(ཨང་ཀི་’’8’’ཀྱིས་ཀླད་པ་བཀྲུས་དང་བཀྲུ་བཞིན་པའི་ཅོལ་ཆུང་དག་ལའོ།།)
གངས་སྦལ་གྱིས།
འདི་ནི། ང་ཕྲད་པའི་དོན་དག་ངོ་མ་ཞིག་ཡིན། ཁྱོད་ཀྱང་དོན་དག་འདི་འདྲ་ལ་ཐུག་ཡོད་ཤས་ཆེ། ཉིན་དེར། ང་ཁ་པར་ནང་ལ་སྒོར་མོ་འཇོག་ཏུ་སོང་བ་ན། ང་ཐོན་དུས་གསར་བུ་གཉིས་ཀྱིས། ཁ་པར་ཨང་གྲངས་ཉོ་བཞིན་པའི་སྒང་རེད། ཁོ་གཉིས་ཀྱིས་ཁ་པར་ཨང་གྲངས་ཡར་བསལ་མར་བསལ་བྱེད་བཞིན་པའི་སྐབས་སུ། གཅིག་གིས། ‘ཨང་ཀི་8མང་ས་ཉོས་དང་ཡག་པ་ཞིག་ལ་བརྩི་ནི་རེད་ཅེས་བསྐུལ་བ་ན། གཞན་དེས་ཀྱང་དེ་ལྟར་བྱེད་པར་མཐོང་། དེ་ནས་ང་རང་ཕྱིར་ཐོན་ཡོང། ཁོ་གཉིས་ཀྱིས་ཨང་ཀི་’’8’’མང་ས་ཞིག་ཉོས་ཡོད་མེད་མི་ཤེས། མེད་ནའང་ཐང་མོད། ཁོ་གཉིས་ཀྱིས་ཨང་ཀི་’’8’’མང་སའི་ཨང་གྲངས་ཤིག་ཉོས་ཡོད་མེད་ནི། དོན་དག་ཆེན་པོ་ཞིག་མ་རེད། གནད་དོན་ནི། ད་ནངས་འབྲོག་ས་ནས་ཡོང་ནི་ལོས་ཡིན་སྙམ་པའི་གསར་བུ་འདི་གཉིས་ཀྱིས་ཀྱང་། ཨང་ཀི་’’8’’ནི་ཡག་པ་ཞིག་ཡིན་ཚུལ་ཤེས་ནས་ཡོད་པ་དང། ཤེས་ནས་ཀྱང་། ཨང་ཀི་’’8’’ལ་དགའ་ཟིན་པ་དེའོ།།
རྫོང་མཁར་ན་འདུག་པའི་བོད་ཕྲུག་དག་ནི། ཨང་ཀི་’’8’’ལ་དགའ་བ་སྔར་ནས་ཤེས་ཀྱི་ཡོད། ཁོ་ཚོས་མི་དམངས་ཤོག་སྒོར་ངོས་ཀྱི། ཨང་རྟགས་ནང་དུ་བསྟུད་མར་ཨང་ཀི་’’8’’མང་བ་ཅན་ཡོད་ན། ཆེད་དུ་བདག་ཉར་ལེགས་པོ་བྱེད་པ་མ་ཟད། ད་དུང་གྲོགས་པོ་འདུས་ས་ནས་ངོམས་སོའང་བྱེད་པར་དགའ། ད་དུང་དཔེར་ན། རླངས་འཁོར་གྱི་ཨང་རྟགས་ལྟ་བུའང་། ཨ་ཀི་’’8’’མང་བ་ཅན་ཡིན་ན་ནི། ཀུན་གྱིས་དོ་སྣང་བྱེད་ཅིང་། རླངས་འཁོར་གྱི་བདག་པོའི་སེམས་སུའང། དེ་ནི་ངོམས་སོ་བྱེད་རིན་ཡོད་པ་ཞིག་ཡིན་ཚོད་རེད།
མགོ་ནག་བོད་ལ་མཚོན་ན། ‘’བཅུ་གསུམ་མིང་ཡག་’’དང་གསུམ་པ་རིལ་བུ་ཁ་འཕྲོད་’’ལྟ་བུ་ནི། རྟེན་འབྲེལ་ལ་བརྩི་སྲོལ་ཡོད་པ་སྟེ། དཔེར་ན། དགོན་པ་ལ་འབུལ་བ་མར་རྒྱ་མ་བཅུ་དགོས་ན། བཅུ་གསུམ་བྱས་ནས་འབུལ་བ་དང། སྒོར་མོ་བརྒྱ་དགོས་པ་ལྟ་བུ་ཡིན་ན། བརྒྱ་དང་བཅུ་གསུམ་བྱས་ནས་འབུལ་སྲོལ་ནི། ད་ལྟའང་མ་ཉམས་པར་ཡོད། བོད་ཀྱི་རིག་གནས་ནང་དུ་ཨང་ཀི་’’8’’དེ། རྟེན་འབྲེལ་ལེགས་པོ་མཚོན་པ་ཡིན་པའི་བཤད་སྲོལ་ནི་བདག་གིས་མ་མཐོང།
རྒྱའི་རིག་གནས་ལྟར་ན། ཨང་ཀི་’’8’’ཀྱིས་རྒྱུ་མགོར་འབུད་པ་མཚོན་ནི་རེད་ཟེར། ཡང་ན། ཨང་ཀི་’’8’’ཀྱིས་ཕྱུག་པོར་འགྱུར་བའི་རྟེན་འབྲེལ་ཞིག་མཚོན་གྱི་ཡོད་རེད། ད་ལྟ་རྫོང་དང་གཞི་རིམ་གྱི་བོད་ཕྲུག་ཚོའི་སེམས་སུ། ཨང་ཀི་’’8’’ཀྱི་རྟེན་འབྲེལ་ལ་དགའ་བ་ནི། དུས་རབས་ཀྱི་རྗེས་ཆོད་ཀྱི་ཡོད་པའི་རྟགས་ཤིག་ཏུ་བསམ་ནས་ཡོད་ཚོད་རེད། ཨང་ཀི་’’8’’ཀྱི་རྟེན་འབྲེལ་ལ་བརྟགས་པ་ནི། སྤྱི་ཚོགས་ཀྱི་འགྲོ་ཚུལ་ཤེས་ཡོད་པའི་ངོམས་སོ་ཞིག་ཀྱང་ཡིན་ཚོད་གདའ། ད་ལྟ་ཨང་ཀི་’’8’’ནི། རྟེན་འབྲེལ་གྱི་བདག་པོར་གྲགས་པའི་མགོ་ནག་བོད་པའི་མི་རབས་གསར་པའི་རུས་གསེང་ལ་འཐིམ་ཀྱི་ཡོད་པའི་ཚོད་རེད། ཨང་ཀི་’’8’’ནི། རྫོང་མཁར་གྱི་ཁྲ་ཁྲ་རིག་རིག་དང་འདྲེས་ནས། འབྲོག་པའི་ཟོག་རྗེས་སུ་ཐོན་ནས་ཡོད་ཚོད་རེད།
མི་རིང་བའི་རྗེས་སུ། རྣམ་ཐོས་སྲས་ཀྱི་སྐུ་ཐང་བཤམས་པའི་བོད་ཟས་ཁང་གི་སྦྱིན་བདག་མ་གན་གྱི་སེམས་སུ། རྣམ་སྲས་ཀྱི་ཐང་ག་གན་ལ། ཨང་ཀི་’’8’’ཀྱི་ལྗིད་ཚད་ཡོད་དམ། ཨང་ཀི་’’8’’ཀྱིས་མཐར་འབྲོག་པའི་སྲུང་འབྲུ་མ་དག་ཀྱང་ཤན་པའི་ལག་ལ་དྲུད་འགྲོ་སྲིད་དམ། མ་འོངས་པ་ཞིག་ལ། བོད་པའི་རླུང་རྟའི་ངོས་སུ། ཨང་ཀི་’’8’’ཅིག་དཔར་ཡོད་ཀྱང་སྲིད། རྫོང་མཁར་གྱི་བྱིས་གཉོར་ཁང་གི་བོད་ཕྲུག་གན་ཚོ། ནར་སོན་དུས་ཨང་ཀི་’’8’’དང་བཅས་པས། ཀླད་པ་གཙང་མར་བཀྲུས་ཟིན་ནམ། ཨང་ཀི་’’8’’ལ་དད་པ་ཞིག་སྐྱེ་གི་ཡོད་ཀྱང་སྲིད།
རྒྱ་ནག་ཨོ་རྩལ་དེ་ ༢༠༠༨ ལོའི་ཟླ་ ༨ པའི་ཚེས་ ༨ ཀྱི་སྔ་མོའི་ཆུ་ཚོིད་ ༨ དང་སྐར་མ་༨ སྐར་ཆ་ ༨༨ ཐོག་ལ་འགོ་བརྩམས་པར་བལྟས་ན། ཨང་ཀི་བརྒྱད་ནི། རྒྱ་ནག་རིག་གནས་ཀྱི་ཚབ་མཚོན་ཞིག་ཡིན་ཚོད་རེད། ཁོ་ཚོས་ཨོ་རྩལ་སྤྱད་ནས། འཛམ་གླིང་རིག་གནས་ཀྱི་སྐྱེད་མོས་ཚལ་དུ། རྒྱ་ནག་རིག་གནས་ཀྱི་ས་བོན་འདེབ་ཨེ་ཐུབ་བལྟས་པ་རེད། འདིའང་’’འཛམ་གླིང་ཅན་’’གྱི་རྦ་རླབས་དྲག་པོའི་གདོང་ནས། རང་གི་རིག་གནས་ཀྱི་འཚོ་གནས་སྲུང་ཚུལ་ཞིག་རེད། འུ་ཚོས་ཀྱང། ཡོད་ཚད་’’རྒྱ་རིགས་ཅན་’’དུ་འགྱུར་གྱིན་པའི་གདོང་ནས། རང་གི་’’༡༣’’གྱི་ཁ་ལས་རླུང་རྟ་བསྐྱོར་ན་ལོས་ཆོག ཨང་ཀི་’’8’’ཀྱི་བཙན་འཛུལ་བཀག་ན་ལོས་ཆོག ཨང་ཀི་’’8’’ལ་དོ་སྣང་ཙམ་ཡང་མ་བྱས་ན་ལོས་ཆོག འདི་ནི་’’རང་ཉིད་ནས་འགོ་རྩོམ་’’སྟངས་ཤིག་རེད། ཨང་ཀི་’’8’’ཀྱི་བཙན་འཛུལ་བཀག་པ་ཙམ་གྱིས་དོན་དག་ཆེན་པོ་ཞིག་གྲུབ་སོང་བ་མིན་མོད། མ་ཁོག་ན་ནི། ཕམ་ཁ་ཆེན་པོའོ། །
དུས་ད་ལྟ་མགོ་ནག་བོད་པ་ཚང་གི་གཞོན་སྐྱེས་ཕོ་མོ་དག ཨང་ཀི་’’8’’ཀྱི་རྟེན་འབྲེལ་ལ་དགའ་བ་ནི། བོད་པ་ཚང་གི་རྟེན་འབྲེལ་རྨང་ནས་ལོག་པའི་ཐོག་མ་ཡིན་ནམ། བོད་པ་ཚང་གི་མི་དང་རིག་གནས་གཉིས་ཀ། མ་འོངས་པ་ན། ཨང་ཀི་’’8’’དང་བཅས་པས། ལྷག་མེད་དུ་བཟའ་བའི་ལྟས་ངན་པ་བསྟན་པ་ཡིན་ནམ’’ཞེས་གོང་གསལ་ཨང་ཀི་’’8’’ལ་འཛིན་པའི་ལྟ་ཚུལ་དང་འབྲེལ་བའི་རྩོམ་ཡིག་འདི་ནི་ཕྱི་ལོ་ ༢༠༠༩ ལོའི་ཤར་དུང་རིའི་དུས་དེབ་ནང་གི་རྩོམ་པ་པོ་ཟུར་གསུམ་མ་ཞེས་པས་བརྩམས་གནང་བའི་’’སྲུང་’’དང་སྐྱོབ་’’ཅེས་པའི་རྩོམ་ཡིག་དེའི་ནང་གི་ཚན་པ་གཅིག་ཡིན་ཞིང་། རྩོམ་པ་པོ་ཁོང་གིས་བརྗོད་འདོད་པ་ནི། ཤེས་དང་མ་ཤེས་པའི་སྒོ་ནས་བོད་རང་གི་རིག་གནས་དང་རིག་གནས་ཀྱི་བསམ་བློ་རྒྱང་ཕུད་དུ་བཏང་སྟེ་དེའི་ཚབ་ཏུ་གཞན་གྱི་རིག་གནས་སྤྱི་དང་ལྷག་པར་དུ་རྒྱའི་རིག་གནས་དང་རིག་གནས་བསམ་བློ་དང་དུ་ལེན་ཀྱིན་པའི་ཚབས་ཆེན་རང་བཞིན་གྱི་གནད་དོན་དེར་དགག་སྒྲུབ་ཀྱི་དགོངས་ཚུལ་བཏོན་པ་ཡིན་ལ། སྣང་ཚུལ་འདི་དང་འདི་འདྲ་བ་དག་ནི་དེང་གི་སྤྱི་ཚོགས་སུ་མཐོང་ཤིན་ཏུ་མང་བའི་གནད་དོན་ཞིག་དང་། ཧོབ་སྟེ་བལྟས་ན་དོན་ཆུང་ཆུང་ལྟ་བུའི་སྣང་བ་ཞིག་སྐྱེས་ཀྱང་བསམ་ཞིང་བརྟགས་ན་གནད་ཤིན་ཏུ་ཆེ་བའི་རིག་གནས་བརྗེ་སྤོར་གྱི་དོན་དག་ཅིག་ཡིན་པར་བརྟེན། རིག་གནས་དང་མི་རིགས་གླེང་བའི་སྐྱེས་བུ་ཆེན་པོ་དག་གིས་ནི་དེ་བས་ཀྱང་གཟབ་གཟབ་གནང་དགོས་པ་གལ་གནད་ཆེན་པོར་མཐོང་མོད། ཉེ་ཆར་བོད་ཀྱི་མ་འོངས་པའི་བཀའ་ཁྲི་གསར་པ་བློ་བཟང་སེང་གེས་རང་ཉིད་བཀའ་བློན་ཁྲི་བར་འདུག་རྒྱུའི་ལས་ཁུར་གྱི་དམ་འབུལ་གྱི་དུས་ཚེས་དེ་‘’པཱ་པཱ་(88)ཅོའུ་ཅོའུ་ཅོའུ་(999)’’ཡིན་ཞེས་ངོམས་སོ་ལྟ་བུའི་སྣང་ཚུལ་མི་ལེགས་པ་ཞིག་གི་ངོས་ནས་རྒྱ་ཁྱབ་ཏུ་འདི་ལྟར་བསྒྲགས་འདུག “རྒྱ་ནག་གིས་༢༠༠༨ ལོའི་ཕྱི་ཟླ་༨ ཚེས་༨ ཀྱི་དགོང་མོ་ཆུ་ཚོད་༨ སྐར་མ་༨ སྐར་ཆ་༨ ཀྱི་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་འགོ་འཛུགས་བྱས་པ་རེད། བརྒྱད་བརྒྱད་ཞེས་པ་དེ་རྒྱ་སྐད་ཐོག་རྒྱ་ནག་གིས་ཨང་གྲངས་ཡག་པོར་བརྩིས་ཏེ། ཕྱུག་པོ་ཆགས་རྒྱུ་རེད་ཟེར་གྱི་ཡོད་པ་དང། དགུ་དགུ་དེ་རྒྱ་སྐད་ཐོག་ག་རེ་ཡིན་ནའང་རིང་པོར་བརྩི་ཡི་ཡོད་པས། ཕྱུག་པོ་རིང་པོ་ཡིན་ན་ཡག་པོ་རེད། དེར་བརྟེན། ངའི་དམ་འབུལ་མཛད་སྒོ་དེ་པཱ་པཱ་(88)ཅོའུ་ཅོའུ་ཅོའུ་(999)རེད་”ཅེས་འགྲེལ་བརྗོད་གནང་འདུག་པ་ལྟར་རེད། དེས་ན་ཉིན་མོ་འདི་ནི་བོད་ཀྱི་མ་འོངས་པའི་ལོ་རྒྱུས་ནང་ཧ་ཅང་གནད་འགག་ཆེ་བའི་ཉིན་མོ་ཞིག་ཅིས་ཀྱང་ཆགས་ངེས་ཡིན་པ་བློ་བཟང་སེང་གེས་གསལ་པོ་ཤེས་ལོས་ཀྱང་ཡོད་མོད། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་དུས་ཚོད་དེ་ལྟར་བདམས་པར་མ་ཟད། དེ་ལ་འདི་ལྟར་རྒྱའི་རིག་གནས་ཀྱི་ངོས་འཛིན་བྱེད་སྟངས་ལྟར་འགྲེལ་བཤད་དང་བཅས་ཏེ་དང་ལེན་བྱས་པ་ཡིན་ནམ། དོན་འདི་ནི་རྩོམ་པ་པོ་ཟུར་གསུམ་མས་གསུངས་པ་ལྟར་’’བོད་པ་ཚང་གི་མི་དང་རིག་གནས་གཉིས་ཀ མ་འོངས་པ་ན། ཨང་ཀི་’’8’’དང་བཅས་པས། ལྷག་མེད་དུ་བཟའ་བའི་ལྟས་ངན་པ་བསྟན་པ་ཡིན་ནམ’’། ཡང་ན་བློ་བཟང་སེང་གེས་རྒྱ་ནག་གཞུང་ལ་གུས་བརྩི་མཚོན་ཆེད་རྒྱའི་རིག་གནས་ལ་མཐོང་ཆེན་གནང་བ་ཡིན། གང་ལྟར་འདི་ནི་བོད་རང་གིས་རྟེན་འབྲེལ་ལེགས་པའི་གྲངས་ཀ་ཨང་ཀི་’’༡༣’’ དང་ཨང་ཀི་’’༡༣’’ལ་འཛིན་པའི་རིག་གནས་བསམ་བློ་གཉིས་རྒྱང་ཕུད་བཏང་སྟེ་རྒྱའི་རྟེན་འབྲེལ་ལེགས་པའི་མཚོན་བྱེད་ཨང་ཀི་’’8’’དང་’’9’’གཉིས་གདན་འདྲེན་བྱས་ནས་རྒྱ་མི་ཚོས་དེ་ལ་འཛིན་པའི་རིག་གནས་བསམ་བློ་དང་དུ་བླངས་པ་ཞིག་ཡིན་འདུག་པས། འབྱུང་འགྱུར་མི་རབས་གསར་པས་ལོ་རྒྱུས་ཀྱི་དཀྱོགས་མཚམས་འདི་གླེང་དུས་རང་བཞིན་གྱིས་དོགས་པ་ཞིག་དང་དྲི་བ་ཞིག་སླེབས་ཡོང་ངེས་པ་ནི་བློ་བཟང་སེང་གེས་རྒྱའི་རིག་གནས་ཀྱི་དྲི་མ་འགོས་པའི་ཉིན་མོ་འདི་དང་དུས་ཚོད་འདི་ལ་ཅིའི་ཕྱིར་ལས་ཁུར་དམ་འབུལ་བྱས་པ་ཡིན་ནམ་ཞེས་པ་འདི་རེད། འདིའི་རིགས་ཀྱིས་རང་གི་རིག་གནས་དང་རིག་གནས་བསམ་བློ་ལ་སྣང་ཆུང་བྱས་པ་ཞིག་དང་དེ་ལས་ཀྱང་ཚབས་ཆེ་བ་ནི་བློ་བཟང་སེང་གེ་ལ་ལད་ཟློས་བྱེད་མཁན་གྱི་མི་མང་པོ་ཞིག་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་ཅིས་ཀྱང་ཐུགས་སྣང་གནང་དགོས་པར་སྙམ།
གལ་སྲིད་དངོས་མིང་དགོས་མཁོ་ཡོད་ན། ཚེ་སྐྱབས།
སྡོད་གནས་རྡ་ས།
རྩོམ་ཡིག་འདི་ནི་བདག་གི་བསམ་ཕྱོགས་དང་ཡོངས་སུ་མཐུན་གྱི་འདུག
ང་ཚོའི་སླེབས་ལ་ཉེ་བའི་ སྲིད་སྐྱོང་ཁོང་གི་ཁྲི་འདོན་དུས་ཚེས་བདམས་སྟངས་དང་དེའི་འགྲེལ་བཤད་ཉེ་ཆར་བང་ ཆེན་ཚགས་པར་ཐོག་བཀོད་པ་དེ་ལ་མི་རིགས་རང་གི་རིག་གནས་སེམས་ཁམས་དང་ཡང་ན་ཆབ་ སྲིད་འཐབ་རྩོད་ཀྱི་དོན་སྙིང་ཅི་གང་མེད་པ་མ་ཟད། རྒྱ་རིགས་བསམ་ཤེས་ཚོས་གོ་ན་དགོད་ཁ་འཆོར་བ་དང་སྙིང་ཡོད་བོད་མི་ཚོས་བསམ་ན་ སེམས་ན་དགོས་པའི་གནད་དོན་རང་རེད།
༡) བོད་མི་རིགས་ལ་རང་གི་ཐུན་མོང་མ་ཡིན་པའི་རྟགས་རྟེན་འབྲེལ་བདམས་སྟངས་ཀྱི་རིག་ གནས་དང་དེ་ལ་དགའ་ཞེན་དཔག་མེད་བྱེད་མཁན་གྱི་མི་མང་ཡོད་པ་རེད། དེ་ཡོངས་སུ་སྣང་མེད་བཏང་ནས་རྒྱ་ལུགས་ཀྱི་དུས་ཚེས་དང་བསྟུན་ཁུལ་བྱེད་པ་འདིས་ ཅོལ་ཆུང་གི་རྣམ་པ་བསྟན་པ་ཙམ་མ་ཟད། རང་གི་མི་རིགས་དང་དེའི་རིག་གནས་ལ་མཐོང་ཆུང་ཁྱད་གསོད་ཚད་མེད་རེད་བསམ་གྱི་ འདུག
༢) འདི་ལ་ཆབ་སྲིད་ཀྱི་དོན་སྙིང་ཅི་ཡང་མེད་པ་གསལ་པོ་རེད། རྒྱ་ནག་གིས་ཨོ་ལིམ་ཕིག་གི་རྩེད་འགྲན་དུས་ཚེས་དེ་འདྲ་ཞིག་ལ་འགོ་བཙུགས་ཡོད་པ་ བདེན་ཡང། རྩེད་འགྲན་དེ་བརྒྱུད་ནས་རྒྱ་ནག་ལ་དཔལ་འབྱོར་དང་མིང་མཐོང་གི་ཁེ་ཕན་ཆེན་པོ་ ཐོབ་ཡོད། འོན་ཀྱང་ང་ཚོས་སྲིད་གཞུང་གསར་པར་འཕོ་བ་འདི་མི་རིགས་ཤིག་གི་ལས་འགན་སྒྲུབ་ ཆེད་རེད་མ་གཏོགས། སྐུ་ཞབས་བློ་བཟང་སེང་གེས་བཤད་པ་བཞིན། ”ཕྱུག་པོ”” རིང་པོ” ཆགས་རྒྱུའི་ཆེད་དུ་རེད་དམ། མ་གཞི་ཕྱུག་པོ་རིང་པོ་ཞེས་པའི་ངོ་གདོང་གི་གོ་བ་ནི། བཀའ་ཁྲིའི་སྐུབ་སྟེགས་བརྒྱུད་བློ་བཟང་སེང་གེ་ཁོ་རང་ཕྱུག་པོ་ཆགས་རྒྱུ་དང། གོ་གནས་ཀྱི་སྐུ་ཚེ་རིང་པོར་གནས་དགོས་པ་འདྲ་ཞིག་གི་བཟོ་ལྟ་ཡང་མི་འདུག་གམ།
༣) རྒྱ་རིགས་ནང་དུ་ཤེས་ཡོན་ཅན་དང་བསམ་ཡོད་མང་པོ་ཡོད་པས་དེ་ཚོས་འདི་གོ་ན་ག་འདྲ་ བསམ་སྲིད་དམ། རྒྱ་ནག་ཟེར་པ་འདི་གནའ་ནས་ད་བར་སོ་སོའི་མི་རིགས་ལ་ང་རྒྱལ་ཡོད་མཁན་ཞིག་རེད། ང་ཚོའི་སྲིད་སྐྱོང་གསར་པས་ལྫིད་ཁོག་དང་དོན་སྙིང་ཅི་ཡང་མེད་པའི་སྐད་ཆ་འདི་ འདྲ་བཤད་ན་ཁོ་ཚོ་ཁོང་བགད་ཤོར་རྒྱུ་རེད། མ་གཞི་ནས་བློ་བཟང་སེང་གེའི་རྒྱུས་ཆ་ཚང་རྒྱ་རིགས་ཚོས་སྔ་ས་ནས་ལོན་ཚར་པའི་ དོགས་པ་ཡོད།
༤)གལ་ ཆེ་ཤོས་བོད་རིགས་མི་མང་དང་ལྷག་པར་དུ་གཞིས་ལུས་རྒྱལ་གཅེས་སྙིང་སྟོབས་ཀྱིས་ ཕྱུག་པའི་བོད་མི་ཚོས་ཁོའི་སྐད་ཆ་འདི་གོ་ན་སྙིང་ན་ནས་མིག་ཆུ་འཆོར་རྒྱུ་རེད། རྒྱ་མིས་བོད་བསད་པ་རེད། རྒྱ་མིས་བོད་ས་འཕྲོགས་པ་རེད། རྒྱ་མིས་བོད་ལ་དབང་སྒྱུར་ཐུབ་ཚོད་བྱེད་ཀྱི་ཡོད་པ་རེད། གཞིས་ལུས་བོད་མི་ཚོས་སེམས་ཤུགས་ཆེན་པོས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། བློ་བཟང་སེང་གེར་ན་ཚ་ག་འདྲ་ཞིག་ཕོག་པ་ཡིན་ནམ། ལས་ཀའི་འགོ་བཙུགས་དུས་ནས་རྒྱ་དགའ་བོད་སྡུག་གི་སྐད་ཆ་ལབ་པ་འདི་ཅི་རེད། རྒྱ་ནག་དང་བསྟུན་དགོས་པའི་བསམ་བློ་ཡིན་སྲིད་ཀྱང། རང་ལ་སྟོབས་དང་ཇུས་ཤིག་མེད་ན། སྤྱང་ཀིའི་ཁ་ནས་ཤ་ལེན་རྒྱུའི་སྟོང་བསམ་རང་ཡིན།
༥) བོད་སྐད་ཡིག་གི་རང་མགོ་ཡག་པོ་ཞིག་མི་ཐོན་བཞིན་དུ་རྒྱ་སྐད་རྒྱག་ཁུལ་འདི་ཅི་ རེད། དེང་སང་བོད་གཞིས་བྱེས་གང་སར་བོད་སྐད་གཙང་མ་རྒྱག་པའི་ལས་འགུལ་སྤེལ་བཞིན་པའི་ སྐབས་འདིར་ཁོས་རྒྱ་སྐད་མ་ཤེས་ཤེས་ཁུལ་གྱིས་བརྒྱབ་པ་འདིས་ནང་ཁོག་ཅི་འདྲ་ཞིག་ རུལ་ཟིན་པ་གསལ་པོ་མཐོང་གི་མི་འདུག་གམ།
དེ་འདྲ་ཞིག་མ་རེད་དམ་དྲ་གྲོགས་ཚོ།
བོད་ཀྱི་བང་ཆེན་ཐོག་བློ་བཟང་སེང་གེས་བཤད་པའི་སྐད་ཆ།
ངའི་དམ་འབུལ་མཛད་སྒོ་དེ་པཱ་པཱ་(88)ཅོའུ་ཅོའུ་ཅོའུ་(999)རེད།
གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
losang senggen 88ཕྱི་ ཟླ་༨ ཚེས་༨ ཆུ་ཚོད་༩ སྐར་མ་༩ སྐར་ཆ་༩ ཐོག་སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་ལས་ཁུར་དམ་འབུལ་ མཛད་སྒོ་དེ་དྷ་ས་གཙུག་ལག་ཁང་དུ་གཏན་ཁེལ་ཡོད་པ་དང་། དེ་ནི་རྒྱ་ནག་གིས་ཚེས་གྲངས་ལ་རྟེན་འབྲེལ་བརྩི་སྟངས་ལྟར་གཏན་འབེབས་བྱས་པ་ ཞིག་ཡིན་འདུག
དེ་ཡང་བློ་བཟང་སེང་གེ་མཆོག་གིས་མཛད་སྒོའི་དུས་ཚེས་སྐོར་གསར་འགོད་པར་ངོ་ སྤྲོད་གནང་དོན། “རྒྱ་ནག་གིས་༢༠༠༨ ལོའི་ཕྱི་ཟླ་༨ ཚེས་༨ ཀྱི་དགོང་མོ་ཆུ་ཚོད་༨ སྐར་མ་༨ སྐར་ཆ་༨ ཀྱི་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་འགོ་འཛུགས་བྱས་པ་ རེད། བརྒྱད་བརྒྱད་ཞེས་པ་དེ་རྒྱ་སྐད་ཐོག་རྒྱ་ནག་གིས་ཨང་གྲངས་ཡག་པོར་བརྩིས་ཏེ། ཕྱུག་པོ་ཆགས་རྒྱུ་རེད་ཟེར་གྱི་ཡོད་པ་དང། དགུ་དགུ་དེ་རྒྱ་སྐད་ཐོག་ག་རེ་ཡིན་ནའང་རིང་པོར་བརྩི་ཡི་ཡོད་པས། ཕྱུག་པོ་རིང་པོ་ཡིན་ན་ཡག་པོ་རེད། དེར་བརྟེན། ངའི་དམ་འབུལ་མཛད་སྒོ་དེ་པཱ་པཱ་(88)ཅོའུ་ཅོའུ་ཅོའུ་(999)རེད་”ཅེས་འགྲེལ་ བརྗོད་གནང་འདུག
ཟླ་༧ ཚེས་༣༡ ཉིན་མཁས་དབང་བློ་བཟང་སེང་གེ་ལགས་སུ་གསར་འགྱུར་བརྒྱུད་ལམ་གྱིས་རྒྱ་གར་དང་ རྒྱ་ནག་བར་གྱི་འབྲེལ་ལམ་སྐོར་ལ་བཅར་འདྲིའི་སྐབས། ཁོང་གིས་རྒྱ་གར་དང་རྒྱ་ནག་གཉིས་གྲོས་མོལ་སྐབས་རྒྱ་གར་གྱིས་བོད་དོན་དེ་གྲོས་ གཞིའི་སྙིང་དོན་དུ་ངོས་འཛིན་གནང་རོགས། སྔར་བོད་ནང་རྒྱ་ནག་གི་དམག་མི་མེད་པའི་སྐབས། རྒྱ་གར་གི་ས་མཚམས་ཁག་ཧ་ཅང་ཞི་འཇམ་ཡོད་པ་དང། བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྗེས་རྒྱ་གར་གྱི་ས་མཚམས་དང་མཚོ་ཐོག་ཏུ་ རྒྱ་ནག་གིས་དམག་མི་འགྲེམས་འཇོག་བྱས་པར་བརྟེན། རྒྱ་གར་མི་མང་གིས་བོད་དེ་གལ་ཆེན་པོ་ཡིན་པ་ཤེས་རྟོགས་འབྱུང་གི་ཡོད་པ་རེད་ལ། ང་ཚོས་ཀྱང་དེའི་ཐོག་དོ་སྣང་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
གསར་འགོད་པས་བོད་རྒྱ་གྲོས་མོལ་གྲ་སྒྲིག་ཡོད་མེད་སྐོར་དྲིས་པར། ཁོང་གིས་ལན་འདེབས་གནང་དོན། བོད་པའི་ངོས་ནས་ས་ཆ་དང་དུས་ཚོད་ག་འདྲ་ཞིག་ཡིན་ཡང་རྒྱ་ནག་མཉམ་དུ་གྲོས་མོལ་ གྲ་སྒྲིག་ཡོད། ང་ཚོས་ཞི་བའི་ཐོག་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཐབས་ལམ་ཞིག་འཚོལ་རྒྱུའི་ འདུན་པ་ཡོད། ད་ལྟ་གནད་དོན་འདིའི་ཐོག་བསྟུན་མཁས་ཉུང་བ་དང། ཁོང་ཚོས་བོད་ཀྱི་གནད་དོན་ཐོག་གྲོས་མོལ་གནང་རྒྱུར་ང་ཚོ་འདོད་མོས་ཡོད་པའི་ རོགས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག
བཀའ་ཁྲི་གསར་པའི་དམ་འབུལ་དང་སྟབས་བསྟུན་ཁྲི་སྟོན་ཞིག་ཀྱང་བོད་གཞུང་མང་མཉམ་འཛོམས་ཀྱིས་གོ་སྒྲིག་བྱས་ཡོད་པ་རེད།།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༡, ༠༨, ༣’ )
བོད་ཕྲུག་བོད་ནང་ནས་མཚར་ལངས་བྱུང་བ་ཚོ་ཁག་མེད་ཀི དེང་དུས་བོད་ནང་གི་སྤྱི་ཚོགས་ཁོར་ཡུག་གི་ནུས་ཤུགས་ལ་ཁ་གཏད་གཅོག་དཀའ་བ་ཞིག་རེད།
བློ་སེང་་་་་གིས་དམ་འབུལ་བྱེད་སྟངས་ཀྱང་་་་འུ་ཚང་གི་རྟེན་འབྲེལ་བརྩི་ལུགས་མ་བྱས་པར། འུ་ཚང་གི་དགྲ་བོའི་ལུགས་སྲོལ་ལྟར་བྱེད་སྟངས་དེ། རྒྱ་གཞུང་ལ་སྤྲེལ་ལེ་འཁྲབ་པ་ཡིན་ན་ཐང་། འཁྲབ་སྟངས་མ་ཤེས་པ་རེད།
སྐད་ཡིག་རྒྱུན་འཛིན་ཚོགས་པར་བློ་བཟང་སེང་ལགས་དང་། བང་ཆེན་གསར་ཤོག་ཟུང་གི་ཚབ་ཞུས་ཏེ་བོད་སྐད་ནང་གཞན་གྱི་སྐད་ཡིག་གི་ལྷད་བཅུག་པར་དགོངས་བསེལ་ཞུ་རྒྱུ་ཡིན། མ་ཟད་མ་འོངས་བཀའ་ཁྲི་དང་། བང་ཆེན་གསར་ཤོག་གི་དབུ་ལས་ཡོངས་ནས་སྐད་ཡིག་རྒྱུན་འཛིན་ཚོགས་པའི་སྐུ་ངལ་སྐྱོན་དགོས་པའི་རྒྱུ་མཚན་ཤེས་དགོས་པ་ལས་དོན་མེད་དགོས་མེད་ཚིག་ལྷད་བཅུག་པ་ནི་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་། ཡང་སྒོས་གངས་ཅན་པའི་ཐུན་མིན་རིག་གཞུང་ལ་མཐོང་ཆུང་ཁྱད་བསོད་བྱས་པར་བརྩི་རྒྱུ་ལས་གཞན་འོས་མཚམས་མེད་པ་ཤེས་དགོས།
ང་ཚོའི་ལུང་པར་བརྒྱད་ཁ་ཡར་གཏད་ཅེས་པ་ཞིག་བཤད་སྲོལ་འདུག་གཞན་གཏིང་ཟབ་པོ་དེ་
འདྲ་ཤེས་ནི་མིན།
མཆན་དང་རྩོམ་གང་ཞིག་བྲིས་ཀྱང།་ཕྱོགས་རིས་དང་སྒེར་གྱི་ཁེ་ཕན་དབང་དུ་འགྲོ་མི་འོས།
གང་ལགས་ཞེ་ན།་ཤར་ཕྱོགས་ཁུག་རྟ་ཟེར་བ་ཞིག་གིས་དེ་སྔོན་གཞོན་ནུས་རྡ་རམ་ས་ལ་ཟས་བཅད་ངོ་རྒོལ་བྱེད་པ་དེ་༸རྒྱལ་བ་རིན་པོ་ཆེར་ངོ་རྒོལ་རེད་མདོག་མདོག་བྲིས་སོང་ལ།་དེ་རྗེས་ཡང་ཁོས་གཞོན་ནུས་བཙན་བྱོལ་བོད་གཞུང་འཁོད་པའི་སྟོད་གོས་བཙོང་བ་དེ་ཡང་༸རྒྱལ་བ་རིན་པོ་ཆེར་ངོ་རྒོལ་རེད་མདོག་མདོག་བྲིས་འདུག་་དེ་ལ་བལྟས་ན་ཏན་ཏན་ཁོ་རང་སྒེར་གྱི་ཁེ་ཕན་ཞིག་གཞོན་ནུས་མ་བསྒྲུབས་པའམ།་ཡང་ན་གཞོན་ནུའི་རྒྱུན་ལས་བྱེ་བྲག་པ་ཞིག་དང་ཁོ་རང་སྒེར་འཁོན་ཡོད་པ་མཐོང་གི་འདུག་
གངས་སྦལ་གྱི་རྩོམ་བཟང་འདི་ལྟ་བུ་བློ་བཟང་སེང་གེ་ནས་ཀློག་འོས་ཤིན་ཏུ་ཆེ་ཡང་། ཕངས་པ་ཞིག་ལ་ཁོ་ལ་འདི་ཀློག་པའི་བོད་ཡིག་ཤེས་ཚད་མེད་དོ། ད་དུང་པ་པ་ཅོའུ་ཅོའུ་ཟེར་ནས་འདུག་ནི་རེད།
རྣམ་པ་ཚོས་དགོངས་ཚུལ་གསུང་བར་ཐུགས་རྗེ་ཆེ། བློ་བཟང་སེང་གེས་་་་་་རྒྱ་མིས་དེ་ལྟར་ཁོ་རང་གི་རིག་གནས་བསམ་བློ་ཞིག་གིས་ཨང་ཀི་‚‚8‚‚མང་པོ་ཞིག་བང་བསྒྲིགས་པའི་དུས་ཚོད་ཅིག་ལ་ཨོ་རྩལ་གྱི་འགོ་འཛུགས་བྱས་པ་རེད། དེས་ན་ངས་བོད་རང་གི་རིག་གནས་ཀྱི་བསམ་བློ་ལྟར་ཨང་ཀི་‚‚༡༣‚‚་ལྟ་བུ་བདམས་ཏེ་ལས་འཁུར་དམ་འབུལ་ཞུས་ཀི་ཡིན་ཞེས་གསུངས་ཡོད་ན་ཅི་འདྲིའི་གཟི་བརྗིད་ཅིག་རེད་ཨང་།
སྤྱིར་བཏང་རྣམ་རྟོག་གི་དཔྱད་པ་ཙམ་ལ་སྙིང་བོ་ཆེར་མེད་མོད། ཨང་ཀིའི་སྟེང་ནས་མཚན་ཉིད་རིག་པའི་མཚོན་དོན་འཚོལ་སྟངས་ནི་ཡོད་ཡོད་པ་ཞིག་རེད། དཔེར་ན། གཅིག་གིས་རྗེས་དཔག་མཚོན་པ་རེད། གཉིས་ཀྱིས་ཐེ་ཚོམ་མཚོན་པ་རེད། གསུམ་གྱིས་བརྟན་པོ་མཚོན་པ་རེད། བཞི་ཡིས་བདེན་དོན་མཚོན་པ་རེད། བརྒྱད་ཀྱིས་འབྲལ་མི་ཕོད་པ་དང་བརྩེ་དུང་མཚོན་པ་རེད། དགུ་ཡིས་ཕུལ་བྱུང་མཚོན་པ་རེད། བཅུ་ཡིས་བླ་ན་མེད་པ་མཚོན་པ་རེད། ལྔ་དྲུག་་བདུན་གསུམ་དྲན་མ་སོང་དྲན་མཁན་རེས་ཁ་སྐོང་བྱེད་རོགས།
དེའི་ཕྱིར་བརྒྱད་ནི་ཧ་ཅང་གི་རྣམ་རྟོག་ཟ་དགོས་པ་ཞིག་མ་རེད། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་བ་མཚོན་ཏེ། གཞིས་བྱེས་གཉིས་ནི་ནམ་ཡང་འབྲལ་དུ་མེད་པ་དེ་མཚོན་ནའང་མཚོན་ཆཽག་པ་ཞྀག་རེད། སྤྱིར་བཏང་བོད་ལུགས་ལའང་ཚེས་བཅུ་དང་ཚེས་བརྒྱད་ནི་རྣམ་དཀར་གྱི་ལས་ལ་འབད་པའི་ཉིན་བཟང་པོ་ཞྀག་རེད།
སྤུན་ཟླ་སྡེབ་གསོད་བཏངས་པའི་ཉིན་མོ། ཕ་ཁྱིམ་དྲོན་མོ་འཕྲོག་པའི་ཉིན་མོ། རང་དབང་ཉི་མ་ནུབ་པའི་ཉིན་མོ། མུ་གེ་ལྟོག་ཤི་ཐེབས་པའི་ཉིན་མོ། སྐྱབས་མགོན་ཆིབས་ཞལ་བསྒྱུར་གྱི་ཉིན་མོ། བླ་དཔོན་བཙོན་ལ་བཟུང་གི་ཉིན་མོ། མི་ངན་ལས་ཀ་རེག་གི་ཉིན་མོ། གཅར་རྡུང་ཁྲག་གིས་རྫིས་ཀྱི་ཉིན་མོ། ལྟས་ངན་་8དང9་ཡི་ལོ་དུས། རྨ་ཁ་བཞིན་གྱི་དུས་ཚིགས་ནག་པོ། དྲག་བསྐྱེད་མེད་པའི་ན་ཚ་རྙིང་པ། ཚ་ནས་སྒང་ལ་ཁབ་ཀྱིས་མ་གཙགས།།
བོན་རྒྱ་བའི་བཤད་སྟངས་ལྟར་བྱས་ན་ཨང་ཀི་‚‚8‚‚བརྒྱད་ལ་ངོས་འཛིན་བྱེད་སྟངས་གཞན་ཞིག་ཡོད་པ་དེ་སུའི་ལུགས་རེད། སུ་ཞིག་གི་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་པའི་བཤད་སྟངས་ཤིག་རེད། བོད་ཀྱི་ས་གནས་ཁ་ཤས་ན་དེ་ལྟར་བཤད་སྟངས་རེ་ཡོད་པ་རེད་དམ། ‚‚ཨང་ཀིའི་སྟེང་ནས་མཚན་ཉིད་རིག་པའི་མཚོན་དོན་འཚོལ་སྟངས་‚‚འདི་ལ་ཡུལ་ལུང་གང་ཞིག་གི་རིག་གནས་ཀྱི་བསམ་བློས་ཤུགས་རྐྱེན་ཐེབས་མེད་པ་ཞིག་རེད་དམ།
ཡང་གཅིག་བཤད་ན་བློ་བཟང་སེང་གེས་འགྲེལ་བཤད་དེ་ལྟར་གནང་སྟེ་དུས་ཚོད་དེ་དག་བདམས་པར་འགལ་ཆ་ཆེར་མེད་ཀྱང་སྲིད་མོད། ཁོས་ནི་མཐའ་གཅིག་ཏུ་རྒྱ་མི་ཚོས་ངོས་འཛིན་བྱེད་སྟངས་ལྟར་འགྲེལ་བཤད་དང་བཅས་ཏེ་དང་ལེན་བྱས་འདུག་པས་བློ་སེམས་གཏིང་ནས་མ་བདེ་བ་ཡིན།
གཤམ་གསལ་གྱི་བསམ་ཚུལ་དག་ནི་ཀིརྟི་སྐྱབས་ཟེར་བས་‚‚དམ་འབུལ་ཐོབ་སྐར་གོར་ཐིག་རེད་‚‚ཅེས་པའི་རྩོམ་ཡིག་གི་གཤམ་དུ་བྲིས་པའི་བསམ་ཚུལ་ཞིག་ཡིན་ཞིང་འདིར་ཡང་འབྲེལ་ཆེ་བར་བསམ་ནས་དཀོད་པ་ཡིན།
བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོའི་ནང་དུ་སྤྱི་ཟླ་ ༨ ཚེས་ ༨ ཉིན་ཉིན་འབྱུང་འཕྲོད་འཕྲོད་སྦྱོར་ཐོག་ནས་བལྟས་ནས་འབྱུང་འཕྲོད་སྡུག་ཤོས་དེ་འཕྲད་ཅིང་དེ་ཡང་ཚེས་ ༨ འབྱུང་འཕྲོད་མེ་ཆུ་འཕྲད་འདུག དེ་ཡང་རྩིས་གཞུང་ལས། མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཅེས་འཕྲོད་ཧ་ཅང་གི་ངན་པ་ཞིག་འཁེལ་འདུག
ད་ཡང་དེས་མ་ཚད་སྤྱི་ ༨ ཚེས་ཉིན་ལག་པ་སྟོང་པའི་རྟེན་འབྲེལ་ངན་པ་དབུལ་ལག་ཟེར་བ་དེ་འཁེལ་འདུག ལག་སྟོང་པའི་དབུལ་འཁེལ་བའི་ཉིན་བྱ་བ་གང་ཞིག་འགོ་འཛུགས་བྱས་ཀྱང་ཕྱི་འབྱུང་བྱ་བ་དེར་གྲུབ་འབྲས་ཅི་ཡང་མི་ཐོན་པར་དབུལ་ལག་ངན་པའི་ཉིན་ཞིག་འཁེལ་འདུག
རྒྱ་ནག་གིས་གྲངས་ ༨ དགུ་ཡག་པོར་རྩི་བཞིན་ཡོད་ཀྱང་བོད་པའི་སྲོལ་རྒྱུན་ལྟར་ན་གྲངས་དགུ་དེ་ཧ་ཅང་གི་ངན་པར་རྩི་སྲོལ་ཡོད། དཔེར་ན། བཟང་པོ་བཅུ་འཛོམས་དང་ངན་པ་དགུ་འཛོམས་ཞེས་གྲངས་དགུ་འཁེལ་བའི་རིགས་ངན་པར་བརྩི་བ་རེད། དཔེར་ན་ཚེས་གྲངས་བཟང་ངན་སྐབས། ཚེས་དྲུག་བཞི་དགུ་ཉིན་ཟླ་གཟའ་འཛིན་དང་། །གཟའ་སྐར་ངན་ངན་དང་མཚན་མོ་ལམ་བཞུགས་ངན། །ཞེས་ཚེས་དགུ་འཁེལ་བའི་ཉིན་དེ་བོད་སྲོལ་རྒྱུན་གསོ་རིག་གཞུང་ལས་ངན་པར་བཤད་འདུག
བོད་པའི་ལོ་རྒྱུས་ཐོག་ནས་བརྩིས་ན་༡༩༥༩ ཞེས་གྲངས་དགུ་འཁེལ་བའི་ལོ་དེར་བོད་ས་ཡོངས་རྫོགས་རྒྱ་དམར་གྱི་བཙན་འཛུལ་བྱས་ཏེ་༸ གོང་ས་མཆོག་གིས་གཙོས་པའི་བོད་མི་རྣམས་༥༩ ལོ་དེ་ནས་བཟུང་ད་བར་སྐྱབས་བཅོལ་བ་ཞིག་ཆགས་འགོ་ཚུགས་པ་རེད།
རྒྱ་ནག་གི་མེས་པོ་མའོ་ཙེ་ཏུང་ལ་ཆ་མཚོན་ན་ཡང་༡༩༡༩ ལོར་འབྲིང་རིམ་སློབ་གྲྭ་ནས་ཐོན་རྗེས་ཐོག་མར་གསར་ཤོག་གི་རྩོམ་སྒྲིག་ལས་ཀ་ཞིག་བརྩམས་ཀྱང་ཁུངས་མ་འཁྱོལ་བར་ལས་ཀ་དེ་གཡུགས་ནས་རྒྱ་ནག་ཧྲང་ཧེ་དུ་མེ་འཁོར་ནང་དུ་བསྐྱོད་པའི་ལོ་རྒྱུས་ཡོད།
ད་དུང་ནང་ཆོས་ནང་དེ་བཞིན་གཤེགས་པའི་གདུགས་དཀར་ལས། རྟགས་དང་རྟེན་འབྲེལ་ངན་པ་ཟློག །བལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །བགེས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཅེས་གྲངས་ ༨༡ གྲངས་ ༨ སོགས་ངན་པར་བརྩིས་ནས་ངན་ཟློག་གནང་བ་རེད་འདུག
སྤྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་མི་གསོད་ཁྲག་སྦྱོར་གྱི་ལས་ངན་ཚབས་ཆེན་ཞིག་བྱུང་བ་རེད། ད་དུང་ ༡༩༨༩ གྲངས་ ༨ དང་ དགུ་འཁེལ་བའི་ལོ་དེར་རྒྱ་ནག་ནང་དུ་ཁྲག་དྲི་བྲོ་བའི་དྲག་མནན་བརྩམས་པ་རེད།
ད་དུང་བོད་མིས་ཚོས་ཕྲུ་གུ་སྐྱེས་མ་ཐག་ཏུ་ཕ་མ་གཉིས་ཀྱི་བཙས་མ་ཐག་ཏུ་ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་། །གྲང་དགུ་དེ་རིགས་ངན་ལ་ངན་པ་དགུ་འཛོམས་པའི་དབང་གིས་མི་ཚེའི་ནང་ངན་དགུ་ཐུབ་པའི་སྨོན་ལམ་བཏོན་སྲོལ་ཡོད།
དེར་བརྟེན་བཀའ་ཁྲིའི་ཁྲི་འདོན་གྱི་ལས་དོན་དེ་བོད་པའི་ངོས་ནས་བརྗོད་ན་བྱ་བ་གལ་ཆེན་ཞིག་ཆགས་ཡོད་ཀྱང་བོད་གཞུང་གིས་ངོས་ནས་སྤྱི་ ༨ ཚེས་ ༨ ཉིན་འབྱུང་འཕྲོད་སྡུག་ཤོས་དེ་དང་དབུལ་གལ་ངན་པའི་ཉིན་དེར་རང་དུ་ཁྲི་འདོན་བྱེད་དགོས་པའི་རྒྱུ་མཚན་དེ་ཆེད་དུ་བཟོས་པ་ཞིག་ཡིན་ནམ་ཡང་ན་སྣང་མེད་དུ་སྐྱུར་བ་ཞིག་ཡིན་མིན་ངས་མི་ཤེས་ཀྱང་རྟགས་དང་རྟེན་འབྲེལ་ངན་པ་ཟེར་འདྲ་འགྲིག་ན་ཏན་ཏན་དེར་བཀྲ་མི་ཤིས་པའི་གནས་ཚུལ་ཞིག་ཕྱིས་སུ་འབྱུང་བ་རེད།
དཔེར་ན་རྗེ་ཙོང་པས་ཀྱང་། རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ཞེས་རྟེན་འབྲེལ་ལེགས་པར་འགྲིག་དགོས་རྒྱུ་དེ་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། དེ་བཞིན་ཕར་པ་ལོ་ཙྰ་བ་དང་རྗེ་བཙུན་མི་ལ་ལོ་རྒྱུས་ནས་ཀྱང་ཟངས་ལུང་བཞི་པའི་སྟོང་པ་ཞིག་ཕུལ་བའི་རྟགས་དང་རྟེན་འབྲེལ་ལས་བཀའ་བརྒྱུད་པའི་བསྟན་པ་གསལ་བར་བྱེད་པའི་སྣོད་ལྡན་བུ་སློབ་རྩ་ཆེན་བཞི་འབྱུང་བའི་ལུང་བསྟན་པ་དང་། ཟངས྄སྟོང་པར་ཕུལ་བའི་རྟེན་འབྲེལ་གྱིས་མི་ལ་རས་པའི་སྐུ་ཚེ་ཧྲིལ་པོར་བཀྲས་ལྟོགས་དང་འཚོ་སྐྱོ་པོ་འབྱུང་བའི་ལུང་བསྟན་བྱུང་བ་ཡོད།
ད་དུང་བུད་མེད་ཀྱི་དམེ་བ་དགུ་མིག་དང་། སྐྱེས་པ་དགུ་མིག ངན་དགུ་སོགས་སྣ་ཚོགས་ཤིག་བརྩི་སྲོལ་ཡོད། ངས་བསམས་ན་སྤྱི་ ༨ ཚེས་ ༨ དེ་ གང་ནས་བརྩིས་ཀྱང་གཟའ་སྐར་དང་། འཕྲོད་སྦྱོར། འབྱུང་འཕྲོད། དབུལ་ལག ལོ་གྲངས། ཚེས་གྲངས་སོགས་ཕྱོགས་གང་ནས་བལྟས་ཀྱང་ཡག་ཡག་པོ་འགྲིག་མེད་སྟབས། བྱུང་ན་ཚེས་གཟའ་སྐར་དང་འབྱུང་འཕྲོད་དེ་གང་བཟང་བཟང་ཞིག་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན།
བཀའ་ཁྲི་གསར་པའི་ལམ་སྟོན་འོག་བོད་མི་ཚང་མས་ཕྱ་གྲུ་མཉམ་འདེགས་ཐོག་འབྲས་བཟང་འཐོབ་པའི་སྨོན་འདུན་དེ་ངའི་རེ་བ་ཡིན།
བློ་བཟང་སེངྒེ། བློ་བཟང་སེངྒེ། ཁྱོད་གང་ལ་ཡང་མི་སྐྲགས་པའི་གངས་སེང་ཞིག་ཡིན་ནམ། གང་སར་རྔ་མ་གཡུག་པའི་རྒྱ་ཁྱི་ཞིག་ཡིན་སོམ་ཉིའི་གནས་ལགས། འོན་ཀྱང་ཁྱོད་ཀྱི་པཱ་པཱ་ཅུའུ་ཅུའུ་དང་ཧ་ཝ་ཌིའི་སློབ་ཡོན་གྱིས་བར་འབྲེལ་བ་ཡོད་ན་བོད་མི་མང་གི་སྡུག་རེད། མི་རབས་གསར་པའི་ཞབས་འདྲེན་ཡང་རེད། དེ་བས་ཀྱང་བོད་རིགས་མི་མང་ཕལ་བ་ཙམ་ཞིག་གིས་ཡང་《དབུལ་ལག་》འདིར་ངན་པ་རྩི་སྲོལ་ཡོད་ཀྱང་ཉིད་ཀྱི་འཁྲི་འདོན་དེ་དེའི་ཉིན་ཏག་ཏག་གནང་བ་འདི་ཉིད་ཀྱིས་གསར་བསྟོད་དང་པོ་དེ་ཡིན་ནམ།
རྣམ་རྟོག་གི་རྟ་ཁ་ནི་ག་བ་གཅུ་གཅུ་རེད། ཡར་གཅུས་ན་ཡར་རྒྱུག་འགྲོ་གི་རེད་ལ་མར་གཅུས་ན་མར་རྒྱུག་འགྲོ་གི་རེད། དེ་ལས་མི་ཁག་ཅིག་གིས་སོ་སོའི་གཞུང་གི་བཀའ་བློན་ཁྲི་པའི་རྐང་པ་ནས་མཐེན་ཐབ་བྱེད་བཞིན་པ་ནི་རང་ཤ་བཅད་ནས་ཁྱི་ལ་སྟེར་བ་དང་ཁྱད་པར་ཅི་ཞིག་ཡོད། མི་འདི་རིགས་ཀྱི་བྱེད་བབ་ནི་ངོ་མ་ཡིད་སྐྱོ་བ་ཞིག་རེད།
དྲ་གྲོགས་ཚོར་སྐད་ཆ་ཞིག་ཞུ་འདོད་བྱུང་།
བོད་ཀྱི་གཏམ་དཔེ་ལ་རང་སྣ་ཕབ་མའི་རོགས་མི་དགོས་ཞེས་པ་ལྟར།
བོད་མི་རིགས་འདིའི་སྣ་ཕབ་མཁན་བོད་པའི་སྨྱུག་ཐོག་པ་ཁྱེད་ཚོ་མི་དགོས།
བོད་ཀྱི་ལས་དབང་ནི་གང་འདྲ་ཡིན་པ་བཤད་མི་དགོས་པ་བཤམ་བཞག་པ་འདྲ་རེད།
བོད་མི་མང་གིས་ལོ་ངོ་གཉིས་ཀྱི་རིང་བསམ་གཞིག་བྱས་ཏེ་སོ་སོའི་དབུ་ཁྲིད་ཉིད་དུ་བཀོས་པའི་མིང་ཞིག་ལ་སྨ་འབེབས་བྱས་ན་སུ་ཞིག་ལ་གྱོང་དང་ཕམ་ཁ་རག་པ་ཚང་མས་མཁྱེན་གསལ་རེད།
ལྷག་པར་དུ་བཀའ་ཁྲི་གསར་པའི་ལས་ཀ་འགོ་བརྩམས་སྐབས་བོད་ མི་ཚང་མས་ཕྱ་གྲུ་མཉམ་འདེགས་ཐོག་འབྲས་བཟང་འཐོབ་པའི་སྨོན་འདུན་འདྲ་མེད་ན། འདི་འདྲ་བའི་རྩོམ་ཡིག་སྤེལ་བ་ནི་བོད་ལ་ཤ་ཞེན་དང་ལྷག་བསམ་མེད་པའི་རྟགས་གསལ་པོ་རེད།
དྲ་གྲོགས་ཚོ། ངས་བལྟས་ན། ཨང་ཀི་བརྒྱད་པ་མཚོན་བྱེད་ཀྱི་རྟགས་8འདི་དེ་འདྲའི་རྣམ་རྟོག་ཟ་དགོས་ས་ཞིག་མ་རེད། དང་པོ་ངས་ཀྱང་ད་ལན་ཀུ་ཅོ་ཞིག་འདོན་དགོས་བསམ་སོང་། འོན་ཀྱང་ངས་འདི་ལ་ལྟ་ཀི་ལྟ་ཀི་འདིའི་ཐོག་ན་གོ་རྒྱུ་གཞན་པ་ཆེན་པོ་ཞིག་ཡོད་པ་ཚོར་བྱུང་། ཁྱེད་ཀྱིས་ཞིབ་ཏུ་གཅིག་ལྟོས་དང་། ཨང་ཀི་བརྒྱད་པ་མཚོན་བྱེད་ཀྱི་རྟགས་འདི་00གོར་ཐིག་གཉིས་རྩིབ་སྦྱར་ནས་གྲུབ་པ་ཞིག་རེད་འདུག་ཡ། ལྟ་ཡག་བྱས་ན་འདི་གཉིས་ཀྱིས་གཞིས་པ་དང་བྱེས་པ་མཚོན་གྱིན་མི་འདུག་གམ། གོར་ཐིག་འདི་གཉིས་ཁ་མ་བྲལ་བར་སྦྱར་ན་དེས་སྟོང་པ་མི་མཚོན་པར་བརྒྱད་པ་མཚོན་གྱིན་འདུག དེར་བརྟེན་ངས་བསམ་ན་འདིས་གཞིས་བྱེས་ལྷན་འཛོམས་མཚོན་གྱིན་འདུག་པས་འདི་ནི་ཕུལ་དུ་བྱུང་བའི་སྒྱུ་རྩལ་བླ་ན་མ་མཆིས་པ་ཞིག་རེད་སྙམ། ང་ཚོས་གོམས་སྲོལ་རྙིང་པ་ལ་ནང་དོན་གསར་པ་ལྡན་དུ་འཇུག་དགོས་པ་རེད། དེ་ལྟར་བྱས་ནས་དོན་སྙིང་ཡོད་ཀི ཡང་གཅིག་བཤད་ན་འདིས་དབུ་མའི་ལམ་ཡང་མཚོན་ཐུབ་ཀི ད་དུང་གཅིག་བཤད་ན། འདིས་རྒྱ་ནག་ལ་ན་ཟུག་ཡང་སློང་གི་རེད། མ་རེད་དམ། ཆོས་ཐམས་ཅད་རྟེན་འབྲེལ་རང་བཞིན་ཡིན་ནི་རེད། རྣམ་རྟོག་མ་ཟ་ཨ།
ཤར་དུང་རི་དུས་དེབ་ཀྱི་སྟེང་དུའང་རྩོམ་འདིར་ཧ་ཅང་འདྲ་བ་ཞིག་འདུག་བསམ་སོང་།
བོད་ལ་ཤ་ཞེན་ཟབ་པའི་ན་གཞོན་རྩོམ་པ་པོ་འགས་མེ་མདའི་སོ་ཁ་ནས་བཀའ་ཁྲི་གསར་པ་མཆོག་ལ་སྙན་ཚིག་གི་བསྟོད་པ་དེ་ཚོ་མཐོང་ན་ངའི་མིག་ཆུ་ཤོར།
རང་དབང་གི་ཁོར་ཡུག་འདི་ནས་རང་ཚུགས་མེད་པའི་མི་བུ་འགས་བཀའ་ཁྲི་གསར་པ་ལ་སྨད་པ་བྱེད་དུས་
སེམས་སྐྱོ་བའི་མི་ཆུ་ཤོར། སེམས་ཚོར་འདི་དག་གི་གསེབ་ནས་ངའི་མིག་ཆུ་གཙང་པོར་འདྲེས།
བཙན་བྱོལ་རྩོམ་པ་པོ་ཚོས་མི་གཞན་གྱི་རྩོམ་བཤུ་རྒྱུ་ལས་རང་ཉིད་ཀྱིས་རྩོམ་ཡིག་བཟང་པོ་ཞིག་འབྲི་ཐུབ་མཁན་ཧ་ཅང་ཉུང་། ད་དུང་བོད་ནང་གི་བོད་མི་སྙིང་སྟོབས་ཅན་ཞིག་གིས་ལར་རྒྱ་མཚོན་པའི་རྩོམ་ཡིག་ཅིག་བྲིས་པ་འདི། རང་གཞུང་བཀའ་བློན་ཁྲི་པའི་མགོ་ལ་དགྲ་སྟ་བཞིན་དུ་འཕྱར་བཞིན་ཡོད་པ་འདི་རྩོམ་པ་པོ་ཁོང་གིས་ཤེས་སོང་ན་ཅི་ཞིག་བསམ་ཡོང་།
བཙན་བྱོལ་བོད་མིའི་སྲིད་སྐྱོང་བ། མཁས་དབང་བློ་བཟང་སེང་གེ་མཆོག་གི་དམ་འབུལ་གྱི་ དུས་ཚེས་འདི། རྒྱ་མི་རིགས་ཀྱིས་རྟེན་འབྲེལ་བརྩེ་གསོལ་ལྟབུ་ཡོད་ཀྱང་། ཁྱེད་ཀྱི་སྲིད་སྐྱོང་གནང་བའི་དུས་ཡུལ་རིང་བོད་ཀྱི་རྩ་དོན་ལ་བྱ་བ་ལམ་འགྲོ་ཡོང་བར་སྨོན།། ་་་་་་་་་་རྒྱ་མི་རིགས་ཀྱི་ཨང་གྲང་༨་པར་རྟེན་འབྲེལ་བརྩེ་བ་དང་། ་་་་་་དབྱིན་ཅི་བས་ཨང་གྲང་༧་པར་རྟེན་འབྲེལ་བརྩེ་བ་བཞིན། བོད་པ་ཚང་གི་ཨང་གྲང་༣་པར། ཆོས་དང་སྲིད་འཇིག་རྟེན་ཀྱི་འཚོ་བའི་ནང་རྟེན་འབྲེལ་མང་པོ་བརྩེ་རྒྱུ་ཡོད།། དཔེ་ན།། ༼ཉི་ཟླ་སྐར་་་གསུམ།། ༽ ༼དཀོན་མཆོག་་་་གསུམ།།༽ ༼ཆོས་ལུང་སྤྲུལ་་་གསུམ།།༽༼ མཁན་སློབ་མཆོག་་་གསུམ།།༽༼ མ་གཟའ་དམ་་་གསུམ།།༽ ༼རིགས་་་གསུམ་་་མགོན་པོ།།༽༼ ཇོ་བོ་རྣམ་པ་་་གསུམ།། ༽༼སེར་འབྲས་དགའ་་་གསུམ།། ༽༼རྒྱ་བ་ཡབ་སྲས་་་གསུམ།།༽༼ བོད་ཀྱི་སྤྲུལ་སྐུ་རྣམ་་་གསུམ།། ༽༼བོད་ཀྱི་མཆོད་པ་རྣམ་་་གསུམ།། ༽༼ བོད་ཆོལ་ཁ་་་གསུམ།། ༽ ༼ཆོས་རྒྱལ་མི་དཔོན་རྣམ་་་གསུམ།། ༽༼ཕྱི་ནང་གསང་་་གསུམ།། ༽ ༼དམངས་གཙོའི་ཀ་བ་་་གསུམ།། ༽༼ རྟ་ནོར་ལུག་་་གསུམ།།༽༼ བུ་སྤུན་་་གསུམ།། ༽༼བོུ་སྤུན་་་གསུམ།།༽༼ རྒན་གཞོན་བར་་་གསུམ།།༽༼ ཕུ་མདའ་བར་་་གསུམ།།༽༼ སྟེང་འོག་བར་་་གསུམ།།༽ ༼ བཀྲིས་བདེ་ལེགས་ཕུན་་་གསུམ་་་ཚོག།།༽ རྒྱ་ཆེ་ཞིང་གཏིང་ཟབ་བའི་རྟེན་འབྲེལ་གྱི་མཚོན་རྟགས་༣་པ་འདི་ལྟབུ་བོད་པ་ཚང་ལ་ཡོད་པ་ལས་ཞན་སུ་ལ་ཡོད།། བཀྲིས་བདེ་ལེགས།།།
སྨོན་པ་ཚིག་གསུམ། རྨོངས་དད་ཀྱི་བཤད་ཡམས་ཁ་ལ་ཁྱེར་ཏེ་ཡོད་ཚད་དཀྲུགས་པའི་འགོང་བོའི་སྤྱོད་པ་དེ་ཚོ་མྱུར་དུ་མཚམས་ཆད་པར་ཤོག མདོ་དང་བསྟན་བཅོས་གང་ལའང་མི་མཐུན་པའི་ལོག་འགྲེལ་དང་བོད་ཀྱི་ཕུགས་རྒྱངས་རིང་པོར་གནོད་པའི་བསམ་ངན་སྦྱོར་རྩུབ་དང་བྱ་སྤྱོད་ངན་པ་དེ་དག་མྱུར་དུ་མཚམས་ཆད་པར་ཤོག །
བཙན་བྱོལ་བོད་མི་དམངས་ཉིས་ཁྲི་བརྒྱད་སྟོང་ལྷག་གིས་འོས་འཕེན་གྱི་རྒྱལ་ཁ་ཐོབ་པའི་བཀའ་ཁྲི་གསར་བར་ཆབ་སྲིད་ཀྱི་དབུ་རྨོག་རི་བོ་བཞིན་དུ་བརྟན་པ་དང་ཉི་ཟླ་བཞིན་དུ་གསལ་བར་ཤོག
དྲང་པོར་བཤད་ན། ཁོ་བོ་ལ་ཡང་གོང་གི་ཤར་བའི་རྣམ་རྟོག་དང་གཅིག་མཚུངས་ཤིག་སླེབས་སོང་། ཡང་གཅིག་བཤད་ན། བཀའ་ཁྲིའི་ཁྲི་འདོན་གྱི་ཚེས་གྲངས་དེ་སུས་གཏན་ལ་འབེབས་པ་ཡིན་ནམ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། བོད་གཞུང་། སྤྱི་མཐུས་གྲོས་ཚོགས། ཡང་ན་སུ། ཕྱོགས་གཞན་ནས་བསམ་བློ་བཏང་ན་ང་ཚོ་བོད་མིའི་སྒྲིག་འཛུགས་དེ་རྒྱ་ནག་གཞུང་གི་ཆ་ཤས་ཤིག་ཏུ་འགྱུར་ཟིན་པས། ཚེས་གྲངས་དེ་ཡང་རྒྱའི་ལུགས་སྲོལ་དང་མཐུན་པར་བྱེད་པ་ལ་ཡང་མི་རིགས་པ་ཅང་མེད། འོན་ཀྱང་། དེ་ལྟར་མ་ཡིན་པར་བོད་རིགས་རང་གི་ལུགས་སྲོལ་ལྟར་དུ་བྱེད་དགོས་ན་ཚེས་གྲངས་དེ་ཡག་པོ་འདེམས་མི་འདུག་བསམ་པ་ཞིག་སླེབས་སོང།
ཟིང་སླང་སོང་། ཟིང་སླང་སོང་།
དེ་སྔོན་གཞུང་ས་དགའ་ལྡན་ཕོ་བྲང་གི་བཀའ་བློན་དམ་འབུལ་སྐབས་སུ་བོད་ལུགས་ཀྱི་གཟའ་སྐར་འཕྲོད་སོགས་ལ་བརྟགས་པའི་སྲོལ་བཟང་པོ་ཡོད་པ་བཞིན་ད་ལན་བཀའ་ཁྲི་གསར་པ་མཆོག་ནས་ཀྱང་དེ་ལྟར་གནང་ཐུབ་ན་རང་མི་རིགས་ཀྱི་རིག་གཞུང་གཅེས་འཛིན་པའི་འགན་འཁུར་བ་ཞིག་པའི་མཚན་གནས་རྗེས་འབྲེལ་ཡོང་རྒྱུ་དེ་ལྟར་ཡང་། རྒྱ་ལུགས་ཀྱི་གལ་ཆེར་བརྩི་བའི་དུས་ཚིག་འདི་འདྲ་ཞིག་འདེམས་པ་ནི་ཆུང་ཡ་མཚན་པར་མ་ཟད་དགྲ་གཉེན་གྱི་དགལ་ཟླར་གནས་པའི་དུས་སྐབས་འདིར་བཟང་སྤྱོད་ཀྱི་འགན་ཡང་བཞེས་དགོས་པར་སེམས། སོ་སོའི་མི་རིགས་ལ་རིག་གཞུང་མེད་ན་མི་ནས་དཔེ་ལེན་དགོས་པ་དངོས་བདེན་ཡང་དེ་འདྲའི་ཐབས་སྐྱོ་བོར་ཐུག་མེད། མ་ཟད་བཀའ་ཁྲིའི་དམ་འབུལ་ཉིན་བོད་ནང་གི་བོད་མི་ཚོས་དགའ་སྤྲོའི་རྣམ་འགྱུར་མངོན་ལྐོག་བརྒྱུད་གསུམ་ནས་བསྟན་འགྱུར་ཐེ་ཚོམ་མེད་ཀྱང་། ཚེས་ཆ་དེ་བསམ་ན་ཁོང་ཚོར་ཚོ་སྣང་གང་འདྲ་ཞིག་འབྱུང་ངེས་སམ།
དེ་སྔོན་དགའ་ལྡན་ཕོ་བྲང་གཙོས་པའི་གཞུང་འཛིན་མི་སྣས་གཟའ་སྐར་འཕྲོད་སྦྱོར་དང་ལྷ་ཀླུ་མོ་རྩིས་སོགས་ལ་ཡིད་རྟོན་གྱིས་ལམ་ཁ་དེར་ཕྱིན་ནས་ད་ཆར་སྒང་པ་ཚོ་ས་མཚམས་འདིར་སྐྱེས་པ་རེད།
སྲོལ་བཟང་གིས་འབྲས་བཟང་འདི་བྱུང་བ་དང་། སྲོལ་ངན་གྱིས་འབྲས་ངན་འདི་བྱུང་བས་གཏམ་རྒྱུད་དེ་ངེད་རྣམས་ལ་གྲངས་རིན་མེད།
མཐར་གཏུགས་ནས་ཞུ་ན་དེ་དག་ཡོངས་སུ་རྫོགས་པ་རྟོག་བཏགས་དང་རྣམ་རྟོག་ལས་མ་འདས་པས་རྒྱ་ལུགས་དང་བོད་ལུགས་གང་དུ་སྤྱོད་ཡང་གཞི་རྩ་དེ་རང་རེད།
དྲ་ཐོག་སྐྱོན་གཉུལ་ཙམ་གྱིས་དཔྱད་གཏམ་ཇི་ཙམ་མང་ཡང་འགན་ཁུར་མེད་པས་སྨྲས་བརྗོད་རང་དབང་ཙམ་ལས་མ་འདས་སོ།
བོད་མི་རིགས་འདི་གཟའ་སྐར་འཕྲོད་སྦྱོར་རྩིས་རྒྱུར་དགའ་ཞེན་བླ་ན་མེད་པ་ཞིག་ཡོད་ཀྱང་། ག་དུས་ཡིན་ཡང་བྱ་བ་ལམ་དུ་མི་འགྲོ་བ་དང་བོད་དོན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་འདི་རྒྱུ་འབྲས་ཀྱི་རྟེན་འབྱུང་ཁོ་ནར་ཟད། ད་ཆ་དུས་རབས་ཉེར་གཅིག་འདི་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་བདེན་པ་བདེན་ཐུབ་འཚོལ་དགོས་པ་ལས། ལྷ་འབེབས་པ་དང་མོ་རྒྱག་པ་རྩིས་སྐོར་བ་སོགས་ནི་རྨོངས་དད་རང་མ་གཏོགས་ཅང་ཕན་ནི་མ་རེད་ལ་ནང་པ་སངས་རྒྱས་པའི་ལྟ་གྲུབ་སྨྲ་བ་ཡིན་ན་དེ་ནི་སྤངས་བྱར་བསྟན་ཡོད། རྗེ་མི་ལས། ལྷ་པ་མོ་པ་རྩིས་པ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་པ་གསུམ། ཞེས་གསུང་པ་ལྟར་རོ།
འཇིགས་མེད་ཚེ་རིང་ལགས་ཡི་གེ་ཉུང་ཉུང་བོ་འདི་ཆ་ཚང་ཞིག་ཀློག་དང་རྩོམ་ཡིག་འདི་སུས་བྲིས་དང་གང་ནས་དྲངས་སོགས་གསལ་པོ་མི་འདུག་གམ།
སུ་ཞིག་གིས་ཨང་ཀི་བརྒྱད་པ་ལ་བརྟགས་ཤིང་དཔྱད་ནས་འདིའི་ཐོག་ནས་རྟགས་རྟེན་འབྲེལ་ལེགས་པའི་ནང་དོན་གསར་པ་བཙལ་ཅིང་ཆོག་གི། དེ་ལ་འགལ་བ་གང་ཡང་མེད་ཀི་མོད། མ་ཟད་རྒྱའི་རིག་གནས་བསམ་བློའི་ངོས་འཛིན་དང་རྦད་དེ་ཁ་ཁ་ཞིག་འགྲེལ་ནས་བདམས་ཀ་འདི་བྱས་པ་ལ་དེ་ཙམ་གླེང་རིན་མེད་ཀི་འདོད། འོན་ཀྱང་་རྣམ་པ་ཚོས་མཐོང་གི་མི་འདུག་གམ། བློ་བཟང་སེང་གེས་ཇི་ལྟར་འགྲེལ་འདུག ང་ཆེས་མི་འཐད་ས་ཡང་དེ་ལྟར་འགྲེལ་ནས་དང་དུ་བླངས་པ་དེ་མ་ཡིན་ཡ། གཞན་རྣམ་རྟོག་གིས་སྒྲོ་ག་རེ་བཏགས་ཀྱང་ཁྱད་པར་ཡོད་མི་སྲིད་ན་ཐང་མོད། རྟོག་བཏགས་འདི་འདྲ་ཞིག་གི་རྗེས་སུ་མ་འབྲང་ན་སུ་ཡིན་རུང་ལོས་ཀྱང་དགའ། བློ་བཟང་སེང་གེར་དག་སྣང་ཐོབ་པའི་གསར་བུ་དག་ཀྱང་དགའ་ངེས་རེད། རྟགས་དང་རྟེན་འབྲེལ་ཞིག་ལ་མགོ་འདོགས་བྱས་ན་ནི་རང་གི་རིག་གནས་དང་མི་རིགས་ཀྱིས་བརྩི་སྲིལ་ལྟར་བྱས་ན་བློ་བཟང་སེང་གེའི་སྤོབས་པ་དང་རྒྱབ་རི་བཀན་མོ་ཡིན་ངེས་པའི་བོད་མི་མང་བློ་སེམས་བདེ་ཀི་རེད། འོན་ཀྱང་ངེས་པར་རྟགས་རྟེན་འབྲེལ་ཞིག་ལ་བརྩི་དགོས་པའང་ཡོད་རྒྱུ་མ་རེད་ལ། བློ་བཟང་སེང་གེས་རྟགས་རྟེན་འབྲེལ་སྐད་ཆ་རྙིང་པ་མ་བཤད་ན། རྣམ་པ་ཚོས་གསུངས་པ་ལྟར་རྣམ་རྟོག་གི་སྐད་ཆ་རེད་ཟེར་ནས་ཟུར་དུ་གཡུགས་ན་འགྲིག་པ་ཞིག་རེད། ཡང་གཅིག་བཤད་ན་ད་བར་‚‚གཞུང་ས་དགའ་ལྡན་ཕོ་བྲང་གི་བཀའ་བློན་དམ་འབུལ་སྐབས་སུ་བོད་ལུགས་ཀྱི་གཟའ་སྐར་འཕྲོད་སྦྱོར་སོགས་ལ་བརྟགས་པའི་སྲོལ་‚‚དེད་ནས་ལས་དོན་མ་འགྲུབ་པར་ངོས་འཛིན་བྱས་ཏེ། ད་ནས་བཟུང་རྒྱ་ལུགས་ཀྱི་རྟགས་རྟེན་འབྲེལ་བརྩི་སྲོལ་ལྟར་བྱས་ན་ལས་དོན་འགྲུབ་པར་ཕན་ཐོགས་ཡོང་གི་རེད་དམ། ངས་བལྟས་ན་འགོ་ནས་ནོར་འདུག་སྙམ་པ་ཡིན།
ངས་འདི་ནས་བློ་བཟང་སེང་གེས་དམ་འབུལ་གྱི་དུས་ཚེས་བདམས་སྟངས་འགྲིག་འདུག་ཀྱང་མི་ཁ་ཤས་ཀྱིས་ཆེད་དུ་གོ་སྐབས་བཙལ་ནས་བློ་བཟང་སེང་གེ་ལ་བསྙད་འདོག་གི་ཡོད་པ་རེད་ཟེར་མཁན་དག་ལ་དྲི་ཞིག་འདོན།
འདས་པའི་ལོ་རྒྱུས་ནང་༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཁྲི་འདོན་གྱི་དུས་ཚེས་ལ་དཔེ་ཞིག་འཇོག སྐབས་དེའི་རྒྱལ་ཚབ་དང་སྡེ་སྲིད་དག་གིས་༸གོང་ས་བཅུ་གསུམ་པའི་ཁྲི་འདོན་མཛད་སྒོའི་དུས་ཚེས་དེ་རྒྱ་མི་དག་གི་ངག་རྒྱུན་དུ་ཡོད་པའི་བཤད་སྲོལ་ཞིག་གམ། ཡང་ན་རྒྱའི་བརྩིས་གཞུང་གང་ཞིག་ནས་ལུང་འདྲེན་བྱས་ཏེ། བོད་ལུགས་ཀྱི་མེ་ཆུ་འཕྲོད་པ་(མེ་ཆུ་འཕྲད་པ་འཆི་བའི་སྦྱོར།། འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད།།)ལྟ་བུའི་ངན་པ་ཞིག་ལ་ཁེལ་ཡང་། དབུལ་ལག་ལྟ་བུའི་མཐོང་ན་མི་འདོད་པ་ཞིག་ཁེལ་ཡང་། བོད་རང་གི་བརྩིས་གཞུང་དུ་་་ཉིན་མོ་དེར་‚‚ལས་དང་བྱ་བ་སྤྱི་དང་ཁྱད་པར་གལ་ཆེའི་མདུན་གྲོས་རིགས་མི་རུང་‚‚ཞེས་འཁོད་ཡོད་ཀྱང་། ཐམས་ཅད་སྣང་མེད་དུ་བཞགས་ནས་ཁྲི་འདོན་མཛད་སྒོའི་དུས་ཚེས་དེ་ལྟར་གཏན་འབེབས་བྱས་ཡོད་ན་དེ་རིང་ང་དང་ཁྱོད་ལ་བསམ་ཚུལ་ཅི་ཞིག་ཡོང་གི་རེད། ལོ་རྒྱུས་སྨྲ་བ་ཚོ་དང་ལྷག་པར་དུ་རྒྱའི་ལོ་རྒྱུས་སྨྲ་བ་ཚོས་ལོ་རྒྱུས་ཀྱི་ངོས་ནས་འགྲེལ་བཤད་ཇི་ལྟར་རྒྱག་གི་རེད།
དེ་བཞིན་དུ་མ་འོངས་པའི་མི་རབས་གསར་པ་ཚོས་དེ་རིང་གི་དུས་ཚེས་འདི་དང་འགྲེལ་བཤད་འདི་ལ་བསམ་གཞིགས་ཇི་ལྟར་བྱས་ཀྱང་བློ་བདེ་མོ་ཞིག་ཡོང་མི་སྲིད་པ་གསལ་གསལ་ཐང་ཐང་མ་རེད་དམ།
ང་ཚོ་ལ་དེ་འདྲའི་ལོ་རྒྱུས་ཀྱི་ཉམས་མྱོང་མང་པོ་ཡོད་བཞིན་དུ་ད་དུང་ཟོན་ཙམ་ཡང་མི་བྱེད་པ་ནི་དངོས་གནས་བཤད་མི་ཤེས་པ་ཞིག་རེད།
ཞེན་པ་གཙང་མ་ཞིག་དང་ལོ་རྒྱུས་ཀྱི་ཉམས་མྱོང་དེ་འདྲ་ཞིག་གཞི་ལ་བཞག་ནས་བལྟས་དུས་དངོས་གནས་ཅུང་ཚབས་ཆེན་རང་བཞིན་གྱི་དོན་དག་ཅིག་ཏུ་བསམ་པ་ཁོ་ན་ཡིན་ལགས་ན། གཙོ་བོའི་གཙོ་བོ་དགྲ་དགའ་གཉེན་སྡུག་གི་ལས་སུ་མི་སྐོར་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད་འདོད། བློ་བཟང་སེང་གེ་དང་ཤ་འདྲེས་བག་འདྲེས་སུ་སོང་བའི་གྲོས་ལ་དབང་བ་དག་དང་བློ་བཟང་སེང་གེས་བསྐྱར་དུ་དམ་འབུལ་གྱི་ཉིན་མོ་ལ་བསམ་གཞིགས་གཏོང་རྒྱུ་རེ་བའི་རེ་བ་ཡིན་ལགས།
མ་གཞི་ནོར་འཁྲུལ་ཞིག་ཏུ་མཐོང་གི་ཡོད་མེད་མི་ཤེས་མོད། གལ་སྲིད་ནོར་འཁྲུལ་ཞིག་ཏུ་མཐོང་ན་ནི། ངེས་པར་ནོར་འཁྲུལ་ཡོ་སྲིང་བྱེད་པའི་གོ་སྐབས་དམ་འཛིན་བྱེད་རྒྱུ་ཆེས་ཤིན་ཏུ་ནས་གལ་ཆེ་བར་འདོད། མི་སུ་ཡིན་ཡང་ནོར་འཁྲུལ་འབྱུང་རྒྱུ་ཆོས་ཉིད་ཅིག་ཡིན་ནའང་། ནོར་འཁྲུལ་ལ་ནོར་འཁྲུལ་དུ་ངོས་ལེན་བྱེད་རྒྱུ་དང་། ནོར་འཁྲུལ་ལ་ནོར་འཁྲུལ་དུ་བརྩིས་ནས་ཡོ་སྲིང་བྱེད་རྒྱུ་ནི་བསམ་བློའི་གོ་རྟོགས་ཚད་ངེས་ཅན་ཞིག་ལ་སླེབས་པའི་མི་ཉུང་ཤས་ཤིག་ལ་མ་གཏོགས་མེད་པའི་བསམ་སྤྱོད་ཅིག་ཡིན་སྟབས། དཀའ་ལས་ཁག་ཤོས་ཀྱང་འདི་ཡིན་པ་རེད།
རྒྱ་དམར་ཀླ་ཀློས་ཇི་ལྟར་བཤད་པ་བཞིན་རང་རེའི་བོད་མི་རིགས་ཀྱི་སྲོལ་རྒྱུན་དེ་དག་རྗེས་ལུས་དང་། མུན་ནག་ཏུ་ངོས་འཛིན་ཇི་ལྟར་བྱས་ཀྱང་༧གོང་ས་ཆེན་པོའི་བཀའ་དྲིན་གྱི་འཛམ་གླིང་མི་མང་ནས་བོད་པའི་རིག་གཞུང་ལ་རྩི་བཀུར་དང་གུས་པའི་ཆེ་བསྟོད་བཞུན་བཞིན་པ་དེ་ལྟར་ཡང་། བློ་སེང་་ནས་སོ་སོའི་རིག་གཞུང་འདིར་ཉམས་མྱོང་མེད་པའི་དབང་གིས་བློན་པོ་ཆུ་སྣ་གང་འདྲེན་གྱི་ལམ་དུ་སོང་ནས་རྗེས་ལུས་སུ་ངོས་འཛིན་བྱས་ཀྱང་བསྟན་དགྲ་རྒྱ་མིའི་སྐར་རྩིས་ལ་བརྩི་དགོས་གང་ཡིན་ནམ། ནམ། ནམ། ནམ། ནམ།་བདེན་པའི་ལན་གཅིག་ཡོད་ན་གནང་བར་ཞུ།
རྒྱ་དམར་ཀླ་ཀློས་ཇི་ལྟར་བཤད་པ་བཞིན་རང་རེའི་བོད་མི་རིགས་ཀྱི་སྲོལ་རྒྱུན་དེ་དག་རྗེས་ལུས་དང་། མུན་ནག་ཏུ་ངོས་འཛིན་ཇི་ལྟར་བྱས་ཀྱང་༧གོང་ས་ཆེན་པོའི་བཀའ་དྲིན་གྱི་འཛམ་གླིང་མི་མང་ནས་བོད་པའི་རིག་གཞུང་ལ་རྩི་བཀུར་དང་གུས་པའི་ཆེ་བསྟོད་བཞུན་བཞིན་པ་དེ་ལྟར་ཡང་། བློ་སེང་་ནས་སོ་སོའི་རིག་གཞུང་འདིར་ཉམས་མྱོང་མེད་པའི་དབང་གིས་བློན་པོ་ཆུ་སྣ་གང་འདྲེན་གྱི་ལམ་དུ་སོང་ནས་རྗེས་ལུས་སུ་ངོས་འཛིན་བྱས་ཀྱང་བསྟན་དགྲ་རྒྱ་མིའི་སྐར་རྩིས་ལ་བརྩི་དགོས་གང་ཡིན་ནམ། ནམ། ནམ། ནམ། ནམ།་བདེན་པའི་ལན་གཅིག་ཡོད་ན་གནང་བར་ཞུ། ངས་དེ་ལྟར་ལབ་དགོས་པ་ནི་བསྟན་དགྲ་རྒྱ་དམར་དེ་ང་ཚོའོ་ཕ་བསོད་ལག་དམར་པ་ཡིན་པས་སོ།
ཨང་ཀི་བརྒྱད་ཀྱིས་སྟུ་དང་བཤང་ལམ་གཉིས་མཚོན་པ་འཛམ་གླིང་ཡོངས་གྲགས་རེད། གཞན་པ་ཅང་མི་ཤེས།
ང་ཚོའི་ཕ་ཡུལ་དུ་བརྒྱད་རྒྱལ་མཚན་མགོ་ལ་ཉི་མ་ཤར་ཟེར་བ་དང་། དགུ་ཟོར་དཔུང་བ་གྲིས་མི་ཆོད་ཟེར་བ་སོགས་ཡོད་པས། ཚེས་གྲངས་འདི་མཐའ་གཅིག་ཏུ་རྒྱ་ལུགས་རེད་ཟེར་དཀའ།
གང་ལྟར་བློ་བཟང་སེང་གེའི་ཅོལ་ཆུང་གཡམ་རྒྱུགས་ཀྱི་སྐད་ཆ་དེས་མི་མང་པོ་ཞིག་སེམས་མ་སྐྱིད་པ་བཟོས་ཡོད་པ་གསལ་པོ་རེད། འདི་ལྟར་བཤད་དོན་ཁོ་ལ་ཆེད་དུ་སྡང་ཟུག་བྱས་པ་མེད། གལ་སྲིད་ཁོའི་ལས་དོན་ལམ་ལྷོང་མ་བྱུང་ན་གྱོང་བོད་མི་རིགས་ལ་རག་གི་ཡོད་པ་རེད། སོང་ཙང་། རྗེས་མར་ཐུགས་རྗེ་གཟིགས་གང་ཅིའི་ཐད་སྒམ་པོ་ཞིག་དང་ལ་རྒྱ་ཡོད་པ་ཞིག་གནང་རོགས། དེ་མིན་གོང་དུ་བོན་རྒྱ་བསྟན་འཛིན་རབ་རྒྱས་སོགས་ཀྱིས་མང་པོ་ཞིག་ཤོད་པ་ནི། སྐབས་དོན་དང་འབྲེལ་མེད་དོན་གཞན་རང་རེད། སྤྱིར་ཨང་གི་བརྒྱད་པར་མཚོན་དོན་འདྲ་མིན་སྣ་ཚོགས་ལོས་ཡོད། དེ་ཡང་མི་རིགས་མ་འདྲ་བར་སྣ་ཚོགས་ཡོད་པ་རེད། འོན་ཀྱང་ང་ཚོའི་བཀའ་ཁྲི་མཆོག་གིས། པཱ་པཱ་ཅུའུ་ཅུའུ་རྒྱ་ལུགས་ལྟར་ན་ཕྱུག་པོ་རིང་པོའི་མཚཽན་དོན་རེད། དེ་ཡག་པོ་ཡིན་ཙང་བདམས་པ་ཡིན་ཟེར་གྱི་ཡོད་པ་རེད། བསམ་བློ་གཟུར་གནས་ཀྱིས་ཐོངས་དང། འདི་ལ་དོན་སྙིང་གང་འདྲ་འདུག
ཨང་ཀི་8’ པ་ནི་གྲངས་ཀ་བརྒྱད་ཡིན་ནམ།
དེ་ཡིན་ན་ལྟས་ངས་མ་ཡིན་ཏེ།
ས་པདྨ་མ་འདབ་8”
གནམ་འཁོར་ལོ་རྩེ་8’
ལོགས་ བཀྲ་ཤིས་རྟགས་8’
བཀྲ་ཤིས་རྫས་8’
ཉེ་བའི་སྲས་ཆེན་8’
གུ་རུ་མཚན་8’
བསྟན་པ་སྐྱོང་བའི་ལྷ་སྲིན་སྡེ་8’
དལ་བ་8’
ནོར་ལྷ་8’
ནོར་ལྷའི་བུ་8’
སྤྲུལ་པའི་སྲས་8’
འཕགས་ལམ་ཡན་ལག་8’
སྨན་བླ་མཆེད་8’
ཞུགས་གནས་8’
ཡན་ལག་8’ལྡན་གྱི་ཆུ་བོ།
རིག་གྲོལ་ཡོན་ཏན་8’
ས་སྐྱའི་མངའ་བདག་རིམ་བྱོན་8’
བཀའ་བརྒྱུད་ཆུང་8’
ཐེག་དམན་ས་8’
བསྙེན་གནས་ཡན་ལག་8’
འདི་དག་ལ་བལྟས་ན་ཨང་གྲངས་བརྒྱད་འདི་ལྟས་ངན་རེད་ལབ་ན་བོད་ཀྱི་རིག་གཞུང་ལ་ཁྱད་གསོད་སུས་བྱེད་ཀྱི་འདུག་བལྟས་པས་ཤེས་སོ།།
སྤྱིར་གྲངས་ཀ་བརྒྱད་བདམས་པར་སྐྱོན་མེད་མོད།་བློ་བཟང་སེང་གེ་མཆོག་གིས་གྲངས་ཀ་བརྒྱད་དེ་བརྒྱད་ཀ་ཡར་དར་ཞེས་བོད་མི་རིགས་ཀྱིས་འདུ་ཤེས་དང་སྦྱར་ནས་འགྲེལ་བཤད་མ་བརྒྱབ་པར།་རྒྱ་མིའི་རིག་གཞུང་དང་འདུ་ཤེས་ལ་སྦྱར་བ་ནི་ཧ་ཅང་བློ་ཕམ་ཞིག་དང།་མི་རིགས་ཀྱི་ལ་ཞེན་དང།་རིག་གཞུང་ལ་ངོས་འཛིན་སྐྱོ་དྲགས་པའི་གནས་སྟངས་ཤིག་རེད།་སྤྱིར་བཀའ་ཁྲི་རྙིང་པ་ཟམ་གདོང་རིན་པོ་ཆེས་རླབས་ཆེན་གྱི་ཕྱག་ལས་མང་དག་ཅིག་གནང་ཡང།་བློ་ཕམ་པ་ཞིག་ལ་རྒྱ་མི་རིགས་ལ་ངོ་སྲུང་བསྟུན་མཁས་བྱས་དྲགས་པས།་ཕྱོགས་མང་པོ་ནས་བོད་ཀྱི་འཐབ་རྩོད་དང་རིགས་ཞེན་ལ་དོ་ཕོག་རིམ་པར་བྱུང་བ་བཞིན།་བློ་སེང་མཆོག་གིས་ཀྱང་གོམ་པ་དང་པོ་ནས་ནོར་འཁྲུལ་དེའི་ཕྱོགས་སུ་སྤོ་འགོ་བཙུགས་པ་བློ་ཚབས་ཀྱི་གཞི་དང།་ལྷག་པར་ཚེས་བརྒྱད་ཉིན་བོད་ཀྱི་ལོ་ཐོའི་ཐོག་འཕྲོད་དང་གཟའ་སྐར་མི་ལེགས་པས།་དེ་ཉིན་དམ་འབུལ་གནང་བ་ནི།་བཀའ་ཤག་གསར་རྙིང་གིས་རྒྱུ་མཚན་གང་ལ་གཟིགས་ཡོད་དམ།
ང་ཚོས་རང་རང་ས་ནས་གོ་དོན་རེ་དཔེར་བརྗོད་རེ་བཞག་པས་མི་ཕན་གི བློ་བཟང་སེངྒེ་ནས་བོད་ལ་གོ་དོན་དེ་འདྲ་ཡོད་པ་ཨང་གྲངས་དེ་འདམ་པ་ཡིན་ཅེས་མ་བཤད་པར། ཀྲུང་གོ་ལ་དེ་འདྲ་ཡོད་པ་རེད་ཟེར་ནས་འདམ་པ་དང་། ཁྱད་པར་ཀྲུང་གོའི་ཨོ་ལེན་ཕེཀ་ཡིན་ན་ཅིག་གི་ཉིན་མོ་འདམ་པ་ཡིན་ཟེར་ནས་བཤད་པ་རེད་ཟེར། བཙན་བྱོལ་སྤྱི་ཚོགས་ནང་དུ་རྒྱ་ནག་ཏུ་ཨོ་ལེན་ཕེཀ་རྩེ་པ་དེ་དོན་ལ་གནས་པ་མ་རེད་ཟེར་ནས་ངོ་ལོག་བྱས། བོད་ལ་རང་དབང་མི་འདུག་ཟེར་ནས་ངོ་ལོ་བྱས་བྱས་ཚང་མ། ད་ཐེངས་གི་བློ་སེང་གི་བྱེད་སྟངས་འདིས་ང་ཚོ་ནོར་བ་རེད་ཟེར་ནས་མ་དྲིས་པར་ངོས་ལེན་བྱས་པ་ཞིག་རེད།
ད་དུང་གད་མོ་ཤོར་དགོས་པ་ནི། བོད་སྐད་ཤེས་པ་དེ་མ་བཤད། དབྱིན་ཇི་ཤེས་པ་དེ་མ་བཤད། རྒྱ་སྐད་མི་ཤེས་པ་དེའི་སྟེང་ན་པྰ་པྰ་ཅོའོ་ཅོའོ་སོགས་གོ་ན་ངོ་ཚ་ནས་འབར་འགྲོ་རུང་། ཁོང་ལ་ངོ་ཚ་རྒྱུ་ནི་ཡོད་མི་སྲིད། ངོ་ཚ་རྒྱུ་ཡོད་ན་འོས་ཤོག་ཐོབ་པ་དང་ལྷན་དུ་ད་ལྟའི་བར་དུ་བརྒྱུད་ཡོང་པའི་བོད་གཞུང་ལ་རྫོགས་ཚིག་འབྲི་མི་སྲིད། ལྟད་མོ་མང་པོ་རྗེས་ནས་སྟོན་རྒྱུ་རེད། སྐུབ་སྟེགས་སྟེང་དུ་མ་བསྡད་པའི་སྔོན་ནས་ལྟད་མོ་མང་པོ་བསྟན་ཚར་སོང་།
མཆན་བུ་ཚོའི་བཤད་ཀྱི་མེད་ནོ་དང་རྩོད་ཀྱི་མེད་ནོ་རྩོད་ཀོ་ཀི དེང་རབས་གསར་བའི་འགྲོ་ལུགས་དང་བསྟུན་ན་ལས་དོན་བསྒྲུབ་པར་དུས་ཚེས་ཡག་ཉེས་ལ་ཁྱད་པར་གང་ཡང་མེད་ནའང་། སྲིད་སྐྱོང་བས་སྐབས་འདིར་རྒྱ་སྐད་ཆལ་མ་ཆོལ་ཅིག་བརྒྱབས་ནས་འགྲེལ་སྟངས་དེ་ཡང་ཨ་ཞང་ཚང་ལ་ལད་བཟླས་བྱས་པ་ཡག་པོ་རེ་མཐོང་མ་སོང་ལ། ད་ནི་སྲིད་སྐྱོང་བ་ཡིན་ན་འདྲ་ལ་མཆན་བུ་ཚོ་ཡིན་ནའང་འདྲ། གང་ལྟར་རྟགས་རྟེན་འབྲེལ་བཀོལ་ནས་ལས་དོན་བསྒྲུབ་པའི་དུས་ཚོད་ཅིག་ཡེ་ནས་མ་རེད།
བཀའ་ཁྲིའི་དམ་འབུལ་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ལ་གནང་བ་དེ་བོད་པའི་རིག་གཞུང་གི་ཞག་རྩི་མེད་པ་དང་བཀྲ་མི་ཤིས་པའི་དུས་ཡིན་པར་སྨྲ་བ་དག་ཉོན་ཅིག ཁྱོད་ཚོ་བོད་པའི་རིག་གཞུང་ལ་དུང་བ་ཡོད་པ་ནི་དགའ་འོས་མོད་དེ། སྐབས་འདིར་བོད་ལུགས་ཀྱི་དབང་དུ་བྱས་ན་༨༨།༩༩༩།མིན་པར་བོད་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ་ཁེལ་ཡོད། དུས་དེ་ནི་སྐྱེ་འགྲོ་སྤྱི་དང་ལྷག་པར་གངས་ཅན་པར་བཀའ་དྲིན་ཆེ་བའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོའི་ནང་དུ་ཕའི་རྒྱུ་དང་མའི་རྐྱེན་ལ་མ་ལྟོས་པར་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་མེ་ཏོག་པདྨའི་སྙིང་པོར་རྫུས་ཏེ་སྐྱེས་པའི་འཁྲུངས་སྐར་དང་མཉམ་དུ་ཁེལ་ཡོད་སྟབས་ཧ་ཅང་གི་རྟགས་དང་རྟེན་འབྲེལ་མ་བསྒྲིག་རང་འགྲིགས་ཡིན་པས་ཐུགས་ལྷོད་ལྷོད་གནང་རོགས་ཞུ།
ཚིག་ཤོར་ན་འཛིན་ཐབས་མེད། རྟ་ཤོར་ན་འཛིན་ཐབས་ཡོད། ཅེས་པའི་གཏམ་དཔེའི་ནང་ལ་ཡོད་པའི་གཏན་ཚིགས་དང་གནས་ལུགས་དེ་གསལ་པོ་ཤེས་ན་་་་་་་་་་་་་་
གོང་གི་མཆན་ ༣༧ པས་(མིང་ཡག་པོ་ཤེས་མ་སོང་།)གསུངས་པ་ལྟར། སྤྱི་ཟླ་ ༨ ཚེས་ ༨ དེ་བོད་ཟླ་ ༦ ཚེས ༡༠ གཟའ་ཚེས་དགེ་བའི་ཉིན་ཞིག་ལ་འཁེལ་འདུག་པས་ཚང་མས་སེམས་ཁྲལ་བྱ་དགོས་དོན་མེད། མཆན་འབྲི་བ་མང་པོ་ཞིག་གིས་སྤྱི་ཟླ་དང་བོད་ཟླ་ནོར་ནས་གང་བྱུང་བཤད་པ་ནི་ཡིད་གཟབ་མ་བྱས་པའི་སྐྱོན་དུ་མངོན། ཡིན་ཡང་བཀའ་ཁྲི་ཁོང་གིས་གསུང་སྟངས་དེ་རྩེད་མོ་དང་སྦྲགས་ནས་ཡིན་ན་ལས་གཞན་བྱབ་ཆུང་ལྟ་བུ་རེད་འདུག
གོང་གི་མཆན་༣༧ པས་གསུངས་པ་ལྟར(མིང་འབྲི་ཤེས་མ་སོང་།) སྤྱི་ཟླ་ ༨ ཚེས་ ༨ དེ་བོད་ཟླ་ ༦ ཚེས་༡༠ གཟའ་སྐར་དགེ་བའི་ཉིན་ཞིག་ལ་འཁེལ་འདུག་པས་ཚང་མས་སེམས་ཁྲལ་བྱ་དགོས་དོན་མེད། གོང་གི་མཆན་འབྲི་བ་གང་མང་ཞིག་གིས་སྤྱི་ཚེས་དང་བོད་ཚེས་ནོར་འདུག་པ་ནི་ཡིད་གཟབ་མ་བྱས་པའི་སྐྱོན་དུ་མངོན། ཡིན་ན་ཡང་བཀའ་ཁྲི་ཁོང་གི་གསུང་བཤད་དེ་རྩེད་མོ་དང་སྦྲགས་ནས་ཡིན་ན་ལས་གཞན་བྱབ་ཆུང་ལྟ་བུ་རེད་འདུག
བསོད་ནམ་ལགས་བོད་ཀྱི་ལོ་ཐོ་ལ་གཟིགས་ཞིབ་ཞིག་གནང་དང་། དེའི་ཉིན་འཕྲོད་སྦྱོར་མེ་ཆུ་དང་དབུལ་ལག་འཁེལ་བས་བྱ་བ་ཆེ་ཆུང་གང་ཡིན་ཀྱང་འཛེམས། མ་ཞི་ཉིད་ཀྱིས་བཤད་པ་ལྟར་བཀའ་བློན་ཁོང་གིས་སྐུ་རྩེ་གནང་ས་བོད་བསྟན་པ་ཆབ་སྲིད་ཡིན་ན་ཞེ་སྣང་མ་རེད་དམ།
བཀའ་ཁྲིའི་དམ་འབུལ་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ལ་གནང་བ་དེ་བོད་པའི་རིག་གཞུང་དང་མཐུན་པ་བློ་བཟང་སེངྒེ་ཉིད་ཀྱིས་ཕ་མེས་རྒྱུད་པའི་ལྷ་དང་བླ་མའི་སྐལ་བ་ནམ་རྒྱུན་གསོལ་བ་འདེབས་སའི་བླ་མ་དང་ལྷག་པའི་ལྷ་མཆོག་ཨོ་རྒྱན་གུ་རུ་རིན་པོ་ཆེའི་འཁྲུངས་སྐར་ལ་གཏན་ཁེལ་བཞག །རྟེན་འབྲེལ་མ་བསྒྲིག་རང་འགྲིགས་རེད་ཡ། བོད་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤ་པདྨའི་སྦུབས་ལས་འཁྲུངས་ཞེས་པ་དེ་དྲན་པ་གྱིས་ཞིག བོན་རྒྱ་རྐུབ་ཚ་བ་ཡང་དེ་འདྲ་ཡིན་མིན་འགྲོ། གངས་སེང་འབུམ་རམ་པ་རྒྱལ་ལོ། །ཁྱོད་ཚོ་བོད་པའི་རིག་གཞུང་ལ་དུང་བ་ཡོད་པ་ནི་དགའ་འོས་པ་རེདད། སྐབས་འདིར་བོད་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ་ཁེལ་ཡོད། དུས་དེ་ནི་སྐྱེ་འགྲོ་སྤྱི་དང་ལྷག་པར་གངས་ཅན་པར་བཀའ་དྲིན་ཆེ་བའི་སློབ་དཔོན་དྲིན་པོ་ཆེ་པདྨ་འབྱུང་གནས་མཆོག་ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོའི་ནང་དུ་ཕའི་རྒྱུ་དང་མའི་རྐྱེན་ལ་མ་ལྟོས་པར་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་མེ་ཏོག་པདྨའི་སྙིང་པོར་རྫུས་ཏེ་སྐྱེས་པའི་འཁྲུངས་སྐར་དང་མཉམ་དུ་ཁེལ་ཡོད་སྟབས་ཧ་ཅང་གི་རྟགས་དང་རྟེན་འབྲེལ་མ་བསྒྲིག་རང་འགྲིགས་ཡིན་པས་དགའ་འོས་པ་ཞིག་མིན་ནམ། །