ལྷོ་ཕྱོགས་ཉི་ཟླ།
གངས་ཅན་བོད་ཀྱི་སྨྲ་མཁས་སམ་བྷོ་ཊ།།
རྣམ་དཔྱོད་རིག་པའི་དཔའ་བོ་ཨ་ནུའི་སྲས།།
ཁྱེད་ཀྱི་སྙན་པའི་གྲགས་པ་ས་གསུམ་ཁྱབ།།
སྒོ་གསུམ་གུས་བས་ཐོན་མིར་ཡང་ཡང་འདུད།།
རྒྱ་གར་ཡུལ་དུ་རིག་པའི་ཁུ་བྱུག་གྲགས།།
དབྱངས་གསལ་སོ་བཞི་གསར་གཏོད་མཛད་པ་པོ།།
བོད་ཀྱི་ལོ་ཙཱ་ཐོག་མར་ཁོ་ནར་བྱོན།།
སུམ་རྟགས་ཐོན་མིས་བརྩམས་པ་བློ་མ་བདེ།།
དཀོན་མཆོག་དེ་ལ་མཆོད་བརྗོད་བྱས་བདེན་ཡང་།།
ཕྱི་ནང་གཉིས་ཀྱི་དཀོན་མཆོག་ཡིན་པར་འགྲེལ།།
གཅིག་གིས་གཉིས་ལ་སྐྱབས་སུ་སོང་འདི་མཚར།།
སུམ་རྟགས་ཐོན་མས་བརྩམས་པ་བློ་མ་བདེ།།
སུམ་རྟགས་སྐོར་ལ་བསྟན་བཅོས་མང་རབ་བཤད།།
ཆགས་འཇིག་ཉེན་ཁའི་གནས་སུ་ལྷུང་སོང་ཟེར།།
འདི་ནི་རང་སེམས་གསོ་བ་ཙམ་ཞིག་ལས།།
སུམ་རྟགས་ཐོན་མིས་བརྩམས་པ་བློ་མ་བདེ།།
གི་གུ་དབྱངས་བཞི་ཐོན་མིའི་གསུངས་བདེན་ཡང་།།
སུམ་རྟགས་གཞུང་ན་གི་གུའི་འགྲེལ་སྟངས་མེད།།
གི་གུ་དབྱངས་སོགས་དོགས་པ་ཡོད་རབ་བཤད།།
སུམ་རྟགས་ཐོན་མིས་བརྩམས་པ་བློ་མ་བདེ།།
ཕྱི་རབས་རྗེས་འཇུག་མཁས་བ་མང་ན་ཡང་།།
སུམ་རྟགས་དགོངས་དོན་འགྲེལ་སྟངས་གཅིག་མི་མཐུན།།
འདི་དག་བློ་ལ་རང་བབ་གང་དྲན་མིན།།
སུམ་རྟགས་ཐོན་མིས་བརྩམས་པ་བློ་མ་བདེ།།
ཐ་སྙད་མཁས་བའི་གྲགས་ཚུལ་བདེན་ན་ཡང་།།
ཐོན་མིའི་དགོངས་དོན་མ་རྟོགས་ཕྱོགས་སུ་ལྷུང་།།
འདི་དག་བོད་པའི་རིག་གཞུང་ཉམས་རེ་འཆར།།
སུམ་རྟགས་ཐོན་མིས་བརྩམས་པ་བློ་མ་བདེ།།
2011.8.1
སུམ་རྟགས་གཞུང་ལུགས་སློབ་སྦྱོང་ཆ་ཚང་མེད།།
དོན་གྱི་གནད་ལ་ཞིབ་འཇུག་སོང་བ་མེད།།
ཡིན་མིན་སྤུ་རིས་འབྱེད་ལ་བློ་གྲོས་མེད།།
ཚིགས་བཅད་ཐ་ཐོར་འདི་འདྲས་བློ་མ་བདེ།།
ཅི་ཟེར་གྱི་ཡོད་པ་རེད།
ཐོན་མི་སམ་བྷོ་ཊ་་་་ཞེས་མང་པོས་ཐོས་ཡོད་ཀྱང་་་་་བོན་གྱི་ལོ་རྒྱུས་སུ་གསལ་བའི་་་་བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་་་་ནམ་ཡང་ན་་་་སེ་ཤ་རི་དབུ་ཆེན་་་་ཞེས་པ་དེ་མང་པོས་ཐོས་མེད་པར་ངེས། ད་ནས་བོད་ཡིག་གི་བྱུང་ཁུངས་ལོ་རྒྱུས་ལ་བརྟག་པ་གནང་འདོད་ན་་་་ཤ་རི་དབུ་ཆེན་་་་གྱི་སྐོར་ལ་ཡང་ཞིབ་འཇུག་གནང་རྒྱུ་དེ་གལ་ཆེན་ཞིག་ཡིན་པར་སེམས། སྔར་་་ཤ་རིའི་སྒྲ་མདོ་་་་ཞེས་པ་ཞང་བོད་སྐད་གཉིས་ཤན་སྦྱར་མ་ཞིག་ཡོད་ཀྱང་་་་དུས་ཕྱིས་མཐོང་ཡུལ་དུ་མེད་པ་འདྲ། འོན་ཀྱང་ཨ་མདོ་ཤར་ཁོག་་་དེ་འདྲ་ཞིག་ལ་་་ཤ་རིའི་སྒྲ་མདོ་་་་ཡོད་རབས་ཤིག་གོ་སོང། དེང་སང་རྙེད་རྒྱུ་ཡོད་མེད་ནི་མི་ཤེས། བོན་གྱི་ལོ་རྒྱུས་ཁག་ནང་་་བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་དང་་་་ཞང་ཞུང་གི་མཁས་པ་་་སྟོང་རྒྱུང་མཐུ་ཆེན་གཉིས་་་ཀྱིས་་་་་གཙང་བྱེ་མ་གཡུང་དྲུང་དུ་་་་བོན་ཁྲི་སྡེ་བཤད་ཅིང་བསྒྱུར་་་་ཞེས་གསལ་ཡོད་པ་རེད། སྐབས་དེ་དུས་་་་བོད་ཕྱོགས་ནས་་་་ཤ་རི་དབུ་ཆེན་་་ཞེས་པ་འདི་་་་བོད་ཡིག་ལ་མཁས་པ་ཆེན་པོ་ཞིག་ཡིན་པ་འདྲ། བོད་སྐད་དུ་་་དབུ་ཆེན་མོ་་་ཞེས་པ་དེ་་་་དྲུང་ཡིག་ཆེན་པོ་ལའང་གོ་ཡོད་པས་་་་དེས་ན་གཏན་གཏན་བསམ་བློ་གཏོང་ས་ཡོད་པ་ཞིག་ཡིན་པ་རེད།
སུམ་རྟགས་ཐོན་མི་སམ་བཧོ་ཊས་མཛད་པ་ཡིན་མིན་ལོ་རྒྱུས་ཀྱི་སྒོ་ནས་ཤེས་དགོས་པ་ལ་ཆེས་ཐོག་མར་རང་རེས་ལོ་རྒྱུས་ཀྱི་འགྲོ་སྟངས་ཤེས་དགོས་པ་གལ་ཆེ། དད་པའི་རྗེས་འབྲང་ཞིག་ལ་དེ་ཉིད་ཀྱི་ཞེ་འདོད་ལྟར་ཁས་མ་བླང་ན། རང་གཞན་ཚང་མར་ཁོང་ཁྲོ་སློང་བའི་རྒྱུར་འགྱུར་བ་ལ་ཐེ་ཚོམ་མི་འདུག ལོ་རྒྱུས་སྨྲ་བའི་མིང་ཁྱེར་ནས་རང་གི་གྲུབ་མཐའི་ཕྱོགས་སུ་ལྷུང་བ་ཡིན་ན། དེ་ལ་ལོ་རྒྱུས་སྨྲ་བ་ཞེས་མི་ཟེར། ལོ་རྒྱུས་ཡང་དག་པ་ཞིག་ཤེས་པ་ལ་རང་གི་ཕྱོགས་ལ་ཆགས་ཞེན་མེད་པ་ཞིག་དགོས་ཞེས་རྒྱ་གར་པ་མཁས་དབང་ཞིག་གིས་ཚོགས་བཤད་དུ་སྨྲས་པ་དྲན། དེ་ཡིས་དཔེ་ཞིག་བཀོད་པ་ནི། རིའི་མཛེས་ཆོས་ཤིག་ཤེས་་དགོས་ན། རི་ནས་ཕྱི་ལོགས་སུ་འཐོན་ཏེ། རི་ལ་བལྟ་དགོས་ཞེས་སྨྲས་སོ།།
གོང་གི་ཚིག་སྦྱོར་ཐ་རེ་ཐོ་རེ་དེ་ཚོས་སུམ་རྟགས་ཐོན་མིས་མཛད་པ་ཡིན་མིན་གྱི་སྐོར་ལ་དོགས་སློང་གི་གཞི་བྱེད་མི་ཐུབ་ཅིང། ཚིགས་བཅད་རེའི་མཐའ་ན་བློ་མ་བདེ་ཟེར་བ་ཙམ་ལས། བློ་ཇི་ལྟར་མ་བདེ་བའི་ཚུལ་ཡོད་ཚད་ཀྱང་རང་གིས་མ་ཤེས་པ་ཙམ་མ་གཏོགས། སྒྲུབ་བྱེད་རྣལ་མའི་རྒྱབ་སྐྱོར་དང་བྲལ་སྟབས་སྙིང་པོ་ཞིག་གཞར་ཡང་མི་རྙེད། གང་ལྟར་རང་གཞན་སུ་ཡིན་རུང་ལོ་རྒྱུས་ཀྱི་གསང་བ་ཤེས་འདོད་ན་ཕྱོགས་ཞེན་གྱི་བསམ་བློ་དོར་ནས་གཟུར་གནས་ཀྱིས་དཔྱད་པ་རེ་གནོངས་ཤིག་དང་། བློ་ལྡན་ཀུན་གྱི་གྲལ་འགོ་ན་མཛེས་པ་ཞིག་ཡོང་།
སུམ་རྟགས་ཐོན་མིས་མ་མཛད་པའི་ཁུངས་མེད་པར། སུམ་རྟགས་ཐོན་མིས་བརྩམས་པ་བློ་མ་བདེ་ན། །བོད་མི་བྱས་རྗེསས་ཅན་ལ་ཁུངས་མེད་ཅལ་ཅོལ་སྨྲས་ན་དེ་བས་ཀྱང་བློ་མ་བདེ་བ་བཟོས་པ་མིན་ནམ། ཐོན་མི་བཀའ་དྲིན་ཅན་གྱི་མཚན་སྙན་སྲིད་མཐའི་བར་དུ་རྒྱལ་གྱུར་ཅིག །
ལྷོ་ཕྱོགས་ཉི་ཟླ་ལགས། ད་རེས་ཀྱང་ཉིད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ལམ་དུ་དྲངས་པའི་བརྩམས་ཆོས་འདིའི་བརྗོད་བྱ་རྗོད་བྱེད་གང་གི་ཆར་གཞིགས་ཀྱང༌། རྗེས་ཕྱོགས་སྲོལ་རྒྱུན་སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པ་དག་སྤེལ་ཐུབ་པར་ཡིད་ཆེས་བྱུང༌། བརྗོད་བྱའི་དོན་གྱི་ཆ་ནས་བོད་ཀྱི་ཆེས་ཐོག་པའི་ཡི་གེའི་སྲོལ་འབྱེད་མཁན་པོ་འཇིག་རྟེན་མིག་གཅིག་སློབ་དཔོན་ཐོན་མིའི་བརྡ་སྤྲོད་པའི་གཞུང་ལུགས་གཞིར་བཞག་སྟེ། དེ་རྩོམ་མཁན་དངོས་གནས་པ་སུ་ཡིན་མིན་གྱི་ཕྱོགས་ལ་དོགས་སློང་བྱེད་པ་དང༌། རྗོད་བྱེད་ཀྱི་ངོས་ནས་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ལམ་ནས་དོན་བརྗོད་གཙོར་འདོན་གྱིས་ཚིག་གི་བསྡེབས་སྦྱོར་ལེགས་ཤིང༌། སྒྱུ་རྩལ་གྱི་བྲོ་བ་ངང་ངམ་ཤུགས་ཀྱིས་སྟེར་བ་ནི་མཁས་རྒུ་སྤྲོ་བ་བརྟས་པའི་རྒྱུ་ཉག་ཏུ་འདོད།
སློབ་དཔོན་ཐོན་མིས་བསྟན་བཅོས་བརྒྱད་བརྩམས་པ་ལས་གཞན་ལྷག་མ་གླང་དར་སྐབས་ནས་འཇིག་ཚར་བས་ད་ལྟ་སུམ་རྟགས་རྩ་བ་གཉིས་མ་གཏོགས་ལྷག་མེད། མ་ནི་བཀའ་འབུམ་སོགས་ལ་བལྟས་ན་བོད་ཀྱི་ཡི་གེ་གསར་གཏོད་མཛད་པོ་ཐོན་མི་ཡིན་པར་གསུངས་འདུག།
སློབ་དཔོན་ཐོས་མིས་མཛད་པའི་སྒྲ་གཞུང་བརྒྱད་ཡོད་པ་ལས་དྲུག་རྒྱལ་པོ་འུ་དུམ་བཙན་པོའི་སྐབས་འཇིག་པར་སྨྲ་བ་འདི་ཡང་བློ་གཟུར་གནས་ཀྱིས་དྲངས་པའི་སྐད་ཆ་ཞིག་གཏན་ནས་མ་རེད། སྤྱིར་ང་ཚོའི་མི་རབས་ཀྱི་ལོ་རྒྱུས་ཡོད་ཚད་འདི་འཁྱོག་བཤད་ཁོ་ནས་བརྒྱན་པ་ཞིག་ཡིན་པས་ཡིད་བརྟན་འཕེར་པོ་ཞིག་ག་ལ་ཡོད། གཟུར་གནས་ཀྱིས་དཔྱད་པ་རྣམ་དག་རེ་བྱས་ན་དོགས་སློང་གི་གཞི་ཉག་ཅིག་རེད་ཡ། མ་གཞི་ནུབ་ཟིན་པའི་སྒྲ་གཞུང་དེ་དག་གི་མིང་ཙམ་ཡང་འདྲེན་རྒྱུ་མེད་ན་གང་ཞིག་ནུབ་ཡོད་པ་སུས་ཤེས། ཕྱི་བྱུང་གི་མཁས་པ་འགས་ད་ལྟའི་སུམ་རྟགས་ཀྱི་གཞུང་ལུགས་འདི་གཉིས་སུ་མ་ལྡང་བའི་ཞན་ཆ་ཡོད་ཚུལ་གླེང་སྟེ་ཐོན་མིས་མཛད་པའི་སྒྲ་གཞུང་གཞན་ཞིག་ཡོད་དགོས་ཚུལ་སྐོར་གསུངས་འདུག་ཀྱང་། ད་ལྟ་མ་ཚང་བ་རྒྱུ་མཚན་དུ་བྱས་ནས་དེ་སྔར་ཡོད་པ་དང་། ཡོད་པ་དེ་མེད་པར་གྱུར་ནས་ད་ལྟའི་ཆར་མ་ལྡང་བའི་སྐྱོན་དུ་གྱུར་རབས་སོགས་གང་ལྟར་སྨྲས་ནའང་རུང་སྟེ། བྱིས་པ་བསླུ་འདྲིད་ཀྱི་སྒྲུང་གཏམ་སྙན་པོ་ཞིག་ལས་མ་འདས་སོ།།
སུམ་རྟགས་ཐོན་མིས་མཛད་པ་བདེན་ནམ་ཞེས།།
གང་གི་ཁ་བྱང་བློ་ལ་ཅུང་བབས་ཀྱང་།།
སྒྲུབ་བྱེད་རིགས་པས་དཔྱད་པར་བལྟས་པའི་ཚེ།།
ཁྱོད་ཀྱིས་ཨུ་ཚུགས་གནང་བར་བློ་མ་བདེ།།
ཐོན་མིའི་ཞལ་ལུང་ལས། དེ་ཡང་ཐོན་མིས་བོད་ཡིག་གསར་བཟོ་མཛད་པའི་རྗེས་ནས་སྒྲ་རིག་པ་དང་ཡི་གེའི་རིག་པ་གཏན་ལ་འབེབས་པའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་པར་གྲགས་སོ། །གྲངས་བརྒྱད་ངེས་པའི་དོན་ལ། རྒྱ་གར་ན་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་ཡོད་པ་དང་ཚུལ་མཚུངས་བར་བརྩམས་ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་སོགས་སུ་གསུངས་ལ། རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་ནི། ཨིནྡྲ་བྱཱ་ཀ་ར་ཎ། བི་ཤ་ལ་བྱཱ་ཀ་ར་ཎ། ཤ་ཀོོ་ཊ་ཡ་ན་བྱཱ་ཀ་ར་ཎ། པཱ་ནུ་ཛནྡྲེ་བྱཱ་ཀ་ར་ཎ། ས་མནྟ་བྷ་དྲ་བྱཱ་ཀ་ར་ཎ། པ་ཏཉྫ་ལི་བྱཱ་ཀ་ར་ཎ། མ་ནུ་ཛནྡྲེ་བྱཱ་ཀ་ར་ཎ། སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་སྟེ་བརྒྱད་འདྲེན་ནོ། །ད་ལྟ་སུམ་ཅུ་བ་དང་རྟགས་འཇུག་གི་རྩ་བ་གཉིས་ལས་དེ་འཕྲོས་དྲུག་བསྟན་པ་སྔ་དར་དང་ཕྱི་དར་གྱི་མཚམས་སུ་ནུབ་ནས་དཔེ་མ་བྱུང་བས་ཤིན་ཏུ་ཕངས་ཆེ། །ཞེས་གསུངས་འདུག ཐོན་མིའི་ཞལ་ལུང་ལ་གཅིག་གཟིགས་དང་འཁྱོག་བཤད་ཡིན་མིན་ཤེས་བར་འགྱུར་རོ། ཐོན་མིའི་ཞལ་ལུང་འདི་ལས་བོད་ཀྱི་མཁས་པའི་འགྲེལ་བ་ཡོད་དོ་ཅོག་ལ་དཔྱད་ཞིབ་གནང་འདུག་པས་ཁྱད་དུ་འཕགས་པ་ཞིག་རེད་འདུག
བསྒྲུབ་བྱར་བོད་ཀྱི་སྒྲ་གཞུང་ཆེན་མོ་བརྒྱད་ཡོད་ཚུལ་གླེང་སྟེ་སྒྲུབ་བྱེད་དུ་རྒྱ་གར་གྱི་སྒྲ་མདོ་ཆེན་དེ་དག་གི་སྐོར་དྲངས་པ་ནི་མཚར་གཏམ་ཞིག་ལས་མ་འདས་ཤིང་། ཐད་ཀར་བརྗོད་ན། བོད་དུ་སྒྲ་ཡི་བསྟན་བཅོས་ཆེན་མོ་བརྒྱད་ཡོད་དགོས་ཏེ། རྒྱ་གར་དུ་དེ་ལྟར་ཡོད་པའི་ཕྱིར་ཞེས་པ་ཙམ་ལས་གཞན་གོ་རྒྱུ་དམིགས་བསལ་བ་གང་ཡང་མི་འདུག་ལ། སྡེ་སྲིད་པས་རྒྱ་གར་དུ་བསྟན་བཅོས་ཆེན་པོ་བརྒྱད་ཡོད་ཚུལ་གསུངས་ཤིང་དེ་དག་དང་མཐུན་པར་སློབ་དཔོན་ཐོན་མིས་བོད་ཀྱི་སྒྲ་གཞུང་རྣམས་བརྩམས་པར་གསུངས་ཀྱང་། གསུང་མཁན་གྱི་ཚོད་དཔག་དང་དགོངས་ཚུལ་དྲངས་པ་ཙམ་ལས་ཚུལ་མཐུན་གྱི་སྒྲུབ་བྱེད་དུ་འོས་མིན་ནི་ཤེས་གསལ་ལྟར་རོ།། ཁྱད་པར་དུ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཤིག་ཡིན་ཕྱིན་བོད་ཀྱི་ཡུལ་སྐད་ལ་གཞི་བཅོལ་ནས་རྩོམ་དགོས་པ་ལས་ཡུལ་གྲུ་གཞན་གྱི་སྐད་དང་བསྟུན་ན་ཡོང་ཐབས་མེད་པ་འདི་སུས་ཀྱང་རྟོགས་སླ་བས། ཨུ་ཚུགས་མཐར་སྐྱེལ་གྱིས་རང་རེའི་བརྡ་སྤྲོད་གཞུང་ལུགས་རྣམས་རྒྱ་གར་སྒྲ་མདོ་དང་མཐུན་པར་གླེང་ན་མ་གཏོགས་རྒྱུ་མཚན་གྱི་ལམ་ཕྱོགས་བསྙེག་ནས་འགྲོ་ས་ཞིག་གཏན་ནས་མེད་ཅིང་། བོད་ཀྱི་བརྡ་སྤྲོད་དང་ཕྱོགས་རེ་བ་ཙམ་མཚུངས་པ་ནི་རྒྱ་གར་ཙམ་དུ་མ་ཟད་ཡུལ་གྲུ་གཞན་གྱི་བརྡ་སྤྲོད་གཞུང་དུའང་ཡོད་པ་མངོན་སུམ་གྱིས་གྲུབ་པས། གོང་དུ་དྲངས་པའི་ཐོན་མིའི་ཞལ་ལུང་གི་གསུང་སྒྲོས་འདིས་རང་རེའི་ལོ་རྒྱུས་དྲང་ཕྱོགས་སུ་སྲོང་ཐུབ་མིན་ནི་མཁྱེན་ལྡན་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་ལགས་སོ།།
ངས་འོག་ནས་མཆན་རྣམ་ལྡོག་འཇུག་གི་ཚུལ་གྱིས་ཀློག་རྒྱུ་ཡིན།
༡༡༽ ཐོན་མིའི་ཞལ་ལུང་ནས་བོད་ཀྱི་བསྟན་བཅོས་བརྒྱད་དྲང་མ་ཐུབ་པར་རྒྱ་གར་གྱི་བསྟན་བཅོས་བརྒྱད་དྲང་པ་ཡ་མཚན་རེད། སྐབས་སུ་བབས་པའི་བསྟན་བཅོས་བརྒྱད་མ་བཞག་པར་སྐབས་སུ་མ་བབས་པ་ཞིག་བཞག་པ་ནི་ལྷོ་ཁའི་སྟག་གསོད་པར་བྱང་ཁའི་འབྲོང་ལ་མདའ་འཕེན་པ་དང་གཅིག་པ་རེད།
༡༠༽ མཆན་འདི་ཚིག་ཉུང་ནའང་དོན་ལ་གནས། སུམ་རྟགས་ཐོན་མིས་མཛད་མིན་ལ་དོགས་པ་ཟ་ན་དོགས་པ་ཟ་དགོས་པའི་རྒྱུ་རྐྱེན་དགོས།
༩༽ མཆན་དགུ་པས་དགག་པ་རྒྱག་དགོས་སར་མ་རྒྱབ་པར་མི་དགོས་སར་རྒྱབ་འདུག ཐོན་མིས་བསྟན་བཅོས་བརྒྱད་མཛད་ཡོད་པའི་སྒྲུབ་བྱེད་གཙོ་བོ་ནི་སུམ་རྟགས་ཀྱི་མཇུག་བྱང་ན་སྡེ་བརྒྱད་ལས་ཟེར་བ་དེ་རེད། སྡེ་བརྒྱད་མེད་པར་སྒྲུབ་འདོད་ན་དེ་ལ་སུན་འབྱིན་རྣམ་དག་དགོས་པ་རེད། དེ་མིན་གླ་རྩིའི་ཚབ་ལ་གླ་བའི་རླུག་པ་བཀོག་བསྡད་ན་ཅང་མི་ཕན་གི
༨༽ མཆན་ཨང་བརྒྱད་པ་དེ་ལོས་བདེན་བསམ་གི ལོ་རྒྱུས་རྙིང་པ་སོགས་ན་ཅུང་ཟད་ཡོད་ན་ཁུངས་འགོད་ཐུབ་ན་བཟང་།
༧༽ མཆན་ཨང་བདུན་པ་ནས་བསྟོད་པ་ཙམ་རེད་འདུག་པས། དཔྱད་རྩོམ་ལ་བསྟོད་པ་བྱས་བསྡད་ན་བསྟོད་པ་པོ་ལ་ཡང་བསྟོད་པ་ཙམ་བྱེད་པ་ལས་གཞན་གང་ཡང་མེད།
༦༽ མཆན་ཨང་དྲུག་པའི་ཚིག་ཉུང་ན་ཨང་། ད་ལྟའི་ཆར་ཁོང་གི་གསུངས་པ་ལྟར་དོན་ལ་གནས། སྒྲུབ་བྱེད་དེང་སང་ཡོད་བཞིན་པའི་སུམ་འགྲེལ་རྣམས་ལ་གསལ།
༥༽ མཆན་ཨང་ལྔ་བའི་དྲི་བ་ཁག་ནི་ད་ཐེངས་ཀྱི་རྩོམ་ཡིག་འདིའི་དྲི་བ་གནད་ལ་འཁེལ་བ་ཞིག་རེད། གལ་སྲིད་ང་ཚོ་ཚོགས་འདུ་ཞིག་འཚོགས་པའི་དབང་དུ་བཏང་ན་ཡང་དྲི་བ་དེ་ཁོང་ལ་སུས་ཀྱང་འདྲི་སྲིད་པའི་དྲི་བ་ཞིག་རེད། རྩོམ་པ་པོ་ནས་ཀྱང་བློ་མ་བདེ་ན་བློ་མ་བདེ་ལུགས་བཤད་དགོས་པ་ལས། དོན་མེད་བློ་མ་བདེ་ན་མགྱོགས་སུ་སེམས་ནད་སྨན་ཁང་ལ་འགྲོ་དགོས་པ་རེད། ནད་རྟགས་ཡིན་རྒྱུ་རེད།
༤༽ མཆན་ཨང་བཞི་བ་ནི་སྐབས་སུ་བབས་པའི་གསར་བ་ཚོ་ལ་བསླབ་བྱ་སྨན་ཡོད་ན་མེད་ན་ཞིག་རེད། སྨན་ཐུན་དེ་ནི་ནད་བརྒྱ་སྨན་གཅིག་སྟེ། རིན་ཆེན་རིལ་བུ་ཞིག་རེད།
༣༽ མཆན་ཨང་གསུམ་པ་ནི་བསམ་ཚུལ་ཞིག་རེད། སྐབས་འདི་དང་འབྲེལ་བ་ཅུང་ཟད་འདུག འོན་ཀྱང་རིམ་པ་གཉིས་པ་རེད་དྲན། རིམ་པ་དང་པོ་བོད་ཡིག་དེ་ཐོན་མི་སམ་བྷོ་ཊའི་བཟོས་པ་མིན་པ་ལ་གནོད་བྱེད་དང་། དེ་ནས་གཞན་ཞིག་གི་བཟོས་པ་ལ་སྒྲུབ་བྱེད་གཏོང་དགོས་ངེས།
༢༽ མཆན་ཨང་གཉིས་པས་མ་རྩོམ་ལ་དགག་པ་ཚ་ནན་བརྒྱབ་འདུག ༼ཅི་ཟེར་གྱི་ཡོད་པ་རེད།༽ འདི་ཙམ་ལས་བྲིས་མི་འདུག་མོད། ལྟོས་དང་། མ་རྩོམ་དེ་དགག་སྒྲུབ་རྩོམ་ཡིག་རེད་ཟེར་ན། མི་མཐུན་ཕྱོགས་ལ་གནོད་བྱེད་དང་། མཐུན་ཕྱོགས་ལ་སྒྲུབ་བྱེད་མ་བཀོད། སྙན་རྩོམ་རེད་ཟེར་ན་ཅིག་ལ་སུམ་རྟགས་གཉིས་ཀྱི་གཞུང་ལུགས་ཐོན་མིས་རྩོམ་པ་ཡིན་མིན་གྱི་སྐད་ཆ་ལྟ་བུ་ཞིག་བཤད་བཞིན་པས་སྙན་རྩོམ་གྱི་ཁུངས་སུ་ཡང་གོ་བ་ལེན་མི་ཐུབ་པ་ཆགས་ཡོང་དུས། ཅི་ཟེར་གྱི་ཡོད་པ་རེད་ཟེར་ནས་ཁྱེད་ལ་དྲི་རྟགས་བཀོད་པ་རེད།
༡༽ མཆན་ཨང་དང་པོས་མ་རྩོམ་ལ་དགག་པ་བརྒྱབ་པ་སྟེ། ཚིག་རྐང་དང་པོ་གསུམ་གྱིས་སྒྲུབ་བྱེད་བཀོད་ནས་ཚིག་རྐང་མཐའ་མས་སྒྲུབ་བྱ་བསྟན་འདུག
མཆན་འདི་དག་ཚང་མའི་དགོངས་དོན་གཅིག་ཏུ་སྤུངས་ནས་མ་རྩོམ་འབྲི་མཁན་ལ་སྐུལ་སློང་བྱེད་པ་ནི། གལ་སྲིད་སྐུ་ཉིད་སུམ་རྟགས་གཉིས་ཐོན་མིས་བརྩམ་པ་ལ་དོགས་པ་ཡོད་ཚེ། དོགས་པ་ཡོད་ལུགས་ཁ་གསལ་འགོད་དགོས་ཞེས་འབོད་སྐུལ་ཞུ་བར་གུས་པས་ཀྱང་རྟིང་གནོན་བྱེད་བཞིན་ཡོད།
སུམ་རྟགས་ཀྱི་གཞུང་བརྒྱད་པོ་དེ་ཐོན་མིས་བརྩམས་པ་ལ་དོགས་པ་གང་དགོས། དེང་གི་དུས་སུ་སྙན་རྩོམ་ཐ་རེ་ཐོ་རེ་བྲིས་ཤེས་པར་རློམས་པའི་བོད་རིགས་འགའ་རེས་ཐོན་མི་སམ་བྷོ་ཊ་ལ་བཀའ་དྲིན་དྲན་རྒྱུའི་ཚབ་ཏུ་ཁོང་ལ་དྲིན་ལན་ལོག་མཇལ་བྱེད་པ་ནི་ངོ་མ་ཡ་མཚན་རེད། བཀའ་དྲིན་ལ་བཀའ་དྲིན་དྲན་མ་ཤེས་པ་དེ་བོད་མི་རིགས་ཀྱི་གཤིས་ཀ་རེད། དཔེར་ན། གལ་སྲིད་བོད་མི་རིགས་ཀྱི་ཁོངས་ནས་སྙན་གྲགས་ཅན་ཞིག་ཐོན་པ་ན་ལམ་སེང་རང་གི་རྣམ་རྟོག་ལ་སྐྱོན་ཞུགས་ནས་དེ་ལ་གཞི་མེད་ཀྱི་སྐྱོན་འདོགས་སྣ་ཚོགས་བྱེད་ནས་སྙན་གྲགས་མེད་པར་བཟོ་ཐབས་བྱེད་བཞིན་པ་དེ་རེད།
གླང་དར་འུ་དུམ་བཙན་པོའི་སྐབས་ནས་བཟུང་ནང་བསྟན་གྱི་གླེགས་བམ་ཕོན་ཆེ་བ་མེ་བསྲེགས་ཆུར་བསྐྱུར་ཁྲོད་ཐོན་མིའི་བརྩམས་ཆོས་དེ་དག་ཀྱང་མཉམ་དུ་འཇིག་སོང་བ་ཡིན་རྒྱུ་རེད། ད་ལྟ་དེ་དག་གི་དཔེ་རྒྱུན་ཤིན་ཏུ་རྙེད་དཀའ་བར་གྱུར་བས་མིག་ལ་བསྟན་རྒྱུར་ལས་སླ་བོ་ཞིག་མ་རེད། སྔོན་བྱོན་མཁས་པའི་ངག་རྒྱུན་དུ་ཡོད་པ་ཙམ་ལས་ད་ལྟ་གླེགས་བམ་དེ་དག་སྟོན་རྒྱུ་མེད་ན་ཐོན་མིས་མ་བརྩམས་པ་དང་མེད་ཅེས་ཟེར་ན་བྱབ་ཆུང་རེད། འཇིག་རྟེན་ཁ་དཔེར། ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་།།བོང་བུས་མ་བགྲོད་ལམ་འཕྲང་མང་།།ཞེས་པ་ལྟར་རེད། ཡང་གཅིག་བཤད་ན། ཐོན་མིས་རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།བོད་ཡིག་སུམ་ཅུར་གཏན་ལ་ཕབ།།ཅེས་པ་ལྟར་ལེགས་སྦྱར་ལ་དཔེ་མཛད་ནས་བོད་རང་གི་སྐད་དང་མཐུན་པར་བོད་ཡིག་གསར་བཟོས་མཛད་ཚུལ་དང་། བསྟན་བཅོས་གཞན་རྣམས་ནུབ་པའི་དབང་གིས་ཕྲད་དང་རྣམ་དབྱེ་སོགས་ཀྱི་འཇུག་ཚུལ། རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་མཁས་པས་བཞེད་པ་རྟ་མོག་གི་སྤུ་ལྟར་འདུག་པ་འདི་དག་ལའང་བསམ་པར་བྱ་དགོས་པའི་ཚོད་དུ་སྣང་། ལེགས་སྦྱར་གྱི་དྷརྨ་དང་ཨེག་ལྟ་བུར་བོད་སྐད་ལ་བསྒྱུར་དུས་དཔེར་ན་ཆོས་དང་གཅིག་ལྟ་བུའི་མིང་གཞི་ཆ་དང་ཅ་སོགས་ཡི་གེ་དྲུག་ཐོན་མིས་གསར་དུ་བསྣན་ཚུལ་མ་ནི་བཀའ་འབུམ་ན་འདུག་པ་དང་། དེ་མིན་གསུང་ཚུལ་གཞན་ཡང་མང་བས་འདི་བདེན་དང་མི་བདེན་གྱི་ཁ་ཚོན་གཅོད་པ་མི་སྔ་བར་སྔོན་བྱོན་མཁས་པའི་གསུང་ལ་འབད་པས་འཇུག་དགོས་པ་དང་དེ་ལྟར་མིན་པར་ཧམ་པ་ཆེ་དྲགས་ན་རང་གི་རིག་གཞུང་ལ་གནོད་པ་ལས་ཕན་ཐོགས་སྤུ་ཙམ་ཡང་མེད། མ་མཐོང་ཕྱིར་ན་མེད་པ་མིན།།ཞེས་པ་དེ་སེམས་ལ་བཟུང་།
༼༼རིམ་པ་དང་པོ་བོད་ཡིག་དེ་ཐོན་མི་སམ་བྷོ་ཊའི་བཟོས་པ་མིན་པ་ལ་གནོད་བྱེད་དང་། དེ་ནས་གཞན་ཞིག་གི་བཟོས་པ་ལ་སྒྲུབ་བྱེད་གཏོང་དགོས་ངེས།༽༽ རིམ་པ་དང་པོ་ཐོན་མི་སམ་བྷོ་ཊའི་བཟོས་པ་ཞེས་པ་དེ་ལ་་་་སེམས་རྣལ་དུ་ཕབས་ནས་སེམས་ན་་་་ཐོན་མི་སམ་བྷོ་ཊ་་་ཟེར་བ་དེ་་་ང་ཚོ་་་དང་འདྲ་བའི་་་མི་ཞིག་་་་ཡིན་པའི་གདེང་འཇོག་གི་བསམ་བློའི་རྨང་གཞི་དེ་སྔོན་དུ་འགྲོ་དགོས་པ་རེད། བསམ་བློ་དང་ལྟ་བ་དེ་འདྲ་ཞིག་གི་ཐོག་ནས་སེམས་ན་་་་་ལུང་རྙོག་མང་པོ་་་་བསྒྲང་དགོས་པ་ཅང་མི་འདུག་སྙམ། ད་འོ་ན་ཐོན་མི་སམ་བྷོ་ཊས་་་་བོད་ཡིག་གསར་དུ་བཟོས་ཡོད་པའི་དབང་དུ་བཏང་ནའང་་་་་ཁོས་དེ་འདྲ་་་་བསྟན་བཅོས་མང་མོ་དེ་མ་ཐག་ཏུ་བསྒྱུར་ཐུབ་པ་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ། རྒྱ་ཆེ་གཏིང་ཟབ་ཀྱི་གསུངས་རབ་བསྒྱུར་ཟེར་བ་དེ་ཡང་་་་བོད་ཡིག་འབྲི་ཀློག་ཤེས་པ་ཙམ་གྱིས་འགྲིག་མདོག་མ་རེད། དེ་ལ་ཐོས་བསམ་ཚད་དང་ལྡན་པ་ཞིག་སྔོན་དུ་འགྲོ་དགོས་པ་རེད་བ། དེ་མ་འགྲོ་བ་ཡིན་ན་གཞུང་ལུགས་སྤུས་གཙང་ཞིག་ཡོང་མདོག་མ་རེད། ད་དུང་ཁྱེད་རང་ཚོས་བཤད་བཞིན་པའི་ཐོན་མི་སམ་བྷོ་ཊའི་སྐོར་མང་ཆེ་བ་་་ཁོང་རྒྱ་གར་དུ་ཡི་གེ་སློབ་དུ་སོང་བ་ཡིན་པ་གླེང་བ་གཏོགས་་་བསྟན་བཅོས་སློབ་སྦྱོང་གི་ཆེད་དུ་ཕེབས་པ་ཤིག་ཡིན་པ་གླེང་གི་མི་འདུག་བ། དེ་འདྲ་ཡིན་དུས་་་ཐོན་མི་སམ་བྷོ་ཊ་་་་ཟེར་བའི་གང་ཟག་གཅིག་ལ་་་ལས་འགན་མང་པོ་ཞིག་ཁོའི་མགོ་ཐོག་ཏུ་མ་ཉེས་ཁ་ཡོག་བྱས་པ་འདྲ་པོ་མཐོང། ཁུངས་གཏུག་པ་ཡིན་ནའང་གཏུག་སྟངས་དེ་འདྲ་ཞིག་ད་ཨ་ཡིན་ནམ། དེ་ཁྱེད་རང་ཚོས་་་བོན་པོ་ལ་ཁུངས་ལུང་ཤོར་འགྲོ་ས་རེད་བསམ་ནས་་་ཧ་ཅང་བློ་ཚབ་གནང་ཀ་ཐལ་སོང་བ་ཡིན་པའི་བཟོ་ཞིག་འདུག། དེ་མིན་་་ཐོན་མི་སམ་བྷོ་ཊ་་་ཟེར་བ་དེ་་་་རྒྱལ་ཀུན་གཅིག་འདུས་ཀྱི་ངོ་བོ་་་་དེ་འདྲ་ཡིན་ན་ནི་་་ཁྱེད་རང་ཚོའི་་་ཆོས་ལུགས་གཙོར་བཟུངགིས་ཡིད་ཆེས་གནང་སྟངས་ཤིག་རེད་མ་གཏོགས། བོད་གངས་ཅན་པའི་ལོ་རྒྱུས་དྲང་པོར་སྨྲ་བའི་ལུགས་ཤིག་ད་ཨ་ཡིན་ནམ། གནས་ཚུལ་འདི་ཚོ་མང་ཆེ་བ་་་་བོད་ཀྱི་ཡུལ་མི་་་་ཚོ་ལ་དབང་ཆ་གང་ཡང་མེད་པར་་་་དུས་ཀུན་ཏུ་ཆོས་ལུགས་མི་སྣའི་ཁ་ལ་ཡར་རྐྱང་རྐྱང་བལྟས་ནས་བསྡད་བཞག་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་འདྲ།
དྲན་རྒྱུ་མང་ཞིང་རྣམ་དོགས་ཆེས་མང་ན།
རང་གི་རང་ལ་ཡིད་་མཆེད་དཀའ་བ་དང་།
རང་ཉིད་མི་དང་ཁྱི་ཡིན་དབྱེ་བ་མི་ཆོད་པས།
སྨྱོན་པས་འཛམ་གླིང་དབང་བའི་དུས་སུ་སླེབས།
གཞོན་ནུ་ཟླ་མེད་ཅེས་པ་འདིས་རྩོམ་པ་པོའི་བརྩམས་ཆོས་ཀྱི་བརྗོད་བྱ་རྗོད་བྱེད་ཕྱོགས་ཡོངས་སུ་གཟིགས་མེད་པ་འདྲ། གོང་གི་བརྩམས་ཆོས་དེ་ནི་སྙན་ངག་གི་སྒྱུ་རྩལ་དུ་དྲངས་པའི་བརྗོད་བྱ་ཟབ་པའི་བརྩམས་ཆོས་ཤིག་ཡིན་པ་མ་ཟད། བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་སྒྱུ་རྩལ་རོལ་མྱོང་གི་རིན་ཐང་ཆེ་བ་དང༌། མཛེས་དཔྱོད་ཀྱི་རིན་ཐང་ལྡན་པའི་སྙན་ངག་ཅིག་ཡིན་པ་ནི་སྨོས་མེད་ཐོག ལོ་རྒྱུས་ལས་འཕྲོས་པའི་སུམ་རྟགས་མཛད་པ་པོའི་བཞེད་སྲོལ་ལ་དོགས་སློང་གནང་བ་ཞིག་རེད། འདི་ནི་རྩོམ་པ་པོས་རྩོམ་རིག་གཤིས་ཉམས་དང་དཔྱད་གཞིའི་དམིགས་དོན་དུ་བདམས་པ་ཡིན་ཡང༌། དོན་དངོས་ཐོག་སྙན་ངག་གི་བརྩམས་ཆོས་ཤིག་ལས་འདའ་མི་སྲིད། སྙན་ངག་ནི་སྒྱུ་རྩལ་རོལ་མྱོང་གི་ཆ་ནས་འཇོག་དགོས་སྟབས། ཐ་གཅིག་ཏུ་དེ་ཡིན་དང་མིན་གྱི་ས་མཚམས་འཛིན་དགོས་པ་ཞིག་མིན། གལ་སྲིད་དྲ་གྲོགས་ལྷན་རྒྱས་ཀྱིས་སུམ་རྟགས་སུས་བརྩམས་མིན་ལ་དཔྱད་པ་འཇུག་པར་སྤྲོ་ཚེ་དེ་ནི་ཆེས་དགའ་བའི་གནས་ཡིན་མོད། རྩོམ་པ་པོས་བརྗོད་དོན་སྟོན་པའི་སྙན་ངག་གི་སྒྱུ་རྩལ་སྤྱོད་ཤུགས་ཆེ་བར་གཞིགས་ཏེ་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཕྱོགས་ལའང་སྐད་ཆ་རེ་གཉིས་བཤད་ན་འགྲིག་གམ་སྙམ། ཐོན་མིའི་ཞལ་ལུང་དང་སྔོན་གྱི་མཁས་པ་ཚོའི་གསུང་ཚིག་རེ་གཉིས་དྲངས་ཏེ་དགག་སྒྲུབ་ལྟར་སྣང་བ་རེ་བྱེད་པ་ནི་ཟེར་རྗེས་འགྲེང་བའི་ལྐུག་ཚུལ་ཞིག་ལས་ཅི་ཡང་མིན་པར་འདོད།
ཡི་གེ་འབྲི་ཀློག་ཤེས་པ་ཙམ་ཞིག་གིས།།
ང་རྒྱལ་རི་བོའི་གཏོས་དང་མཉམ་པ་ཡི།།
གང་ཡང་མ་བསླབས་ཅི་ཡང་མི་ཤེས་པ།།
ཡོད་མིན་མེད་མིན་རྣམས་ཀྱི་གཤིས་ཀ་ཡིན།།
རང་ལ་གཏད་སོ་གང་ཡང་མ་མཆིས་ཤིང་།།
སྔོན་གྱི་གཞུང་ལུགས་རྩ་ལྟར་འདོར་བཞིན་དུ།།
འགྲིག་འགྲིག་རྣམ་རྟོག་བརྒྱ་ཡི་ཕུང་འདྲེ་འདི།།
བོད་ཀྱི་རིག་གཞུང་འཇིག་པའི་སྔ་ལྟོས་ཡིན།།
དགའ་དུས་ལྷ་སྲས་འུ་དུམ་བཙན་པོ་མ་དགའ་དུས་བདུད་རྒྱལ་གླང་དར་མ་ཁོ་འ་ཆད་འུ་ཐུག་གི་དུས་ལ་ཁ་གཡར་ས་དང་ཁག་འཇོག་ས་ཡག་པོ་ཞིག་རེད་ཨང་།
དྲ་གྲོགས dawaལགས།
ཁྱེད་ཀྱིས་བསམ་ཚུལ་དང་བཅས་ཏེ་རྒྱབ་སྐྱོར་བྱས་བ་སྙིང་ནས་དགའ་ཡོད། ཁ་ཤས་ཞིག་གིས་རང་གི་འདོད་པ་ནང་བཞིན་མ་སོང་མི་གཞན་ལ་སྐྱོན་བརྗོད་ཀྱི་ཚིག་སྣེ་མང་པོ་ཤིག་རང་བཞིན་གྱི་ཐོན་གྱིན་འདུག་པས་བདག་ལྟ་བུ་ལ་གང་བཤད་འདི་བཤད་ཁྱེད་ཚོས་མུ་མཐུད་ནས་སྐྱོན་བརྗོད་རིགས་ག་ཚོད་ཀྱི་བཤད་ཐུབ་ན་དེ་ཚོད་ཀྱིས་དགའ་བསུ་ཞུ་ངེས་ཡིན། གཞན་སྐྱོན་སྨྲ་ཤེས་དགོས། རང་སྐྱོན་འཛེམས་ཤེས་དགོས།
མིག་བརྒྱད་པ་ཞེས་པའི་དྲ་གྲོགས་འདིའི་མཆན་འདེབས་སྟེངས་ལ་བལྟས་ན། ང་རྒྱལ་ཁེངས་དྲེགས་ཀྱི་རྣམ་པ་ཆེས་ཆེར་མངོན། སྤྱིར་རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་གང་ཞིག་ལ་མིག་བརྒྱད་ཙམ་མ་ཟད་སྟོང་གིས་བལྟས་ཀྱང༌། དོན་དངོས་ཐོག་རྩོམ་པ་པོས་རང་ཉིད་ཀྱི་ལང་ཕྱོགས་དང་ལྟ་སྟངས་གཞིར་བཟུང་ནས་སྤྱི་ཚོགས་འཚོ་བར་གདམས་གསེས་དང་བཙོ་སྦྱངས། ལས་སྣོན་བྱས་པའི་འབྲས་བུ་ཡིན་སྟབས། དེའི་ནང་དུ་རྩོམ་པ་པོའི་བསམ་བློའི་བརྩེ་དུང་ངམ་སྒྱུ་རྩལ་ལས་སྣོན་གྱི་དབྱངས་རྟ་སྙན་འཇེབས་ལྡན་པ་དག་འདུས་པ་ལས་གཞན་རྙེད་རྒྱུ་ཅང་མེད། དེ་ནི་ལྷོ་ཕྱོགས་ཉི་ཟླའི་བསམ་བློའི་གཤིས་ཉམས་དང་བརྩམས་ཆོས་ཀྱི་བཞེངས་བཀོད་ཐད་ནས་གླེང་བཞིན་ཡོད་པས་ཡིན། དེས་ན་སྒྱུ་རྩལ་བརྩམས་ཆོས་དག་ཏུ་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱིས་མཚོན་པའི་བརྗོད་བྱའི་སྲོག་གང་ཞིག་ཡིན་ཡང༌། གཙོ་བོ་སྒྱུ་རྩལ་གཤིས་ཉམས་ཀྱིས་ཕྱུགས་ཅིང་མཛེས་དཔྱོད་རིག་རྩལ་གྱིས་ཀུན་ནས་བལྟམས་པ་ཞིག་ངེས་པར་དགོས་པ་ཡིན། དེས་གོང་འཁོད་བརྩམས་ཆོས་ཀྱི་ཕྱོགས་ངོས་གང་ནས་གཟིགས་ཀྱང་སྤྱི་ཚོགས་བསམ་བློར་འཆར་པའི་རིག་རྩལ་གྱི་རྣམ་པ་ཞིག་རྗོད་ཀྱིན་ཡོད་པ་མ་གཏོགས། རྩོམ་པ་པོ་ཁོ་རང་གིས་སྐྱེས་ཐོབ་ཀྱི་ཤེས་རབ་ལ་བརྟེན་ནས་གློ་བུར་གསར་གཏོད་བྱས་པ་ཞིག་སྟོན་གྱིན་མེད་སྟབས། དྲ་གྲོགས་ལྷན་རྒྱས་ཀྱིས་རྩོམ་ཡིག་གི་གཟས་ཁྱབ་རང་བཞིན་ངོས་ཟིན་དགོས་པ་གལ་གནད་དུ་མཐོང༌། རྩོམ་པ་པོས་བརྗོད་སྙིང་དེ་རྩོམ་རིག་སྒྱུ་རྩལ་ཞེས་པ་འདིའི་ཁྱབ་ཁོངས་སུ་དྲངས་ནས་རང་ཉིད་ལ་མྱོང་གོམས་བྱུང་བའི་ཚོར་འདུའམ་ཡང་ན་སྲོལ་རྒྱུན་སྒྱུ་རྩལ་གྱི་རྣམ་པར་བཙོ་སྦྱངས་བྱས་པ་ཡིན་པས། ཀློག་པ་པོ་རྣམས་ཡིད་ཀུན་ནས་གཡོས་པར་མ་ཟད། སྒྱུ་རྩལ་གྱི་ཞིང་ཁམས་འདི་ནས་ངག་རིག་རོལ་རྩེད་ཀྱི་དབྱངས་འགྲོས་ལ་འཇུག་ཅིང་བགྲོས་པ་ནི་གསར་བཞེངས་བྱས་པའི་བརྩམས་ཆོས་འདིའི་གྲུབ་དོན་ཁོ་ནར་འདོད།
སྤྱིར་སྒྱུ་རྩལ་ཟེར་བ་མཛེས་སྡུག་གི་ཁྱད་ཆོས་དང་ལྡན་པའི་བཟོ་བཀོད་ཕུལ་བྱུང་དང་ལུས་ངག་གི་ཉམས་འགྱུར་སོགས་ཀྱི་དོན་སྟེང་ན་ཡོད་པ་ལས་ཚིག་སྟེང་ན་ཡོད་པ་ཞིག་མིན། སྒྱུ་རྩལ་རྩོམ་རིག་ཟེར་ན་ཚིག་སྦྱོར་གྱི་སྟེང་དུ་སྒྱུ་རྩལ་གྱི་ཉམས་དང་ལྡན་པའི་རྩོམ་རིག་ཏེ། རི་མོ་ནི་ཚོན་གྱི་སྒྱུ་རྩལ། རོལ་མོ་ནི་སྒྲ་གདངས་ཀྱི་སྒྱུ་རྩལ། ཚིག་གི་སྒྱུ་རྩལ་ཟེར་བ་ཡི་གེ་མིང་ཚིག་གསུམ་གསུམ་འདུས་པ་ལས་གྲུབ་ཅིང་སྐབས་ཀྱི་བརྗོད་བྱའི་དོན་དགོས་པ་གོ་བརྡ་འཕྲོད་པ་གཙོ་བོར་བྱེད་པའི་རིགས་ཤིག་དང་། དེ་མིན་དགའ་སྡུག་ཆགས་སྡང་སོགས་ཀྱི་ཉམས་འགྱུར་དང་དགོས་པ་ཡིད་འགུལ་ཐེབས་ཤིང་སེམས་ཀྱི་འགྱུར་བ་བསྐྱེད་པ་གཙོ་བོར་བྱེད་པའི་རིགས་ཤིག་སྟེ་གཉིས་ཡོད་ཆོག་གི་རེད། ཁྱོད་ཀྱིས་བཤད་པ་ལྟར་སྤྱི་ཚོགས་འཚོ་བར་གདམས་གསེས་དང་བཙོ་སྦྱངས། ལས་སྣོན་བྱས་པའི་འབྲས་བུ་ཡིན་ཞེས་འདྲ་ཆགས་པོ་ཞིག་བཤད་པ་ལས་དེ་ནི་ཚིག་གི་ལོ་མས་བསྒྲིབས་པ་ལས་གོ་རྒྱུ་གང་ཡང་མི་འདུག མ་གཞི་ནས་ཁྱོད་ཚོ་ནི་བོད་ཀྱི་རིག་གནས་ཀྱི་དྲི་མ་མི་བྲོ་བས་བོད་ཀྱི་རིག་གནས་ཀྱི་སྐོར་གླེང་ཚེ་བོད་ཀྱི་མཁས་པའི་གཞུང་ལ་གཏུགས་དགོས་པ་ལ་ཁྱོད་ཚོས་སློབ་དཔོན་ཐོན་མི་དང་ཐོན་མིའི་ཞལ་ལུང་སོགས་བོད་ཀྱི་རིག་པའི་གཞུང་ལུགས་དེ་དག་ནག་བསུབ་ཏུ་གཏོང་འདོད་པ་ཁོ་ན་ལས་རྒྱུ་མཚན་ཏིལ་ཙམ་ཡང་བགྲང་རྒྱུ་མེད། དཔེར་ན། ཁྱོད་ཚོས། སློབ་དཔོན་ཐོན་མིས་བརྩམས་པའི་བསྟན་བཅོས་བརྒྱད་ཟེར་བ་ཞིག་མེད་དེ་མ་མཐོང་བའི་ཕྱིར་མེད་ཟེར་མཁན་གྲས་ཡིན་པས་བྱ་ཐབས་ཟད།
ཚིག་སྦྱོར་གྱི་སྟེང་དུ་སྒྱུ་རྩལ་གྱི་ཉམས་ཤིག་འདོན་སྟངས་མི་ཤེས་ལ་དེ་ནི་བླུན་རྨོངས་པ་ཞིག་གི་བསམ་བློར་འཆར་བའི་འཆར་ཡན་ཙམ་རེད། སྒྱུ་རྩལ་རྩོམ་རིག་གི་ཚིག་གི་སྦྱོར་བ་ནི་མི་ཞིག་ལ་མཚོན་ན་དེའི་མཛེས་རྒྱན་ཁོ་ནར་འདོད་དགོས། ཚིག་གི་རྒྱན་ཞེས་པ་ནི་ཚིག་སྦྱོར་སྤེལ་སྟེང་ལ་རག་ལས་པ་ལས། རྒྱན་ཞེས་རང་བཞིན་རྡོག་རྡོག་ཅིག་འཇོག་ཏུ་མེད། མིག་བརྒྱད་པ་ལགས། མཛེས་སྡུག་གི་ཁྱད་ཆོས་དང་ལྡན་པའི་བཟོ་བཀོད་ཕུལ་བྱུང་ཞེས་རྩོམ་རིག་སྨྲ་བ་ཚོས་གླེང་གི་ཡོད་མོད། ཁྱོད་ཀྱི་གོ་བ་ལེན་སྟངས་ལྟར་མིན། དེ་ནི་རྩོམ་པ་པོའི་བརྩམས་ཆོས་ལ་མཛེས་རྒྱན་རིག་པས་སྤྲས་པའི་བཀོད་པ་ཕུལ་བྱུང་བ་ཞིག་ཡིན་དགོས་པར་བཤད་པ་ཡིན། ལུས་ངག་གི་ཉམས་འགྱུར་འདོན་སྟངས་ནས་སྒྱུ་རྩལ་གྱི་ཁྱད་ཆོས་མྱོང་བ་ནི་རྩོམ་རིག་རིག་པའི་ཁྱབ་ཁོངས་སུ་འཇོག་ཀྱང༌། སྒྱུ་རྩལ་བརྩམས་ཆོས་ཀྱི་ངོས་ནས་གླེང་སྐབས་དེ་ལ་གོ་བརྡ་འཕྲོད་པ་ཙམ་གཙོ་བོར་མི་འཛིན་པར་རྩོམ་པ་པོས་ལས་སྣོན་བཙོ་སྦྱངས་བྱས་ཏེ་སྙན་ངག་གི་ཕུལ་བྱུང་སྒྱུ་རྩལ་གྱི་ལམ་དུ་འདྲེན་པ་གནད་དུ་ཆེ། དཔེར་ན།
མེ་ཏོག་ལམ་ལ་བགྲོད་པར་མ་བྱས་ཤིང༌།། གཞོན་ནུའི་བརླ་ཡི་འཁྲི་ཤིང་མ་བསྲུབས་ལ།། ཡལ་འདབ་ལྔ་པའང་ངལ་བར་མ་བྱས་ཏེ།། དྲན་པའི་ཀ་ཆེན་འགྱེལ་འདི་སྣང་བ་སྐྱོ།། ཞེས་པའི་བོད་མཁས་པའི་སྙན་ངག་ཤོ་ལོ་ཀ་འདི་ཞིབ་མོར་བཀླགས་ཏེ་དེའི་སྒྱུ་རྩལ་གྱི་ཆ་གང་དུ་ཡོད་མེད་ལ་ཐུགས་སྣང་གནང་རོགས།
སྒྱུ་རྩལ་རྩོམ་རིག་ཟེར་ན་ཀློག་མཁན་གྱི་རྒྱུད་ལ་ཡིད་འགུལ་ཐེབས་ཤིང་། དགའ་སྡུག་ཆགས་སྡང་གི་ཚོར་བ་སྐྱེད་ཐུབ་པའི་ནུས་པ་ཞིག་ཐོན་དགོས་པ་ཡིན། ཉམས་ཟེར་བ་ཚིག་ཉམས་གཅིག་བུ་ཡིན་མི་དགོས་བར་དོན་ཉམས་འདོན་ཚུལ་ལ་སྙན་ངག་མེ་ལོང་གི་རིག་པའི་གཞུང་ལུགས་ལས་བྱུང་བ་ལྟ་བུ་རྩོམ་རིག་གི་སྒྱུ་རྩལ་ཟེར། རང་སྐད་ཀྱི་སྟེང་དུ་ཡོད་པའི་ངོ་མཚར་ཡིད་དུ་འོང་བའི་སྒྲུང་གཏམ་དང་གླུ་བཞས། ཁ་ཤགས་སོགས་ལ་ཚིག་གི་ཉམས་དང་། དབྱངས་ཀྱི་འགྱུར་ཁུག་འདེགས་འཇོག་མཁས་པས་གླུ་ལེན་པ་དང་ཚོན་གྱི་སྡེབ་སྦྱོར་ལ་མཁས་པས་ཐང་ག་བཞེངས་པ་སོགས་ནི་མཛེས་སྡུག་གི་ཁྱད་ཆོས་དང་ལྡན་པའི་བཟོ་བཀོད་ཕུལ་བྱུང་གི་སྒྱུ་རྩལ་ཡིན་པ་ལས་རྩོམ་རིག་གི་སྒྱུ་རྩལ་མ་རེད། ལས་སྣོན་དང་བཙོ་སྦྱངས་སོགས་ཀྱི་ཐ་སྙད་ཟ་ཟི་དེ་འདྲ་སྦྱོར་དགོས་དོན་ཅི་ཡོད། གོ་བརྡ་འཕྲོད་པ་གཙོ་བོར་བྱེད་པ་ལ་སྨྱོན་པའི་གཏམ་ལྟ་བུ་དང་རང་ཚིག་སྔ་ཕྱི་འགལ་བ་མ་ཡིན་པ་དང་འབྲེལ་མེད་མ་ཡིན་པ་ཞིག་དགོས་པ་དང་། དེ་ལྟར་མིན་ན་རྩོམ་སྐྱོན་དུ་འགྱུར་བ་ལས་རྩོམ་མིན་ཞེས་ཟེར་མི་ཕོད། མདོར་ན། སྙན་ངག་མེ་ལོང་ལས་བྱུང་བའི་དགོངས་པ་ཅན་གྱི་ཁྱད་ཆོས་བཞི་པོ་ཚང་བའི་རྩོམ་ཡིན་ན་ཚིག་གི་སྒྱུ་རྩལ་ཚང་བའི་རྩོམ་ཡིན་པས་ཁྱབ་ཅེས་ཁས་བླངས་ན་ཁྱོད་ཀྱིས་དེ་ལ་གནོད་བྱེད་དང་རྒྱུ་མཚན་ཡང་དག་ཅིག་བརྙེད་མི་སྲིད་དོ། །