འཛུམ་ཆུང་བཀྲ་ཤིས།
ཁྱེད་ཉིད་དྲན་དུས།
མིང་ཟུང་མཆི་མས་བརླན་ཞིང།
སེམས་པ་སྐྱོ་བས་བཟི།
མྱ་ངན་གྱི་འཚོ་བའི་ཀློང་ནས་འདི་ལྟར་ཁྱེད་རང་དྲན་དུས།
ལྐོག་གྱུར་གྱི་མཇལ་འཛོམས་ཤིག་ལ་སྨོན་པ་ཧ་ཅང་དྲག
ཁྱེད་ཉིད་དྲན་དུས།ལྷིང་འཇགས་ཀྱི་གཙང་བོ་གྱེན་ལ་བཞུར་ཞིང།
ཁུ་སིམ་གྱི་རི་བོ་ཐུར་ལ་འཕྱིང།
ད་དུང༌། མི་ཚེ་འདི་ཅི་འདྲའི་རིང་ཞིང།
ལོ་ཟླ་འདི་ཅི་འདྲའི་དལ་མོ་ཞིག་རེད་ཨང།
ཁྱེད་ཉིད་དྲན་དུས།
མེ་ཏོག་ལྟ་བའི་འཛུམ་མདངས་དེ་བསམ་ལ།
ཨ་རག་འདྲ་བའི་དགོད་སྒྲ་དེ་དྲན།
སྙིང་ཉེ་ལགས།
སྟོང་འདང་དང་རྨི་ལམ་ཁྲོད་ཀྱི་གྲིབ་གཟུགས་དེ།
སུ་ཞིག་ལ་བཞག་པའི་དྲན་ཤིང་ཡིན།
ཁྱེད་ཉིད་དྲན་དུས།
ན་ཟུག་གི་དངན་པའི་གསེབ་ནས།
རེ་སྒུག་གི་མིག་ཟུང་རྒྱང་ལ་གཏད་ཅིང།
མྱ་ངན་གྱི་ཕྱིར་དྲན་ཁྲོད་ནས།
དྲན་གདུང་གི་སེམས་པ་རྒྱང་ལ་ཕྱོགས།
འདས་ཟིན་པའི་ལོ་ཟླ་དང་གཏམ་རྒྱུད་ཨང༌།
ད་དུང་འདི་ལྟར་དྲན་དོན་ཅི་ཡིན་ནམ།
ཁེར་རྐྱང་གི་ལང་ཚོར་རྒས་གཉེར་གྱི་རི་མོ་བབས་པ་མཐོང་དུས།
མིག་ཟུང་གི་རྒྱབ་མདུན་ལ་སྐྱོ་གདུང་གི་མཚོ་མོ་འཁྱིལ་བྱུང།
ཡིད་ཀྱི་སྣང་བ་ཞིག་ལ།
རྒྱང་རིང་ན་ད་དུང་མཛེས་སྡུག་གི་བརྩེ་སེམས་ཡོད་ལ།
རྒྱང་རིང་ན་ད་དུང་ཡིད་འོང་གི་ཞེ་འདང་ཡོད་པར་སེམས།
བརྗེད་དཀའ་ཞིང་དྲན་སླ་བའི་ཁྱོད།
ཡང་སྙིང་སུ་ཞིག་ཡིན།
ཨ་རོགས་མཛུམ་ཆུང་བཀྲ་ཤིས་བདེ་མོ་ཨེ་ཡིན། ལྡི་ལི་མཐོ་སློབ་ནས་ཁྱེད་ལ་ཡང་ཀོ་རི་ཡའི་ཞི་མོ་ཞིག་ཐུག་པ་མིན་ནམ། སྦྲ་རིགས་ཐོགས་མེད་ལ་དེ་སྔ་ཀོ་རི་ཡའི་བུ་མོ་ཞིག་གིས་སེམས་པ་འཁྱེར་ནས་མིག་ཆུ་གཏོང་བཞིན་འདུག་ཟེར། མ་ངུ་ལོ། བུ་མོའི་ཆེད་དུ་མ་ངུ་ལོ། རྒྱོ་ཡི་ཆེད་དུ་མ་ངུ་ལོ། མཛུམ་ཆུང་སྟོན་དང་མཛུམ་ཆུང་བཀྲ་ཤིས་ཨ་རོགས
འཛུམ་ཆུང་གྲགས་འགུལ་མེད་ནོ་ག་རེ་བྱས་པ་རེད།
ཡང་ཞི་མོ་ཞིག་གིས་དམ་ལ་བཏགས་ཡོད་ནི་མིན་ན །
འཛུམ་ཆུང་སྔོན་བཞིན་འཛུམ་དམུལ་དམུལ་ཡིན་པའི་སྨོན་ལམ་ཡོད།
ཨ་རོགས་འཛུམ་ཆུང་། ཁྱེད་རང་གི་སྙན་ངག་བྲིས་ནོ་བཟང་གི་མོད། ཡིན་ནའང་ང་ཚོས་ཁྱེད་རང་གི་བརྩམས་སྒྲུང་ལ་ལྟ་འདོད་ཤིན་ཏུ་ཆེ་བས། བརྩམས་སྒྲུང་རེ་ཟུང་ཡིན་འདའ་འོ