༼ཐག་རིང་ན་ཡོད་པའི་སྙིང་གི་མཛའ་མོར་སེམས་འཕྲིན་དུ་ཕུལ་བ།༽
བརྩོན་འགྲུས་དཔལ་བཟང་གིས། ལྡི་ལི།
༡༽
ཤིང་ལོ་ལས་ཟགས་པའི་ཆུ་ཐིགས་བཞིན ཆེས་དག་གཙང་གིས་སྨིན་པའི་ཁྱོད་ཀྱི་ལང་ཚོའི་ཐིགས་པ་ཆུང་ཆུང
ངའི་ལག་ཟུང་གི་མཐིལ་ན་གཉིད་པའི་རྨི་ལམ་ལྗང་ཁུ་ཞིག་དང་ཀུན་ཏུ་འདྲེས་ཤིང་ཀུན་ནས་མཚུངས
ངས སེམས་ཆུང་ངང་ཁྱོད་ཀྱི་ཕུགས་འདུན་གྱི་རྨི་ལམ་དཀྲོག་པར་སྐྲག་ནས ཁྱོད་རང་གཏན་ནས་བསྒུལ་བསྒུལ་མ་བྱས་ཤིང ང་རང་ཡང་གཏན་ནས་མ་འགུལ
སྐབས་དེ་དུས་ཁྱོད་དང་ང་འཇིག་རྟེན་འཚོ་བའི་གཡོར་གྲུའི་ནང་ཡམ་ཡོམ་འགུལ་ཞིང
སྐབས་དེ་དུས་ང་དང་ཁྱོད་ཕན་ཚུན་གྱི་སེམས་ནང་ལ་ཆེས་གསང་བའི་བརྩེ་དུང་གི་མིག་ཆུ་ཞིག་ཏུ་གྱུར
༢༽
ངའི་སེམས་ཀྱི་གཡོར་གྲུ་ཆུང་ཆུང་ནང་འཕྱོ་བའི་སྙིང་ཉེ་མ
ངའི་མིག་ཆུ་ཡོད་ཚད་ངའི་སེམས་ནང་ལ་བཞུར་བའི་ལོ་ཟླ་རེ་རེས
བརྗེད་མི་ཐུབ་པའི་ཁྱོད་དང་ངའི་གསང་བ་དང གསང་བ་མ་ཡིན་པའི་གཏམ་རྒྱུད་མང་པོ་ཉིན་ཐོའི་ངོས་སུ་བྲིས་ཤིང སེམས་དང་སེམས་པ་འདྲེས་པའི་སྙིང་གཏམ་དུ་བཞུར
ཡིན་ཡང ད་དུང ང ཁྱོད་གཅིག་པུའི་ཆེད་དུ་ངུ་ན་འདོད་ཅིང་ངུ་དགོས་བྱུང
༣༽
ངའི་སེམས་ནང་ལ་དྲན་ལྷང་ལྷང་གི་སྙིང་ཉེ་མ ཁྱོད་ཀྱི་མིག་མདངས་ལས་བཞུར་བའི་སེམས་གཏིང་གི་གསང་བ་མང་པོས ཡང་ནས་བསྐྱར་དུ་ང་ལ་འབོད་ཀྱིན་འདུག
ངས ང་རང་ལ་འགྲམ་ལྕག་གཞུ་བཞིན ཁྱོད་གཅིག་པུ་ལ་ཡིད་ཆེས་བྱས་ཤིང ཁྱོད་ཁོ་ན་ལ་སེམས་པ་གླན་པའི་ཁས་ལེན་བྱས
དུས་དེ་ནས་ཁྱོད་ནི་ངའི་ལུས་ཀྱི་རྣམ་ཤེས་སུ་གྱུར་ཅིང ང་ནི་ཁྱོད་ཀྱི་དྲན་སྣང་གི་ན་ཟུག་ཏུ་གྱུར
སྐབས་དེ་ནས་ང་ནི་ཁྱོད་ཀྱི་རྨི་ལམ་ནང་གི་མཛའ་བོར་གྱུར་ཅིང ཁྱོད་ནི་ངའི་སེམས་དབུས་ཀྱི་སྙིང་གི་བྱམས་པ་རུ་གྱུར
༤༽
རྒྱང་རིང་གི་སྙིང་ཉེ་མ འདི་ལྟར་རེ་སྒུག་གི་ལོ་ཟླ་མང་པོའི་ཕ་རོལ་ན
ཁྱོད་དང་ངའི་དགོད་སྒྲ་དང་འཛུམ་མདངས་ཀྱི་མཉམ་འཛོམས་ཡོད་ཅིང ང་དང་ཁྱོད་ཀྱི་རེ་བཞག་དང་ཕུགས་འདུན་གྱི་མེ་ཏོག་ལྟ་བུའི་རྨི་ལམ་རིང་བོ་ཡང་ཡོད
སྙིང་ཉེ་མ སྐར་ཚོགས་ནམ་མཁའ་ལ་ཤར་དུས ལག་པ་བྲང་ཁར་བཞག་ནས་མིག་ཟུང་ག་ལེར་ཚུམས་དང ཁྱོད་ཀྱིས་ང་མཐོང་ངེས་ཡིན
ང་ནི་ནམ་ཡང་ཁྱོད་དང་མཉམ་དུ་ཡོད ཁྱོད་ཀྱི་མཆུ་སྒྲོས་ལ་འོ་སྦྱོར་བྱས་པ་བཞིན ང་དང་ངའི་སེམས་པ་ནམ་ཡང་ཁྱོད་གཅིག་པུ་ལ་གླན་ནས་ཡོད
རྒྱང་རིང་རྒྱང་རིང་གི་ངའི་བརྩེ་དུང་གི་མིག་ཆུའི་ཐིགས་པ་དྲོན་པོ
ངའི་སེམས་ཀྱི་འཕར་སྒྲ་རེ་རེ་དང་ལྷན་དུ་འགུལ་བཞིན་པའི་ངའི་སྙིང་ཉེ་མ
གསན་བྱུང་ངམ
༢༠༡༡ ༧ ༣༠
• ཨ་ཙི། ཨ་ཙི། ངོ་མ་སེམས་འགུལ་ཐེབས་ནི་ཟིག་བྲིས་ཡོད་ཀི། ཁྱེད་གཉིས་འཇིག་རྟེན་འདི་ན་བདེ་སྐྱིད་ལྡན་པའི་བཟའ་ཚང་སྐྱིད་པོ་གཉིས་ཆགས་པར་སྨོན། ངོ་མ་དེང་སང་དཔལ་འབྱོར་གྱི་དུས་རབས་འདི་འདྲ་ཞིག་གི་ནང་ལ་བརྩེ་བ་འདི་འདྲ་ངོ་མ་དཀའ་མོ་རེད་ཡ། ངས་དེ་རིང་ཁྱེད་ལ་བྱིས་པ་ཡག་པོ་ཞིག་སྐྱེས་པའི་སྨོན་ལམ་འདེབས། བརྩེ་དུང་རྟག་བརྟན་ཤོག ཞེ་འདང་འགྱུར་མེད་ཤོག ཡིད་སེམས་མཐུན་པར་ཤོག སྐྱིད་སྡུག་གི་ལག་རྡང་དམ་དུ་འབྲེལ་བར་ཤོག།