལ་ལྡང་བའི་བསམ་ངན་དེ་ཡོངས་སུ་དོར་ནས་བོད་མིའི་སྤྱིའི་ནང་མཐུན་ལམ་གྱིས་ལམ་ངན་ལྡོག་ཤེས་འཐུབ་ན་ཕ་བཟང་གི་བུ་རེད། དེ་མིན་ར་རྒྱག་ནས་ཀ་བ་སློག་འཐུབ་ཀྱི་མ་རེད། ཙམ་ཟན་ཡོངས་ལྡོག་རྩ་གཅིག་ཏུ་སྒྲིལ་ནས་རང་ཡུལ་ལ་བདེ་སྐྱིད་བསྐྲུན་དགོས་པ་དེ་གཙོ་བོ་
རེད། མ་ཟད་རི་བོ་དགེ་ལྡན་པ་འདྲེ་ལ་བློ་གཏད་བཅོལ་དགོས་ཨེ་ཡོད། སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ
མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས། ཞེས་པ་ལས་གཞན་འདྲེ་ངན་གྱི་མིང་ཙམ་ཡང་མི་འདུག །